དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་སྙིང་པོ་གསལ་བ།

༼པ༽

༄༅། །དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །ཁྱབ་བདག་གཉིས་མེད་བདེ་ཆེན་རྟག་པའི་སྐུ། །ཡེ་ཤེས་སྒྱུ་མའི་སྤྲུལ་པ་རྣམ་འཕྲུལ་བ། །ཀྱེ་ཡི་རྡོ་རྗེ་དཔལ་མགོན་ཕྱག་འཚལ་ནས། །བདག་ཉིད་འཇུག་པའི་རིམ་པ་འདིར་བཤད་བྱ། །ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཐབས་ཀྱི་གཙོ་བོ་དབང་ཉིད་ཡིན་ལ། དེ་གོམས་ཤིང་ཡེ་ཤེས་གསལ་བར་མངོན་དུ་བྱ་བའི་ཕྱིར་དབང་བསྐུར་བ་ཡང་ནས་ཡང་དུ་བླང་བར་བྱའོ། །དེ་ཡང་བླང་བའི་ཡུལ། བླ་མ་མཚན་ཉིད་དང་ལྡན་པ་ལས་ལེན་པའམ། ཡང་ན་རང་གིས་བླང་བར་བྱའོ། །དེའི་ཆོ་ག་ནི་བསྙེན་པ་སྔོན་དུ་སོང་བས། ཡིད་དང་མཐུན་པའི་ས་ཕྱོགས་སུ་དཀྱིལ་འཁོར་གྱི་ས་བསླང་བའི་ཆོ་ག་བྱའོ། །དེ་ཡང་མཎྜལ་ཁྲུ་གང་པ་ལ་བ་བྱུང་ལྔ་དང་དྲི་བཟང་པོས་བྱུགས་པའི་མདུན་དུ། ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། ནང་གི་མཆོད་པ་དང་གཏོར་མ་གཉིས་བཤམས་ལ། རང་གི་མངོན་པར་རྟོགས་པ་རྒྱས་པ་བསྒོམས་ལ། བཟླས་པ་ཅི་རིགས་པ་བྱས་ནས་ཕྱག་གཉིས་པའི་རྣལ་འབྱོར་དུ་བསྡུས་ལ། མཆོད་པ་བྱིན་གྱིས་བརླབས་ནས། མཎྜལ་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད་ནས། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཞེས་བརྗོད་ལ་ཚོམ་བུ་དེ་ཉིད་སྐད་ཅིག་གིས་པདྨ་དང་ཟླ་བའི་སྟེང་དུ། སའི་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་ཐུགས་ཀར་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང༌། དར་གྱི་ན་བཟས་ཀླུབས་པ། ཞི་བའི་ཚུལ་ཅན་དུ་བསྐྱེད་ལ་དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམས་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་མདུན་དུ་བྱོན་པར་བསམ་ཞིང༌། ཨརྒྷཾ་པཱ་དྱཾ་ལ་སོགས་པས་མཆོད། ཡང་རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་བཞིས་རིམ་པ་བཞིན་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་བསྟིམ་པར་བསམས་ནས། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཞེས་ཀུན་ལ་སྦྱར་ལ། གཽ་རཱི་ཨཱ་ཀརྵ་ཡ་ཛཿཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། བེ་ཏཱ་ལཱི་བནྡྷ་བཾ། གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ། ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་རིགས་ལྔ་སྤྱན་དྲངས་ལ། ཨརྒྷཾ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་དབང་གི་ལྷས་བུམ་པའི་ཆུས་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསྒོམ། དེ་ནས་མདུན་དུ་བཟེད་ཞལ་བཞག་ལ་མཆོད་པ་རྣམས་ཀྱིས་རིམ་པ་བཞིན་མཆོད་པར་བསམ་ཞིང༌། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཞེས་ཀུན་ལ་སྦྱར་ལ། ནི་ཝི་ཏི་ཨཱཿཧཱུྃ་ཞབས་བསིལ། ནི་ཝི་ཏི་ཨཱཿཧཱུྃ་གིས་ཞལ་བསིལ། སརྦ་སཾ་ཤོ་དྷ་ནེ་སྭཱ་ཧཱས་འཐོར་འཐུང༌། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ། ཨོཾ་བཛྲ་པུཥྤེ་ལ་སོགས་པས་མེ་ཏོག་ལ་སོགས་པ་ནས་རོལ་མོའི་བར་དུ་དབུལ། ནང་གི་མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿཧཱུྃ་གིས་དབུལ། དེ་ནས་གཏོར་མ་གཉིས་སྦྱངས་ནས། དང་པོ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས། སའི་ལྷ་མོ་གསོལ་བར་བསམ་ཞིང༌། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ལ་སོགས་པས་དབུལ། མཆོད་པ་ལྔས་མཆོད་ནས་ས་བསླང་བའི་བསམ་པ་དང་ལྡན་པས། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་དོན་དུ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་བཞེངས་ནས་བདག་ཉིད་འཇུག་པའི་སླད་དུ། སའི་ཕྱོགས་འདི་བསླངས་བར་འཚལ་ན། ཐུགས་བརྩེ་བར་དགོངས་ནས་སའི་ཕྱོགས་འདི་གནང་ཞིང་རྗེས་སུ་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ཀྱི་བུ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་རྗེས་སུ་གནང་བ་བྱིན་པར་བསམ། དེ་ནས་གཏོར་མ་གཉིས་པ་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་བྱེ་བྲག་གི་སའི་བདག་པོ་བཀུག་ནས་ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་བྱིན་ནས། བདག་གིས་སའི་ཕྱོགས་འདིར་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་བཞེངས་ཀྱི། སའི་བདག་པོ་ཐམས་ཅད་ཀྱིས་སའི་ཕྱོགས་འདི་བདག་ལ་བྱིན་ཅིག་ཅེས་ལན་གསུམ་བརྗོད་ནས་ཞི་བས་བསླངས་ལ། ནག་པོའི་རིགས་ཀྱི་བགེགས་རྣམས་ལ་དྲག་ཤུལ་གྱི་སྒོ་ནས་བསླང་བའི་དོན་དུ་བགེགས་རྣམས་བསྐྲད་པའི་བསམ་པས། ཧཱུྃ་ས་ཕྱོགས་འདིར་ནི་སློབ་དཔོན་བདག །དཀྱིལ་འཁོར་རྒྱལ་པོ་ཀྱེའི་རྡོ་རྗེ། །བཞེངས་ཀྱིས་འདི་ན་གནས་པའི་བགེགས། །འདི་ནས་གཞན་དུ་འགྲོ་བར་གྱིས། །ཞེས་ལན་གསུམ་བརྗོད་ནས། ཨཥྚ་ལ་སོགས་པ་དྲག་པོའི་སྔགས་མང་དུ་བརྗོད་ལ་བགེགས་བསྐྲད་དོ། །དེ་ནས་ཨོཾ་པྲི་ཐི་ཝཱི་དེ་ཝཱི་བཛྲ་མུཿཞེས་བརྗོད་ལ་སའི་ལྷ་མོ་གཤེགས་སུ་གསོལ། མེ་ཏོག་གི་ཚོམ་བུ་དང་མཆོད་གཏོར་རྣམས་བསྡུའོ། །དེ་ལྟར་བསླངས་ནས་ས་ཕྱོགས་སྙོམས་ཤིང་བྱི་དོར་ལེགས་པར་བྱས་ནས་བ་བྱུང་དང་དྲི་བཟང་པོའི་ཆུས་ལེགས་པར་བྱུག་གོ །དེ་ནས་དབུས་ནས་རིམ་པ་བཞིན་ཕྱོགས་ཀུན་དུ་ལག་པ་གཉིས་བཞག་ལ་སའི་མ་དག་པ་ཐམས་ཅད་སྦྱང་བར་བསམ་ཞིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཡང་ཡང་བརྗོད། ཡང་ལག་པས་མནན་ཞིང༌། ས་ཕྱོགས་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་ཞིང༌། ཨོཾ་བྷུ་ཁཾ་ཞེས་ཡང་ཡང་བརྗོད་དོ། །དེ་ལྟར་སྦྱངས་པའི་སའི་སྟེང་དུ་རང་འདུག་ལ་སྲུང་བའི་འཁོར་ལོ་རྒྱས་པར་བསྒོམས་ནས། དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་ལ་སྲུང་བའི་འཁོར་ལོ་མི་བསྡུ་བར་བྱའོ། །དེ་ནས་སྟ་གོན་བྱ་བའི་དོན་དུ། གནས་ཁང་བརྒྱན་ནས་དཀྱིལ་འཁོར་གྱི་དབུས་སུ་བའི་ལྕི་བ་ཆུ་འོ་མ་ཞོ་མར་ཏེ་བ་བྱུང་ལྔ་དང༌། དྲི་བཟང་པོ་དང་བདུད་རྩིའི་རིལ་བུ་སྦྱར་བས་གྲུ་བཞིར་བྱུགས་པའི་མཐའ་མར་མཆོད་པ་རྣམས་ཀྱིས་བསྐོར། ནང་མཆོད་དང་གཏོར་མ་ལྔ་བཤམ། བུམ་པ་མཛེས་ཤིང་གཙང་བ་གཉིས་མགུལ་ཆིངས་དང་ཁ་རྒྱན་བྱས་ལ། གུ་གུལ་གྱི་དུད་པས་བདུག ཡུངས་ཀར་གྱིས་བྲབ་ཅིང༌། ཨ་མྲྀ་ཏའི་སྔགས་བརྗོད་ལ་མ་དག་པ་བསང༌། གསེར། དངུལ། མུ་ཏིག བྱི་རུ། མུ་མེན་ཏེ་རིན་པོ་ཆེ་ལྔ། བྲི་ཧ་ཏི། ཨ་པ་ར་ཙི་ཏ། བྱ་གྲ། ཀཎྜ་ཀ་རི། ཧ་ས་དེ་བ་སྟེ་སྨན་ལྔ། འབྲས། ནས། གྲོ། སྲན་མ། ཏིལ་ཏེ་འབྲུ་ལྔ། ག་པུར། གུར་གུམ། ཛཱ་ཏི། ཙནྡན་དཀར་དམར་ཏེ་དྲི་ལྔ། འོ་མ། མར། བུ་རམ། སྦྲང་རྩི། ལན་ཚྭ་སྟེ་སྙིང་པོ་ལྔ། བདུད་རྩི་རིལ་བུ་སྟེ་བཅུད་དེ་རྣམས་དང་བཅས་པའི་ཆུས་བཀང་ལ་གོས་གཙང་མའི་གཞི་དང་བཅས་པ་རང་གི་ཉེ་འཁོར་དུ་བཞག ལྷའི་མཚན་མ་གདགས། རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་དུང་ཆོས་སམ། ཐོད་པ་བུམ་ཆུས་བཀང་པ་བཞག་ལ། རྡོ་རྗེ་ལ་གཟུངས་ཐག་བཏགས་པ་དེའི་སྟེང་དུ་བཞག དེ་ནས་ཕྱི་དྲོའི་དུས་སུ་རང་དཀྱིལ་འཁོར་གྱི་ཤར་དུ་འདུག སྒྲུབ་པའི་གྲོགས་རྣམས་ཀྱང་གྲལ་རིམ་གྱིས་འདུག་ལ། སྔོན་དུ་འགྲོ་བའི་གཏོར་མ་མཁའ་འགྲོ་སྤྱིའི་གཏོར་མས་འབྱུང་པོའི་ཚོགས་རྣམས་ལ་བསྔོས་ལ། དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་བར་ཆད་མི་འབྱུང་བར་གསོལ་བ་གདབ། དེ་ནས་གཏོར་མ་གཏང༌། མགྲོན་གཤེགས་སུ་གསོལ། གནས་དང་ཡོ་བྱད་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་དྷརྨ་ར་ཎའི་སྔགས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། དེ་ནས་ལས་ཀྱི་སློབ་མས་ཞུ་འབུལ་ནས་བརྩམས་ཏེ། བཟླས་པའི་བར་གྱིས་བདག་བསྐྱེད་དང༌། མཆོད་པ་བྱིན་གྱིས་བརླབ་པའི་བར་ཚོགས་ཀྱི་འཁོར་ལོ་དང་འདྲ་བར་བྱས། དེ་ནས་རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་བསྡུས་ལ། དཀྱིལ་འཁོར་གྱི་དབུས་སུ་སའི་ལྷ་མོ་སྟ་གོན་དུ་གནས་པའི་ཆོ་ག་བྱ་སྟེ། སའི་ཆོ་གའི་སྐབས་དང་འདྲའོ། །དེའི་རྗེས་ལ་ལྷ་སྟ་གོན་དུ་གནས་པའི་ཆོ་ག་ནི། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཆུ་བདུད་རྩི་རིལ་བུ་དང་བསྲེས་པ་བླུགས་ལ་ལག་པ་གཡས་པས་མནན་ནས། ས་ཕྱོགས་དེ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྐྱེད་ནས། ཧཱུྃ་ལས་འོད་འཕྲོས་པས་འོག་རྡོ་རྗེའི་ས་གཞིར་གྱུར་པར་བསམས་ལ་དབང་ལྡན་ནས་བརྩམས་ཏེ་གྲུ་བཞིར་བྱུག་ཅིང༌། ཨོཾ་མེ་དེ་ནྲཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཡང་འོད་ཟེར་འཕྲོས་པས་རྡོ་རྗེའི་རྭ་བ་བླ་རེ། ཡེ་ཤེས་ཀྱི་མེ་འབར་བར་གྱུར་པར་བསམས་ལ་ཕྱོགས་ཀུན་ཏུ་བྱུག་ཅིང༌། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་ནས། ལག་པ་མ་བཏེག་པར་མེ་ཏོག་དོར་རོ། །དེ་ནས་སྲུང་བའི་འཁོར་ལོའི་ནང་དུ། གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་མངོན་རྟོགས་དང་འདྲ་ལ། གདན་རྣམས་བསྒོམ་ཞིང་དྲིའི་ཐིག་ལེ་རེ་བྱ། ལག་པ་མ་བཏེག་པར་མེ་ཏོག་རེ་བཞག དེ་ཡང་དབུས་ཀྱི་གྲུ་བཞི། གཞན་མ་རྣམས་ཟླུམ་པོར་བྱའོ། །དེ་ནས་དབུས་སུ་མེ་ཏོག་ཚོམ་བུ་བཀོད་ལ། ཧཱུྃ་ཤྲཱི་ཧེ་རུ་ཀཱ་ཡ་ན་མཿ ཞེས་བརྗོད་ལ་སྐད་ཅིག་གིས་བཅོམ་ལྡན་འདས་བསྐྱེད། ཡང་མེ་ཏོག་བསྣན་ནས། ནཾ་བཛྲ་ནཻ་རཱཏྨྱཱ་ཡཻ་ན་མཿ ཞེས་བརྗོད་ལ་ཡུམ་བསྐྱེད། དེ་ནས་ཤར་ནས་རིམ་པ་བཞིན་མེ་ཏོག་ཚོམ་བུ་བཀོད་ཅིང༌། གཾ་བཛྲ་གཽ་རྻཻ་ན་མཿ ཙཾ་བཛྲ་ཙཽ་རྻཻ་ན་མཿ བཾ་བཛྲ་བེ་ཏཱ་ལྱཻ་ན་མཿ གྷཾ་བཛྲ་གྷསྨ་རྻཻ་ན་མཿ པཾ་བཛྲ་པུཀྐ་སྱཻ་ན་མཿ ཤཾ་བཛྲ་ཤ་བ་རྻཻ་ན་མཿ ལཾ་བཛྲ་ཙཎྜཱ་ལྱཻ་ན་མཿ ཌཾ་བཛྲ་ཌོཾ་བི་ནྱཻ་ན་མཿ ཞེས་བརྗོད་ཅིང་ལྷ་མོ་རྣམས་རིམ་པ་བཞིན་བསྐྱེད། དེ་དག་གི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་པའི་བར་མངོན་རྟོགས་ལྟར་བྱའོ། །དེ་ལྟར་བསྒྲུབས་ནས་མཆོད་པ་བྱ་བ་ནི་མདུན་དུ་བཟེད་ཞལ་བཞག་པའི་ནང་དུ་ཆུ་བཞི་འབུལ་ཞིང་རོལ་མོའི་བར་མངོན་རྟོགས་བཞིན་མཆོད་ལ། གོས་ཟུང་ལྷ་རྫས་ལས་གྲུབ་པ་ནམ་མཁའ་དང་མཉམ་པས་མཆོད་པར་བསམ་ཞིང༌། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བྷ་ག་ཝཱན་ལ་སོགས་པའི་མཐར། ཨོཾ་བཛྲ་ཝསྟྲ་ཨཱཿཞེས་བརྗོད་ལ་གོས་ཟུང་དབུལ། དེ་ནས་ནང་གི་མཆོད་པ་དང༌། ཡིད་ལས་བྱུང་བའི་མཆོད་པས་མཆོད། བསྟོད་པ་རྣམས་ཀྱིས་བསྟོད་ནས་པུས་མོ་ས་ལ་བཙུགས། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས་བྱིན་གྱིས་བརླབ་པ་དང༌། རྗེས་སུ་གནང་བ་ཞུ་བའི་ཡིད་ཀྱིས། ཧཱུྃ་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་གིས་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱོད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་དགའ་བ་དང༌། །གང་སུ་རྡོ་རྗེའི་སྤྱན་ཅན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཧེ་ཞེས་བྱ་བའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་དག་ཕྱིར་བདག་འདྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་སུ། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ནས་གནང་བར་མཛོད། །ཅེས་ལན་གསུམ་བརྗོད་ནས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཞལ་ནས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་བུམ་པ་སྟ་གོན་ནི་ནང་མཆོད་ཀྱིས་བུམ་པ་ལ་གཏོར་ཞིང་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བུམ་པ་གཉིས་ཀ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ། དཔག་བསམ་གྱིས་ཤིང་གིས་ཁར་བརྒྱན་ཞིང་ལྷ་རྫས་ཀྱི་གོས་ཀྱིས་མགྲིན་པ་དཀྲིས་པར་བསྐྱེད་ལ། རྣམ་རྒྱལ་གྱི་བུམ་པའི་ནང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཚངས་པ་ལ་སོགས་པའི་གདན་དང༌། ལས་ཐམས་ཅད་པའི་བུམ་པའི་ནང་དུ་པདྨ་དང་ཉི་མའི་གདན་བསམས་ནས། ཐམས་ཅད་ཀྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་གཉིས་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསམ། ཡང་དེ་རྣམས་ཀྱི་སྟེང་དུ་ཀཱ་ལི་ཕྲག་གཉིས་གཉིས་ལས་ཉི་མའི་དཀྱིལ་འཁོར་རེ་རེ་བསམ། དེ་ནས་རྣམ་རྒྱལ་གྱི་བུམ་པའི་ཉི་ཟླ་ཁ་སྦྱོར་དགུའི་བར་དུ། ལྷ་དགུའི་ས་བོན་ལས་སོ་སོའི་ཕྱག་མཚན་ལ་ས་བོན་གྱིས་མཚན་པ་དང༌། ལས་ཐམས་ཅད་པའི་བུམ་པར་ཉི་ཟླའི་བར་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསམ། སོ་སོའི་གནས་སུ་འདྲེས་པ་ལས། རྣམ་རྒྱལ་གྱི་བུམ་པར་ཀྱེ་རྡོ་རྗེ་ལྷ་དགུ་རང་གིས་བསྒོམས་པ་ལྟར་བསྐྱེད། ལས་ཐམས་ཅད་པའི་བུམ་པར་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པས་སྣ་ཚོགས་རྡོ་རྗེ་ནམ་མཁའ་ལ་འཕྱར་བ། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ་སྟག་གི་པགས་པའི་ཤམ་ཐབས་ཅན་མེ་རི་འབར་བའི་དབུས་ན་བཞུགས་པར་བསམ། ཐམས་ཅད་ཀྱི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ནས་རིགས་ཀྱི་བདག་པོས་དབུར་བརྒྱན་ཞིང་བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པའོ། །དེ་ལ་ཕྱི་དང་ནང་དང་ཡིད་ལས་བྱུང་བས་མཆོད། བསྟོད་པ་བྱས་ལ་རང་གི་སྙིང་གའི་ཧཱུྃ་ལས་སྔགས་ཕྲེང་འཕྲོས་པས་གཟུངས་ཐག་ལ་བརྟེན་ནས་བུམ་པའི་ནང་དུ་ཞུགས། ལྷ་སོ་སོའི་ཐུགས་རྒྱུད་བསྐུལ་བས་ཡེ་ཤེས་ཀྱི་བདུད་རྩི་བབ་པས། བུམ་པ་གང་བར་བསམ་ཞིང་གཙོ་བོ་ལ་དེ་བ་པི་ཙུ་དང༌། འཁོར་རྣམས་ལ་སོ་སོའི་སྔགས་བཟླ། ལས་ཐམས་ཅད་པ་ལ་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླ། ཡང་མཆོད་བསྟོད་སྔར་བཞིན་བྱས་ལ་དུང་ཆོས་ནས་ཆུ་བླུགས་པས་ལྷ་ཐམས་ཅད་ཞུ་བར་བསམ། བུམ་པ་སྟ་གོན་ནོ། །དེ་ནས་གཏོར་མ་དང་པོ་དགྱེས་པ་རྡོ་རྗེའི་ཆོ་གས་གཏང༌། གཉིས་པ་ཆོས་སྐྱོང༌། གསུམ་པ་མཁའ་འགྲོ་སྤྱིའི་གཏོར་མས་གཏང༌། དེ་ནས་ཚོགས་བྱིན་གྱིས་བརླབས་ནས། ལོངས་སྤྱད་པ་དང་ལྷག་མའི་བར་ཚོགས་ཀྱི་འཁོར་ལོ་དང་མཐུན་པར་བྱ། དེ་ནས་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་བསྟོད་བཟོད་པར་གསོལ། ཡི་གེ་བརྒྱ་པ་བརྗོད་ནས་དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་འདེགས་པར་བསམ་ཞིང་ཕྱག་རྒྱ་བཅས་ལ། ཨོཾ་བཛྲོ་ཏིཥྛ་ཞེས་བརྗོད་ནས་ནམ་མཁའ་ལ་བཞུགས་པར་བསམས་ལ་མཆོད་པ་རྒྱུན་མི་ཆད་པར་དབུལ། དེ་ནས་ཉལ་བའི་རྣལ་འབྱོར་བྱས་ལ་དཀྱིལ་འཁོར་གྱི་དྲུང་དུ་ཉལ། གཉིད་སད་པ་དང་ལྡང་བའི་རྣལ་འབྱོར་བྱས་ལ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དྲན་པར་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་དོ། །དེ་ནས་སྟ་གོན་གྱི་ལྷ་ནམ་མཁའ་ལ་གནས་པ་རྣམས་ལ་མཆོད་བསྟོད་བྱ་ཞིང་མར་མེ་ལ་སོགས་པ་རྒྱུན་མི་ཆད་པ་བཤམ་མོ། །སྟ་གོན་གྱི་ཆོ་གའོ། །དེ་ནས་དགོངས་ཀའི་དུས་སུ་དཀྱིལ་འཁོར་གྱི་དབུས་སུ་གདན་བཟང་པོ་ལ་རས་རིས་བཀྲམ། ཁོར་ཡུག་ཏུ་མཆོད་པ་ཀུན་གཡས་སྐོར་དུ་བཤམ། གཏོར་མ་བཞི་དང་ཕྱི་རོལ་པའི་གཏོར་མ་ཡང་ལོགས་སུ་བཤམ་མོ། །དེ་ནས་སྟ་གོན་ལྟར་གྲོགས་དང་བཅས་པས་སྔོན་དུ་འགྲོ་བའི་གཏོར་མ་གཏང་ངོ༌། །ཞུ་འབུལ་ནས་བཟླས་པའི་བར་སྟ་གོན་ལྟར་བྱ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གིས་བསྒོམས་པ་ལྟར་སྲུང་བའི་འཁོར་ལོ་ནས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། གདན་དགུའི་སྟེང་དུ་དུས་གཅིག་ལ་མངོན་བྱང་ཚན་པ་དགུ་ལས་ལྷ་དགུ་ཅིག་ཅར་དུ་བསྐྱེད་ནས་གསལ་གདབ། དེ་ནས་བདག་བསྐྱེད་ཀྱི་དཀྱིལ་འཁོར་དང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསལ་བར་བལྟས་ལ། དཀྱིལ་འཁོར་ལ་དཀྱིལ་འཁོར་གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་རང་གི་མདུན་བསྐྱེད་གཙོ་བོ་དང་ཐ་མི་དད་པར་གནས་པའི་མཁའ་གསང་བྱིན་གྱིས་བརླབས་ནས། སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་ཞུགས། ཐུགས་ཀར་ཞུ། གསང་གནས་ནས་བབ། ཡུམ་གྱི་མཁར་དཀྱིལ་འཁོར་རྫོགས་པར་གྱུར་པར་བསམ་མོ། །དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མཁའ་ནང་གི་ལྷ་དགུ་ཕྱིར་འཕྲོས། དེ་ནས་དཀྱིལ་འཁོར་དཔག་ཏུ་མེད་པར་གྱུར། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སེམས་ཅན་རྣམས་ལྷ་དགུའི་རང་བཞིན་དུ་གྱུར། སྤྲོས་པའི་ལྷ་རྣམས་ཚུར་འདུས་རང་གིས་བསྒོམས་པའི་ལྷ་རྣམས་སོ་སོ་ལ་ཐིམ་པར་བསམ། ཡང་མཁའི་རྟེན་གྱི་དཀྱིལ་འཁོར་ཕྱིར་འཕྲོས། དཀྱིལ་འཁོར་དེ་ལས་དཀྱིལ་འཁོར་དཔག་ཏུ་མེད་པར་གྱུར་ནས་སྣོད་ཀྱི་འཇིག་རྟེན་སྦྱངས་གཞལ་ཡས་ཁང་དུ་གྱུར་ནས། བཅུད་ཀྱི་ལྷ་རྣམས་གནས་པར་བསམ། སྤྲོས་པའི་དཀྱིལ་འཁོར་ཚུར་འདུས་རང་གིས་བསྒོམས་པའི་དཀྱིལ་འཁོར་ལ་ཐིམ་པར་བསམ། དེ་ནས་རང་གིས་བསྒོམས་པའི་ལྷ་རྣམས་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་ལ་སོགས་པའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་སྲུང་བའི་འཁོར་ལོ་ཁ་ཕྱེ་བར་བསམ་ཞིང༌། སླར་བགེགས་མི་འཇུག་པར་བྱ་བའི་ཕྱིར་རྡོ་རྗེ་གསོར་ཞིང་ཨཥྚ་བཟླའོ། །དེ་ནས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་བྱས་ལ། གཽ་རཱི་ལ་སོགས་པ་བཞིས་རང་གི་དཀྱིལ་འཁོར་ལ་བསྟིམ། ཡེ་ཤེས་པ་སྤྱན་དྲངས་ནས། རང་ལ་བསྟིམ་པ་དང་དབང་བསྐུར་ནས་རིགས་བདག་རྣམས་ཀྱི་རྒྱས་གདབ་པ་བསྐྱེད་རིམ་ལྟར་བྱས་ནས། དབང་གི་ལྷ་ཡང་རང་ལ་བསྟིམ་ལ་སྔགས་དང་ཕྱག་རྒྱ་དང་བཅས་པས་སྲུང་འཁོར་ཁ་ཕྱེ་བ་བསྡམས་ལ་བརྟན་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པའི་ཕྱིར་ལྷ་སོ་སོ་ལ་དམིགས་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཞེས་པ་དང༌། ཨོཾ་ནཾ་བཛྲ་ནཻ་རཱིཏྨྱ། ཨོཾ་གཾ་བཛྲ་གཽ་རཱི། ཨོཾ་ཙཾ་བཛྲ་ཙཽ་རཱི། ཨོཾ་བཾ་བཛྲ་བེ་ཏཱ་ལཱི། ཨོཾ་གྷཾ་བཛྲ་གྷསྨ་རཱི། ཨོཾ་པཾ་བཛྲ་པུཀྐ་སཱི། ཨོཾ་ཤཾ་བཛྲ་ཤ་བ་རཱི། ཨོཾ་ལཾ་བཛྲ་ཙཎྜཱ་ལཱི། ཨོཾ་ཌཾ་བཛྲ་ཌོཾ་བི་ནཱི། ཞེས་ཀུན་ལ་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པ་ལ་སོགས་པ་རྫོགས་པར་བརྗོད་ནས་བྱིན་གྱིས་བརླབ་བོ། །དེ་ནས་རང་ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གྱིས་གཙོ་བོའི་ཐུགས་ཀ་ནས་བྱེ་བ། དཀྱིལ་འཁོར་གྱི་ཤར་སྒོར་འདུག་ལ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་པ་ཕྱི་དང་ནང་དང་ཡིད་ལས་བྱུང་བས་མཆོད། བསྟོད་པ་རྣམས་ཀྱིས་བསྟོད་དོ། །དེ་ནས་དཀྱིལ་འཁོར་གྱི་དྲུང་དུ་སྒྲུབ་པའི་གྲོགས་ཀྱིས་རྩ་སྔགས་ཟློར་བཅུག་ལ། རང་ཕྱི་རོལ་དུ་སོང་ལ་ཕྱི་རོལ་པའི་གཏོར་མ་གཏང་སྟེ། གཏོར་མ་ཆེན་པོ་སྦྱངས་ལ་བྱིན་གྱིས་བརླབ་པ་མངོན་རྟོགས་བཞིན་བྱས་ནས། གཏོར་མའི་མགྲོན་བསྐྱེད་པའི་ལྷ་དགུའི་དོད་དུ་ཐུགས་རྡོ་རྗེ་སྔོན་པོ་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པ། རིག་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་བསྐྱེད་དོ། །གཞན་རྣམས་ནི་འདྲའོ། །འབུལ་བའི་སྔགས་ནི། ཨོཾ་ཨིནྡ་མན་ཆད་ཀྱིས་ཆོ་ག་ལ་བསྟོད་པ་ཡང་མི་བསྐྱོད་རྡོ་རྗེ་མན་ཆད་ཀྱིས་བསྟོད་ནས་ཕྲིན་ལས་གཞོལ། རྡོ་རྗེའི་གླུ་བླང༌། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ནས་མགྲོན་གྱི་གཙོ་བོ་རྣམས་བཛྲ་མུ་ཞེས་བརྗོད་ལ་གཤེགས་སུ་གསོལ། འཁོར་བགེགས་ལ་སོགས་པ་རྣམས་རང་རང་གི་གནས་སུ་སོང་བར་བསམས་ལ་ལག་པ་ས་ལ་རེག་ཅིང་སེ་གོལ་གཏོགས་ལ་སརྦ་དུཥྚཱན་གཙྪ་ཞེས་བརྗོད་ནས་རོལ་མོ་དང་བཅས་པས་གཏོར་མ་འབབ་ཆུ་ལ་སོགས་པར་དོར་རོ། །དེ་ནས་རང་དཀྱིལ་འཁོར་གྱི་ཤར་དུ་འདུག་ལ་ཡི་གེ་བརྒྱ་པ་བརྗོད་ནས། བདག་ཉིད་འཇུག་པར་བྱ་སྟེ། དཀྱིལ་འཁོར་མངོན་སུམ་ལྟར་དམིགས་ལ། གཙོ་བོ་དང་བླ་མ་ཐ་མི་དད་པར་བསམས་ནས། དབང་རྫས་སྟེར་བ་ལ་སོགས་པའི་བྱ་བ་རྣམས། གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་ཧེ་རུ་ཀ་ཕྱག་གཉིས་པས་བྱེད་པར་བསམ་ཞིང༌། དངོས་སུ་རང་གིས་བྱས་ལ་ཏིང་ངེ་འཛིན་རྣམས་བསྒོམ་པ་དང༌། སྔགས་དང་ཚིགས་བཅད་རྣམས་རང་གིས་བརྗོད་དོ། །དེ་ལ་ཐོག་མར་མཎྜལ་ཕུལ་ནས། མེ་ཏོག་བཟུང་ལ་དབང་གི་དོན་དུ་གསོལ་བ་གདབ་པའི་བསམ་པས། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་བྱང་ཆུབ་ཀྱི་སེམས་གཟུང་བའི་བསམ་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པ་ལན་གསུམ་བརྗོད། དེ་ནས་གསང་སྔགས་ཀྱི་དམ་ཚིག་མ་ལུས་པ་གཟུང་བའི་བསམ་པས། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ལ་སོགས་པ་ལན་གསུམ་བརྗོད་དོ། །དེ་ནས་རང་གི་གདོང་གཡོགས་པར་བསམ་ཞིང༌། མེ་ཏོག་ཕྲེང་བ་ལག་ཏུ་བཟུང་ལ། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བརྗོད་དོ། །དེ་ནས་ལས་ཐམས་ཅད་པའི་ཆུས་རང་ལ་གཏོར་ཞིང༌། ཨ་མྲྀ་ཏ་བརྗོད་ལ་བསང༌། བདུད་རྩི་མྱངས་ནས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དེ་ནས་བླ་མས་བུ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲིས་པར་བསམ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་གདབ། དེས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པར་བསམ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་གདབ་བོ། །དེ་ནས་རང་གི་སྙིང་གི་ནང་དུ་ཟླ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བསམ། དེའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སུ་བསམས་ནས་རྡོ་རྗེ་སྙིང་གར་བཟུང་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ནས་གསང་བར་གདམས་པར་བསྒོམ་ཞིང༌། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད་ལ་དཀྱིལ་འཁོར་གྱི་ཤར་སྒོར་ཞུགས་པར་བསམས་ལ། ཧཱུྃ་ཛཿཧཱུྃ་ཞེས་བརྗོད་དོ། །ཡོལ་བའི་ནང་དུ་འཇུག་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། བླ་མས་བདག་དམ་ལ་འཇོག་པར་བསམ་ཞིང༌། རྡོ་རྗེ་སྤྱི་བོར་བཟུང་ལ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད་པ་ནི་ཕན་ཡོན་གྱི་སྒོ་ནས་སོ། །ཡང་སྙིང་གར་རྡོ་རྗེ་བཟུང་ལ། ཧཱུྃ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ལ་ཡང་སྤྱི་བོར་བཟུང་ནས། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགས་པར་འགྱུར་རོ། །ཞེས་བྱ་བ་ནི་མ་བསྲུངས་པའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་བུམ་པའི་ཆུ་འཐུངས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུས་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ཋཿཋཿཋཿཧཱུྃ་ཞེས་བརྗོད། གཉིས་ཀའི་སྒོ་ནས་དམ་ལ་གཞག་པའོ། །ཡང་སྤྱི་བོར་རྡོ་རྗེ་བཟུང་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་བུ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་ཡང་བརྙས་པར་མ་བྱེད་ཅིག བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏ་རེ། ཞེས་བརྗོད་ཅིང༌། བླ་མས་གསུང་བར་བསམ་པ་ནི་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་པའོ། །དེ་ནས་ཡེ་ཤེས་དབབ་པའི་ཕྱིར་བླ་མ་དང་དཀྱིལ་འཁོར་ལ་གསོལ་བ་གདབ་པར་བསམ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྱུ་མ་དང་འདྲ་བ་བྱས་པའི་ངང་ལས། འོག་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་ཧེ་རུ་ཀར་བཞེངས་པར་བསྒོམས་པའི་རྐང་མཐིལ་དུ། ཛྷཻཾ་མེའི་རང་བཞིན་འབར་བ་དང༌། སྙིང་གར་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལྗིད་པ་ཧཱུྃ་གིས་མཚན་པ་དང༌། མགྲིན་པར་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཨཱཿས་མཚན་པ་དང༌། སྤྱི་བོར་རླུང་གི་དཀྱིལ་འཁོར་ལྗང་སྔོན་ཟླ་གམ་ཧས་མཚན་པས་མནན་པ་རྣམས་བསྒོམས་ནས། བླ་མ་ལ་གུས་པ་བྱས་པས་གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས་འོག་གི་རླུང་བསྐྱོད། རླུང་གིས་མེ་སྦར་མེ་རྐང་པའི་ནང་ནས་ཞུགས་ཏེ་སོང་བ་སུམ་མདོར་འདྲེས་ནས་ལུས་ཐམས་ཅད་གང་བས་ནད་དང་བགེགས་དང་རྣམ་པར་རྟོག་པ་རྣམས་བསྲེགས། སྙིང་གའི་ས་ཡང་དམར་པོར་བསྲེགས། མགྲིན་པའི་ཆུ་ཁོལ། སྤྱི་བོའི་རླུང་གིས་མནན། རྐང་འོག་གི་རླུང་གིས་བཏེག་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལུས་ལ་ཆར་ཆེན་པོ་འབབ་པ་བཞིན་བབ་ནས་ལུས་ལ་ཞུགས་པས། ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་པར་བསམ་ཞིང༌། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། སྟྭཾ་བྷ་ཡ། སྟྭཾ་བྷ་ཡ། ར་ར། ར་ར། ཙ་ལ་ཡ། ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷཻཾ་བདུན་བརྗོད་དོ། །དེས་ཡེ་ཤེས་དབབ་པའོ། །དེ་ནས་བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས་ལྷ་རྣམས་བརྟན་པར་བཞུགས་པར་བསྒོམས་ལ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་དོ། །དེ་ནས་བདག་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། བླ་མས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་འདེབས་པར་བསམ་ཞིང༌། འདི་སྐད་བརྗོད་དོ། །ཧཱུྃ་དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདི་ནི་དེ་བཞིན་ཤོག །ཅེས་ལན་གསུམ་བརྗོད་ནས། རང་གི་གསོལ་བ་གདབ་པའི་བསམ་པས། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །ལ་སོགས་པ་ལན་ཅིག་བརྗོད་ནས། རང་གིས་ལྷ་ལ་སོགས་པ་གདབ་པའི་བསམ་པས་མེ་ཏོག་དབུལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་བརྗོད་ལ་མེ་ཏོག་ཕོག་པའི་ལྷ་དེས་སླར་ཡང་མེ་ཏོག་དེ་རང་གི་སྤྱི་བོར་བཞག་ནས་བྱིན་གྱིས་རློབ་པར་བསམ་ཞིང༌། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ། སཏྭ་མ་ཧཱ་བཱ་ལ་ཨོཾ་ཞེས་གསུང་བར་བསམ་ཞིང་བརྗོད་དོ། །དེ་ནས་མིག་གཉིས་སུ་ཨོཾ་རེ་རེ་བསམ་ཞིང༌། བླ་མས་འདི་སྐད་དུ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ་ཞེས་གསུངས་ནས་གདོང་གཡོགས་ཕྱེ་བར་བསམ་མོ། །དེ་ནས་བླ་མས་འདི་སྐད་གསུང་ཞིང་དཀྱིལ་འཁོར་བསྟན་པར་བསམ་མོ། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་གསུང་བར་བསམ་ལ་རང་གིས་དཀྱིལ་འཁོར་ལ་རྫོགས་པར་བལྟ་ཞིང༌། དཀྱིལ་འཁོར་དངོས་སུ་མཐོང་བའི་འདུ་ཤེས་བསྐྱེད། དེ་ནས་བླ་མས་དཀྱིལ་འཁོར་དུ་བཅུག་པའི་བཀའ་དྲིན་དྲན་པར་བྱས་ལ། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿ ཞེས་ཆེད་དུ་བརྗོད་དོ། །དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་དབང་གི་དོན་དུ་མཎྜལ་ཕུལ་ལ་མེ་ཏོག་བཟུང་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་དང༌། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་དབང་གི་སྔོན་དུ་བཀྲ་ཤིས་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་ནང་དུ་རིན་པོ་ཆེའི་ཁྲི་པདྨ་དང༌། ཉི་མའི་སྟེང་དུ་རང་ཉིད་མེ་ཏོག་ཕོག་པའི་ལྷ་དེ་ཡིན་པར་མོས་ལ། དེའི་སྟེང་དུ་གདུགས་དང་ཕྱོགས་ཀུན་ཏུ་མཆོད་པ་ཐམས་ཅད་ཀྱིས་གང་བར་བསམས་ནས། མདུན་གྱི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་རིགས་ལྔ་འཁོར་དང་བཅས་པས་བདག་ལ་བཀྲ་ཤིས་པའི་ཆོ་ག་མཛད། བྱེ་བྲག་ཏུ་ཧེ་རུ་ཀ་ཕྱག་གཉིས་པ་ཅིག་གིས་བདག་གི་སྡིག་པ་ཐམས་ཅད་ཏིལ་ལ་བསྟིམ་ནས། གཡས་སུ་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་བསྲེགས་པར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ། ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དོ། །དྲི་མ་ཐམས་ཅད་ཆུས་བཀྲུས་པར་བསམ་ཞིང༌། གཡོན་པས་ཆུ་བསྐོར་ཞིང་དོར་ལ། ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ་ཅེས་བརྗོད་དོ། །བུམ་པའི་སྐྱོར་ཆུས་ནང་གི་དྲི་མ་སྦྱངས་པར་བསམ་ཞིང་འཐུངས་ལ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནིཤྩ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡེ་ཧཱུྃ། ཞེས་བརྗོད་པའི་མཐར་བདག་མིང་འདི་ཞེས་བྱ་བའི་བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག ཅེས་བརྗོད་ནས་དབང་གི་ལྷ་དེ་རྣམས་མགྲིན་གཅིག་ཏུ་གསུངས་པར་བསམ་ཞིང༌། ཕུན་སུམ་ཚོགས་པ་ལ་སོགས་པ་བརྗོད་པའི་མཐར་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་གསུངས་པར་བསམ་མོ། །བཀྲ་ཤིས་པའི་ཆོ་གའོ། །དེ་ནས་དབང་གི་དངོས་གཞི་ལ། ཐོག་མར་སློབ་མའི་དབང་དྲུག་བླང་བའི་དོན་དུ། དབང་རྫས་རྣམས་མདུན་དུ་བཞག་ལ་སྭ་བྷཱ་བའི་སྔགས་ཀྱིས་བདག་དང་དབང་རྫས་བུམ་པ་རྣམས་སྟོང་པར་བསམ། སྟོང་པའི་ངང་ལས་བདག་དང་དབང་རྫས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་གཉིས་ཀའང་མི་བསྐྱོད་པ་ཀྱེའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཡས་པ་བརྒྱད་ཀྱིས་རྡོ་རྗེ། གཡོན་པ་བརྒྱད་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མ་མ་ཀཱི་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་པ། གཉིས་ཀ་སྔོན་པོ་རུས་པ་དང༌། རིན་པོ་ཆེས་བརྒྱན་པར་བསམ། གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསྒོམ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྣམ་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རང་དང་དབང་རྫས་ལ་བསྟིམ། དབང་རྫས་ལ་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས། འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། དེ་ནས་དཀྱིལ་འཁོར་ལས་སྤྲུལ་པའི་དབང་གི་ལྷ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་མདུན་དུ་བཞུགས་པར་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩནྟུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔས། དབང་རྫས་ཀྱི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བསམ་ཞིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ལ་སོགས་པའི་མཐར། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང༌། རིག་མས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་བཀྲ་ཤིས་བརྗོད། ཁྲོ་བོས་བགེགས་བསྐྲད། ལྷ་མོས་མཆོད་པར་བསམ། དངོས་སུ་སྦྱི་བོར་བུམ་པའི་ཆུས་གཏོར། བུམ་པའི་ཆུས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ། དེ་ནས་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། དངོས་སུ་རང་ལ་མཆོད་པར་བྱའོ། །ཆུའི་དབང་ཐོབ་ཞེ་སྡང་དག རྣམ་པར་ཤེས་པ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་རྒྱུད་ལ་བཞག་པར་བསམ་མོ། །ཡང་སྭ་བྷཱ་ཝས་བདག་དང་དབུ་རྒྱན་སྟོང་པར་བསམ། སྟོང་པའི་ངང་ལས་གཉིས་ཀ་པདྨ་དང་ཉི་མའི་སྟེང་དུ་ཨཾལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་རིན་ཆེན་འབྱུང་ལྡན་དགྱེས་པའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཡས་པ་བརྒྱད་ཀྱི་རིན་པོ་ཆེ། གཡོན་པ་བརྒྱད་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་གྲི་གུག་དང་ཐོད་པ་འཛིན་པ། གཉིས་ཀའང་སེར་པོ་རུས་པ་དང་རིན་པོ་ཆེས་བརྒྱན་པར་བསམས་ལ། དཔྲལ་བར་ཨོཾ་ལ་སོགས་པས་གནས་གསུམ་བྱིན་གྱིས་བརླབ། གཉིས་ཀ་ལའང་ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར། དེ་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར་པར་བསམ། དེ་ནས་དབང་གི་ལྷ་རྣམས་ལ་སྔར་བཞིན་གསོལ་བ་གདབ་པས་དབུ་རྒྱན་སྤྱི་བོར་བཞག་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོ། ཞེས་གསུངས་ནས་དབང་བསྐུར། ཡང་བུམ་པའི་ཆུས་ཀྱང་སྔར་བཞིན་དབང་བསྐུར། རྐང་མཐིལ་ཡན་ལག་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ནས་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། དངོས་སུ་མཆོད་པར་བྱ། དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་རྒྱུད་ལ་བཞག་པར་བསམ་མོ། །ཡང་སྭ་བྷཱ་ཝས་བདག་དང་དབང་རྫས་རྡོ་རྗེ་སྟོང་པར་བསམ། སྟོང་པའི་ངང་ལས་གཉིས་ཀ་པདྨ་དང་ཉི་མའི་སྟེང་དུ། ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་གཉིས་ཀ་འོད་དཔག་མེད་དགྱེས་པའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཡས་པ་བརྒྱད་ཀྱིས་པདྨ། གཡོན་པ་བརྒྱད་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ། གཉིས་ཀ་དམར་པོ་རུས་པ་དང་རིན་པོ་ཆེས་བརྒྱན་པར་བསམས་པའི་གནས་གསུམ་བྱིན་གྱིས་བརླབ། གཉིས་ཀ་ལ་ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེར་གྱུར་པར་བསམ། དེ་ནས་དབང་གི་ལྷ་རྣམས་ལ་སྔར་བཞིན་གསོལ་བ་བཏབ་པས། ལག་པ་གཡས་པར་རྡོ་རྗེ་གཏད་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །མ་ཧཱ་བཛྲ་ཧཱུྃ་ཞེས་གསུངས་ནས་དབང་བསྐུར། ཡང་བུམ་པའི་ཆུས་སྔར་བཞིན་དབང་བསྐུར། རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། དངོས་སུ་མཆོད་པ་བྱ། རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་བག་ཆགས་རྒྱུད་ལ་བཞག་པར་བསམ་མོ། །ཡང་སྭ་བྷཱ་ཝས་བདག་དང་དབང་རྫས་དྲིལ་བུ་སྟོང་པར་བསམ། སྟོང་པའི་ངང་ལས་གཉིས་ཀ་པདྨ་དང་ཉི་མའི་སྟེང་དུ། ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་གཉིས་ཀ་དོན་ཡོད་གྲུབ་པ་དགྱེས་པའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཡས་པ་བརྒྱད་ན་རལ་གྲི། གཡོན་པ་བརྒྱད་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་གྲི་གུག་དང་ཐོད་པ་འཛིན་པ། གཉིས་ཀ་ལྗང་གུ་རུས་པ་དང་རིན་པོ་ཆེས་བརྒྱན་པར་བསམས་པའི་གནས་གསུམ་བྱིན་གྱིས་བརླབ། གཉིས་ཀ་ལ་ཡེ་ཤེས་པ་བསྟིམ། དབང་རྫས་ལ་དབང་བསྐུར། དེ་ཞུ་བ་ལས་བྱུང་བའི་དྲིལ་བུར་གྱུར་པར་བསམ། དེ་ནས་དབང་གི་ལྷ་རྣམས་ལ་སྔར་བཞིན་གསོལ་བ་བཏབ་པས་ལག་པ་གཡོན་པར་དྲིལ་བུ་གཏད་ནས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་གསུངས་ནས་དབང་བསྐུར། ཡང་བུམ་པའི་ཆུས་སྔར་བཞིན་དབང་བསྐུར། རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ནས་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། དངོས་སུ་མཆོད་པ་བྱ། དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་རྒྱུད་ལ་བཞག་པར་བསམ་མོ། །ཡང་སྭ་བྷ་ཝས་བདག་ཉིད་སྟོང་པར་བསམ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་རང་ཉིད་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པར་བསམ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་རང་ཉིད་རྣམ་པར་སྣང་མཛད་དགྱེས་པའི་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། གཡས་པ་བརྒྱད་ཀྱིས་འཁོར་ལོ། གཡོན་པ་བརྒྱད་ཀྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་གྲི་གུག་དང་ཐོད་པ་འཛིན་པ། གཉིས་ཀ་དཀར་པོ་རུས་པ་དང་རིན་པོ་ཆེས་བརྒྱན་པར་བསམ། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་གི་ལྷ་རྣམས་ལ་སྔར་བཞིན་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་བདག་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་བཞག་ནས། ཨོཾ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་གསུངས་ནས་དབང་བསྐུར། ཡང་བུམ་པའི་ཆུས་ཀྱང་དབང་བསྐུར། རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང་དངོས་སུ་མཆོད་པ་བྱ། མིང་གི་དབང་ཐོབ་གཏི་མུག་དག་གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་རྒྱུད་ལ་བཞག་པར་བསམ། དེ་ལྟར་རིག་པའི་དབང་ལྔ་ཐོབ་ནས་བླ་མས། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྣམ་དག་པ། །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་གསུངས་པར་བསམ་ལ། དེའི་དོན་ཡང་ཆོས་ཐམས་ཅད་སངས་རྒྱས་རིགས་ལྔའི་ངོ་བོར་ཤེས་པར་བྱེད་པའོ། །དེ་ནས་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བར་བྱ་བའི་ཕྱིར། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམས་ལ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པས་རྡོ་རྗེ། གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པར་བསམ། དེའི་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བསྡུས་པ་ལས་གྲུབ་པའི་རྡོ་རྗེ་ལག་པར་གཏད་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་ཨེ་ཥ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུྃ་ཞེས་གསུང་ཞིང་རིགས་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བར་བསམས་ལ། རྡོ་རྗེ་སྙིང་གར་བཟུང་ནས་སྙིང་གར་ཡང་དེ་དང་འདྲ་བའི་ཧེ་རུ་ཀ་བསམ་མོ། །ཡང་བུམ་པའི་ཆུས་ཀྱང་དབང་བསྐུར་བས་དྲི་མ་ཐམས་ཅད་དག དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ་མོ། །དེ་དག་གིས་རྡོ་རྗེ་སློབ་མའི་དབང་ཐོབ་པར་བྱས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བླང་བའི་ཕྱིར། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པར་སྤྲུལ་པའི་སྐུར་བལྟས་ནས་མཎྜལ་ཕུལ་ལ། མེ་ཏོག་བཟུང་ནས། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོ་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པའང་བླ་ན་མེད་པ་གསུངས། །ཞེས་གསོལ་བ་གདབ་བོ། །དེ་ནས་རང་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་གདན་དང༌། སྟེང་ན་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང༌། རྒྱལ་མཚན་དང༌། འཕན་དང༌། བ་དན་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། ཕྱོགས་ཀུན་ཏུ་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། མཆོད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བར་བསམ་མོ། །སྟེང་གི་ནམ་མཁའ་ལ་སྔར་གྱི་དབང་གི་ལྷ་རྣམས་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་བར་བསམ་མོ། །དེ་ནས་རང་གདན་གྱི་སྟེང་ན་སྐད་ཅིག་གིས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པར་བསྐྱེད་ལ། མིག་ཏུ་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། སངས་རྒྱས་ཐམས་ཅད་རང་ལ་བསྟིམ། བླ་མ་དང་དབང་གི་ལྷ་ལ་སླར་ཡང་གསོལ་བ་གདབ་པས། བླ་མས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་རྡོ་རྗེ་རང་གི་ལག་པ་གཡས་པར་གཏད་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ། ཨེ་ཥ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུྃ་ཞེས་གསུང་ཞིང་བྱིན་ནས། དེ་ཁོ་ན་ཉིད་ནི་འདི་སྐད་ཅེས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོས་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་གསུང་ཞིང༌། དེའི་དོན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ཐོག་མ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་ལས་གྲོལ་བ་ཡིན་ལ། དེ་རྡོ་རྗེ་འདིས་མཚོན་པ་ཡིན་ཞིང་རང་གི་སེམས་ཀྱང་དེའི་རང་བཞིན་ཡིན་སྙམ་དུ་བསམ་མོ། །དེ་ནས་གསུང་གི་རང་བཞིན་དྲིལ་བུ་བདག་གི་ལག་པ་གཡོན་པར་གཏད་ནས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨཿཞེས་གསུང་ཞིང་བྱིན་ནས། དེ་ཁོ་ན་ཉིད་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་གསུང་པར་བསམ། དེའི་དོན་ཡང༌། སངས་རྒྱས་ཐམས་ཅད་ཀྱི་གསུང་སྲིད་པ་ངོ་བོ་ཉིད་ཀྱིས་དག་པ་སྟོན་པར་བྱེད་པ། དབྱངས་ཀྱི་ཡན་ལག་དྲུག་ཅུ་ཡིན་ལ། དེ་དྲིལ་བུ་འདིས་མཚོན་ཞིང་རང་གི་ངག་ཀྱང་དེའི་རང་བཞིན་ཡིན་སྙམ་དུ་བསམ་མོ། །དེ་ནས་རང་གི་ཕྱག་རྒྱ་རྡོ་རྗེ་སྙེམས་མ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་དང་མཉམ་པར་སྦྱོར་བར་བསམ་ཞིང་བླ་མས། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་གསུང་བར་བསམ་ཞིང༌། དེའི་དོན་ཡང་རང་གི་ལུས་ལྷའི་སྐུ་ཕྱག་རྒྱ་དང་གཉིས་སུ་མེད་པ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རང་བཞིན་དུ་དྲན་པར་བྱའོ། །དེ་ནས་བླ་མས་ཕྱག་རྒྱའི་དེ་ཁོ་ན་ཉིད་རྒྱས་པར་གསུང་པར་བསམ་ཞིང༌། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་ཁྱོད་ཀྱིས་ཟུང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གིས་ལྷག་པའི་ལྷ་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་བརྗོད་ཅིང་དེའི་དོན་དྲན་པར་བྱའོ། །དོན་བསྡུས་པས་རྡོ་རྗེ་ཐུགས་ཀྱི་དམ་ཚིག དྲིལ་བུ་གསུང་གི་དམ་ཚིག རང་ལྷའི་སྐུ་ཕྱག་རྒྱའི་དམ་ཚིག་སྟེ་དམ་ཚིག་གསུམ་དང་མི་འབྲལ་བར་གྱིས་ལ། སེམས་ཅན་གྱི་དོན་གྱིས་ཤིག་ཅེས་གསུངས་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བར་བསམ། སླར་ཡང་དབང་དེ་བརྟན་པར་བྱ་བའི་དོན་དུ་རིགས་ལྔས་བུམ་པའི་ཆུས་བདག་གི་སྤྱི་བོ་ནས་དབང་བསྐུར་བར་བསམ་ཞིང༌། སངས་རྒྱས་རྣམས་ནི་ལ་སོགས་པ་གསུངས། རིག་མས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད། ཁྲོ་བོས་བགེགས་བསྐྲད། ལྷ་མོས་མཆོད་པར་བསམ། དེ་ལྟར་དབང་བསྐུར་བས། རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་འཆང་ཆེན་པོས་དབུར་བརྒྱན་པར་བསམ། དེ་ནས་དབང་གི་ལྷ་རྣམས་ཀྱིས་བདག་ལ་མེ་ཏོག་གི་ཆར་ཕབ་ནས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་གསུང་ཞིང་མངའ་ཕུལ་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་པར་བསམ་མོ། །དེ་ནས་བླ་མས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་གསུང་བར་བསམ་ཞིང༌། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཉིད་དཀྱིལ་འཁོར་དམ་པ་ཡིན། །གཞལ་མེད་ཁང་ཞེས་བཤད་པ་ནི། །སེམས་ཉིད་གཞལ་ཡས་ཁང་བརྩེགས་འཕགས། །དེ་ཡི་ཕྱི་རོལ་གྲུ་བཞི་ནི། །མཉམ་པ་ཉིད་ཀྱི་རང་བཞིན་ནོ། །བྱམས་པ་ལ་སོགས་སེམས་གང་ཡིན། །ཐིག་སྐུད་བཞིར་ནི་ཡང་དག་བཤད། །ཐིག་གདབ་ཡང་དག་བཤད་པ་ནི། །ཆོས་རྗེས་དྲན་པའི་སྦྱོར་བའོ། །ལྟ་བ་ཀུན་ལས་རྣམ་གྲོལ་བ། །ཡེ་ཤེས་ཐིག་ཏུ་བཤད་པ་ཡིན། །རྒྱན་རྣམས་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་ལ་སོགས་སྡོམ་པའི་མཆོག །དད་དབང་ལ་སོགས་སེམས་གང་ཡིན། །རྭ་བ་ལྔར་ནི་ཡང་དག་བཤད། །རྣམ་པར་ཐར་པ་བཞི་པོ་ནི། །སྒོ་རྣམས་སུ་ནི་ཡང་དག་བཤད། །ཀ་བར་བཅས་པའི་རྟ་བབས་བཞི། །ཡང་དག་སྤོང་བ་རྣམས་པ་བཞི། །དྲན་པ་ཉེར་གཞག་བཞི་པོ་ནི། །ཁ་ཁྱེར་བཞིར་ནི་ཤེས་པར་བྱ། །སྒོ་ཁྱུད་ཅེས་ནི་གང་བཤད་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །བྱང་ཆུབ་ཡན་ལག་རྣམ་བདུན་ནི། །ཕྲེང་བ་མེ་ཏོག་ཆུན་འཕྱང་ལྡན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སྒྲིབ་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པ། །ལམ་གྱི་ཡེ་ཤེས་ཁྱད་པར་རྣམས། །རྔ་ཡབ་ཅེས་ནི་ཡང་དག་བཤད། །ཉོན་མོངས་ཐམས་ཅད་འཇོམས་པའི་ཕྱིར། །དོ་ཤལ་ཞེས་ནི་རབ་ཏུ་བཤད། །ཉོན་མོངས་ཕྱེད་ནི་འཇོམས་པའི་ཕྱིར། །དོ་ཤལ་ཕྱེད་པ་ཞེས་བརྗོད་དོ། །ཀུན་ཏུ་སྦྱོར་བའི་ཁྱད་པར་གྱི། །ཉོན་མོངས་འཕྲོག་པས་དྲྭ་བ་ཉིད། །ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡི། །འཁོར་ལོ་བསྐོར་བ་བླ་ན་མེད། །ཅེས་པ་རྣམས་བརྗོད་དོ། །དེ་ནས་ལྷའི་དེ་ཁོ་ན་ཉིད་ནི། དངོས་སུ་གསུང་བར་བསམ་ཞིང༌། བཅོམ་ལྡན་འདས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཽ་རཱི་མེ་ལོང་ལྟ་བུའི་ཡེ་ཤེས། ཙཽ་རཱི་མཉམ་པ་ཉིད། བེ་ཏཱ་ལཱི་སོ་སོར་རྟོག་པ། གྷསྨ་རཱི་བྱ་བ་གྲུབ་པ། པུཀྐ་སཱི་བྱམས་པ་ཚད་མེད་པ། ཤ་བ་རཱི་སྙིང་རྗེ། ཙཎྜཱ་ལཱི་དགའ་བ། ཌོམྦི་ནཱི་བཏང་སྙོམས་ཚད་མེད་པའི་ངོ་བོ་ཞེས་བརྗོད་ཅིང་དྲན་པར་བྱའོ། །དེ་ནས་བླ་མས་སློབ་དཔོན་གྱི་དེ་ཁོ་ན་ཉིད་གསུང་བར་བསམ་ཞིང༌། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །འདི་ཡི་གཟུགས་ཀྱི་ཕུང་པོ་ནི། །བཅོམ་ལྡན་རྣམ་པར་སྣང་མཛད་དོ། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་དེ་བཞིན་རྡོ་རྗེ་རྒྱལ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཀུན་གྱི་ངོ་བོ་ཧེ་རུ་ཀ །ཞེས་བརྗོད་ཅིང་དེའི་དོན་ཡང༌། རྡོ་རྗེ་སློབ་དཔོན་སངས་རྒྱས་ཀྱི་ངོ་བོར་དྲན་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞིའོ། །དབང་དེའི་མཐའ་རྟེན་རྗེས་སུ་གནང་བ་འདི་རྣམས་བླ་མས་གསུང་བར་བསམ་ཞིང༌། རང་གིས་བརྗོད་ཅིང་དོན་དྲན་པར་བྱའོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པར་རྣམ་རོལ་ཕྱིར། །རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཿཞེས་བརྗོད་ལ་ལྷ་མོ་སྒེག་མོའི་ང་རྒྱལ་གྱིས་སྒེག་པའི་ཚུལ་གྱིས་མཆོད་པ་བྱའོ། །ཡང༌། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ་ཞེས་བརྗོད་པས་ཕྲེང་བ་མའི་ང་རྒྱལ་གྱིས་ཕྲེང་བས་མཆོད་པའི་ཚུལ་དུ་བྱའོ། །ཡང༌། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱི་ཞེས་བརྗོད་ལ་གླུ་མའི་ང་རྒྱལ་གྱིས་གླུས་མཆོད་པར་བྱའོ། །ཡང༌། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿཞེས་བརྗོད་པས་གར་མའི་ང་རྒྱལ་གྱིས། གར་གྱིས་མཆོད་པའི་ཚུལ་དུ་བྱའོ། །ཡང༌། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་བསྒོས་པའི། །ལུས་ཅན་བདེ་གཤེགས་ཆ་ལུགས་སོ། །ཡེ་ཤེས་ཀྱི་ནི་ཚིམ་པར་གྱིས། །ཧཱུྃ་ཞེས་བརྗོད་ལ་བདུག་སྤོས་མའི་ཚུལ་གྱིས་བདུག་སྤོས་ཀྱིས་མཆོད་པར་བྱའོ། །ཡང༌། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྃ་ཞེས་བརྗོད་ལ་མེ་ཏོག་མའི་ང་རྒྱལ་གྱིས་མེ་ཏོག་གིས་མཆོད་དོ། །ཡང༌། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་མདོངས་པ་ལ། །ཡེ་ཤེས་སྒྲོན་མེས་གསལ་བར་གྱིས། །པྲ་ཞེས་བརྗོད་ལ་མར་མེ་མའི་ང་རྒྱལ་གྱིས་མར་མེའི་མཆོད་དོ། །ཡང༌། སངས་རྒྱས་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གཿཞེས་བརྗོད་ལ་དྲི་མའི་ང་རྒྱལ་གྱིས་དྲིས་མཆོད་དོ། །མཆོད་པའི་རྗེས་སུ་གནང་བ་བརྒྱད་དོ། །དེ་ནས་སེམས་ཅན་གྱི་དོན་བྱ་བའི་རྗེས་སུ་གནང་བ་ནི། བླ་མས། བདག་གི་མི་ཤེས་པའི་རབ་རིབ་བསལ་བར་བསམ་ཞིང༌། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཔྲཾ། ཞེས་བརྗོད་དོ། །དེ་ནས་མེ་ལོང་ལ་བལྟ་ཞིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཞེས་བརྗོད་ལ་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་དང་འདྲ་བར་དྲན་པར་བྱའོ། །དེ་ནས་དྲིལ་བུ་དཀྲོལ་ཞིང༌། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་ལ་ཆོས་ཐམས་ཅད་དྲིལ་བུའི་སྒྲ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ལ། དེའི་རང་བཞིན་ནམ་མཁའ་ལྟར་སྟོང་པར་དྲན་པར་བྱའོ། །ཡང་མེ་ལོང་ལ་བལྟ་ཞིང་ཨ་བཛྲ་སཏྭ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་བདག་ཉིད་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག ཅེས་བརྗོད་ཅིང་དེའི་དོན་མེ་ལོང་དག་པ་ལ་གཟུགས་བརྙན་འཆར་བ་ལྟར། རང་གི་སེམས་དག་པ་ལ་རྡོ་རྗེ་སེམས་དཔའ་འཇུག་པ་ཡིན་སྙམ་དུ་དྲན་པར་བྱའོ། །དེ་ནས་མདའ་གཞུ་ཐོགས་ལ། ཧོཿདེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག ཅེས་བརྗོད་ཅིང་བདག་ལ་ཆགས་པ་ཉན་ཐོས་ཀྱི་སེམས་དང༌། བདུད་དང་མུ་སྟེགས་ཀྱི་སེམས་སུན་ཕྱུང་བར་བསམ་མོ། །སེམས་ཅན་གྱི་དོན་བྱེད་པའི་རྗེས་སུ་གནང་བའོ། །དེ་ནས་ཆོས་བཤད་པའི་རྗེས་སུ་གནང་བ་ནི། ཨོཾ་བཛྲ་ཧེ་ཏུ་ཞེས་པས་རྐང་པའི་འོག་ཏུ་འཁོར་ལོ་སྦྱིན། བཛྲ་བྷཱ་ཥ་རཾ་ཞེས་པས་ལག་པ་གཡས་པར་དུང་སྦྱིན། བཛྲ་གྷཎྜེ་ཨཿཞེས་པས་ལག་པ་གཡོན་པར་དྲིལ་བུ་སྦྱིན། ཨཿཞེས་པས་ལག་པའི་དབུས་སུ་པུསྟི་སྦྱིན་པར་བསམ། དེ་ནས་བླ་མས་གསུང་བར་བསམ་ཞིང༌། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། །ཁྱོད་ལ་རྟག་ཏུ་བསྲུང་བ་མཛད། །ཅེས་བརྗོད་ནས་ཐུན་མོང་གི་ཆོས་བཤད་པའི་རྗེས་གནང་ཐུན་མོང་དུ་བྱིན་པར་བསམ། ཡང༌། སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེའི་འཁོར་ལོ། རིན་ཆེན་འཁོར་ལོ། པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར་རོ། །སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས། སྒྲ་སྒྲོགས། བཤད་པ་གྱིས། ཞེས་གསུང་བར་བསམ་ཞིང་བརྗོད་ལ། དུང་འབུད་ཅིང་དྲིལ་བུ་དཀྲོལ། ཆོས་འཆད་པར་དམ་བཅའ་བར་ཡང་བསམ་མོ། །ཆོས་བཤད་པའི་རྗེས་སུ་གནང་བ་སྟེ་རྗེས་སུ་གནང་བའོ། །དེ་ལྟར་ན་དཀྱིལ་འཁོར་ལས། ཕྱིའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས་སྙམ་དུ་བསམ་མོ། །བུམ་པའི་དབང་ངོ༌། །དེ་ནས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་དམིགས་ལ། རང་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་གསང་བའི་དབང་བླང་བའི་ཕྱིར། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་འདུག་པར་བསམ། མཎྜལ་ཕུལ་ལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ལ་སོགས་པ་ལན་གསུམ་གྱིས་གསོལ་བ་གདབ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་རང་ལ་གདོང་གཡོགས་བཅིང་བར་བསམས་ལ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་མཁའ་གསང་བྱིན་གྱིས་བརླབ། སྙོམས་པར་ཞུགས་པའི་སྒྲས་བསྐུལ་ནས། སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས། ཐུགས་ཀར་ཞུ། ཐིག་ལེར་གྱུར། རྡོ་རྗེའི་ལམ་ནས་བྱུང་བ་བདག་གི་ལྕེ་ཐོག་ཏུ་གནང་ནས། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་གསུངས་ནས་དབང་བསྐུར་བར་བསམ། དངོས་སུབདུད་རྩི་ལྕེ་ལ་བཞག དེ་མགྲིན་པའི་གནས་སུ་ཐིམ་པས་ལུས་ཐམས་ཅད་ཐིག་ལེས་གང༌། རྣམ་པར་རྟོག་པ་ཐམས་ཅད་འགག གསུང་རྣམ་པར་དག་པ་འོད་དཔག་ཏུ་མེད་པའི་ངོ་བོར་གྱུར་པར་བསམ། གསང་བའི་དབང་ཐོབ་པའི་བརྡར་གདོང་གཡོགས་ཕྱེ། དབང་དེའི་མཐའ་རྟེན་དུ་ལུང་བསྟན་པ་ནི། བླ་མ་སྤྲུལ་པའི་སྐུའི་རྣམ་པར་གྱུར་ནས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བདག་གི་སྤྱི་བོར་བཞག་ནས། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ས་འོག་ས་སྟེང་ས་བླ་གསུམ་དུ་བྷུརྦྷུ་ཝ་སྭཿ གང་ལ་ངས་ལུང་བསྟན་པ་འདི་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་དུ་ལུང་བསྟན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ་ཞེས་ལུང་བསྟན་པར་བསམ་ཞིང་བརྗོད་དོ། །དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུའི་རྟེན་འབྲེལ་མངོན་དུ་བྱས་སྙམ་དུ་དྲན་པར་བྱའོ། །གསང་བའི་དབང་ངོ༌། །དེ་ནས་བླ་མ་ཆོས་ཀྱི་སྐུར་དམིགས་ལ། རང་འོད་དཔག་མེད་ཀྱི་ང་རྒྱལ་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བླང་བའི་ཕྱིར། དཀྱིལ་འཁོར་གྱི་ནུབ་སྒོར་འདུག་པར་མོས་ནས། མཎྜལ་ཕུལ་ལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང་བར་བསམ། དེ་ནས་རང་ཉིད་སྐད་ཅིག་གིས་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པར་བསམ་ལ། མདུན་དུ་རྡོ་རྗེ་བདག་མེད་མ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་ཅིག་བླ་མས་བདག་ལ་གནང་ཞིང༌། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་གསུང་བར་བསམ། དེ་ནས་ལྷ་མོ་དེས་ཀྱང༌། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་ཅི་གར་སྤྲོ་གྱུར་ཏམ། །ཞེས་བདག་ལ་དྲིས་པར་བསམ། དེའི་ལན་དུ། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བའང་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པ། །བདག་ནི་ཅི་དགར་སྤྲོ་གྱུར་ཏོ། །ཞེས་ལན་བཏབ་པར་བསམ་མོ། །དེ་ནས་ལྷ་མོ་དེས་པདྨ་བསྟན་ནས། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུང་བར་བསམ། དེ་ནས་རང་གི་པང་དུ་བྱོན་ནས། གཉིས་ཀའི་མཁའ་གསང་བྱིན་གྱིས་བརླབ། གནས་གསུམ་དུ་ཡི་གེ་གསུམ་བསྒོམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པའི་བསམ་པས་སྙོམས་པར་ཞུགས། སྐད་ཅིག་དང་པོ་ཙུམྦ་དང་འཁྱུད་པའི་དུས་སུ་དགའ་བའི་ཡེ་ཤེས་ཉམས་སུ་མྱོང༌། གཉིས་པ་བསྲུབ་པ་དང་སྲུབ་པའི་སྦྱོར་བའི་ཚེ་མཆོག་དགའ་ཉམས་སུ་མྱོང༌། གསུམ་པ་ཕྱིའི་ཆགས་པ་དང་བྲལ་བའི་ཚེ་དགའ་བྲལ་གྱི་དགའ་བ་ཉམས་སུ་མྱོང༌། བཞི་པ་རྟོག་པ་ཐམས་ཅད་ལས་གྲོལ་བའི་ཚེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ། དེ་ཉིད་ཀྱི་ཚེ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་བབས་པ་མགྲིན་པར་སླེབ་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། དབང་གི་གནས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། དེ་ནས་ཡུམ་གྱི་ཁམས་དང་བཅས་པ་རླུང་གི་ནུས་པས་ཡར་དྲང༌། ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། དེའི་ཚེ་ལུས་ཐམས་ཅད་ཐིག་ལེས་གང༌། དེ་ཐམས་ཅད་བདེ་བས་ཁྱབ། བདེ་བ་མི་རྟོག་པ་དང་ཟུང་དུ་ཆུད་པར་བསྒོམས་ལ་སེམས་མཉམ་པར་གཞག་གོ །ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་ཕྱེ། དེ་ནས་དབང་དེའི་མཐའ་རྟེན་དབུགས་དབྱུང་བ་ནི། བླ་མས། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་གསུང་བར་བསམས་ལ། དེའི་དོན་དྲན་པར་བྱའོ། །དེ་ནས་རང་གི་ལུས་བླ་མ་དང་དཀྱིལ་འཁོར་ལ་ཕུལ་བར་བསམ་ཞིང༌། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད། སླར་ཡང་བླ་མའི་ཞལ་ནས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་གསུང་བར་བསམ་ཞིང་ཇི་སྐད་གསུངས་པ་བཞིན་བསྒྲུབ་པར་ཁས་བླངས་པར་བསམ་མོ། །འབྲས་བུའི་དུས་ཀྱི་དབུགས་དབྱུང་བའོ། །དེ་ནས་ལམ་དུས་ཀྱི་དབུགས་དབྱུང་བ་ནི། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པར་མི་བྱ་ཞིང༌། །སེམས་ཅན་རྣམས་ལ་གདུག་བྱམས་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་མི་བྱ་ཞིང༌། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་བཅང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མ་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང༌། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་ཏུ་བྱ། །ཞེས་བླ་མས་གསུང་བར་བསམ་ཞིང༌། དེའི་དོན་དྲན་པར་བྱའོ། །དབུགས་དབྱུང་བའོ། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་བླ་མ་ངོ་བོ་ཉིད་ཀྱི་སྐུར་དམིགས་ནས། རང་མི་བསྐྱོད་པའི་ང་རྒྱལ་གྱིས་དབང་བཞི་པ་བླང་བའི་ཕྱིར། དཀྱིལ་འཁོར་གྱི་བྱང་སྒོར་འདུག་པར་བསམས་ལ། མཎྜལ་ཕུལ་ནས། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང་བར་བསམ། དེ་ནས་ལུས་སྐྱིལ་ཀྲུང་ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱ། དེ་ནས་ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་གསུང་བར་བསམ་ཞིང༌། དེའི་དོན་ཡང༌། རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་ལས་གྲོལ་བ་ཡིན་པར་བསམས་ལ། དེའི་ངང་ལ་ཡིད་མཉམ་པར་གཞག་གོ །དེ་ལས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་དབྱེ། དེ་ནས་གཟེངས་བསྟོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིས་ནི་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་ཆོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་བླ་མས་གསུང་བར་བསམ་ཞིང༌། དེའི་དོན་ཡང་དྲན་པར་བྱའོ། །གཟེངས་བསྟོད་པའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། དྲི་མ་བག་ཆགས་དང་བཅས་པ་དག ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་སྙམ་དུ་བསམ། དབང་བཞི་པའོ། །དཀྱིལ་འཁོར་ཆེན་པོར་འཇུག་པ་དང༌། དབང་བླང་བའི་ཆོ་ག་རྫོགས་སོ།།  །།དེ་ནས་དམ་ཚིག་ཐམས་ཅད་བསྡུས་ཏེ་ཁས་བླང་བའི་བསམ་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་གཏང་རག་འབུལ་བའི་དོན་དུ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་རང་དང་དཀྱིལ་འཁོར་ཐ་མི་དད་པར་བསམས་ལ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཀྱེ་ཡི་རྡོ་རྗེ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པ་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་ལན་གཅིག་བརྗོད་པའི་རྗེས་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཐོང་བར་གྱུར་ཅིག་ཅེས་བསམ་ཞིང༌། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ན། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཀུན་གྱིས་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །དེ་ལྟར་བདག་ཉིད་འཇུག་པ་ཚར་བ་དང༌། གཏོར་མ་རྣམས་སྟ་གོན་གྱི་སྐབས་བཞིན་དུ་གཏང༌། ཚོགས་ལ་ལོངས་སྤྱད་པ་ནས་ལྷག་མའི་བར་སྟ་གོན་བཞིན་བྱའོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ནི། དཀྱིལ་འཁོར་ལ་མཆོད་པ་དང་བསྟོད་པ་བྱས་ནས། བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དངོས་གྲུབ་བླང༌། རིགས་སུ་སྐྱེ་དང་དམ་ཚིག་ཅན་ལ་སོགས་པས་སྨོན་ལམ་གདབ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ལན་གསུམ་གྱིས་བཟོད་པར་གསོལ། ཡི་གེ་བརྒྱ་པ་བརྗོད་ལ་ཆོ་ག་ལྷག་ཆད་ཁ་བསྐང༌། རས་རིས་ལ་བརྟེན་པ་ཡིན་ན་གཤེགས་སུ་གསོལ་མི་དགོས། དེ་ནས་གཏོར་མའི་མགྲོན་གཤེགས་སུ་གསོལ། ལས་ཀྱི་རྗེས་བསྡུ། རང་གི་གནས་གསུམ་བསྲུང༌། དེ་ནས་ཅི་བདེ་བར་སྤྱོད། མཇུག་གི་ཆོ་གའོ། །ཚུལ་འདི་ཡང་ནས་ཡང་དུ་བདག་འཇུག་གི་ཆོ་ག་བླངས་ནས་རིང་པོར་མི་ཐོགས་པར་ཀྱེ་རྡོ་རྗེའི་གོ་འཕང་ཐོབ་པར་འགྱུར་རོ། །གསུང་རབ་སྙིང་པོ་རྣལ་འབྱོར་མ་རྒྱུད་ཀྱི། །ལམ་གྱི་སྙིང་པོ་དབང་ཉིད་ཡིན་པར་གསུངས། །དེ་ཡི་ཆོ་ག་སྙིང་པོ་རབ་གསལ་བ། །འདི་ནི་འཕགས་པ་ཞེས་བྱས་ལེགས་སྦྱར་ནས། །བསོད་ནམས་དབང་ཕྱུག་རིགས་གཟུགས་འབྱོར་ལྡན་ཞིང༌། །དད་ལྡན་བློ་གྲོས་བརྩེ་བའི་ངང་ཚུལ་ཅན། །རྒྱལ་སྲས་ཇིམ་གྱིན་ཉིད་ལ་འབུལ་ལགས་ཀྱིས། །ཀུན་ནས་འདུན་པའི་ཐུགས་ཀྱིས་བཞེས་སུ་གསོལ། །དགེ་བ་གང་ཞིག་ཚ་ཟེར་བྱེད་པ་ཡི། །འོད་ཟེར་ལྟ་བུ་ཉེ་བར་འབར་བ་ཡིས། །སྐྱེ་དགུའི་ཡིད་ཀྱི་མུན་པ་རབ་བསལ་ནས། །ཐམས་ཅད་མཁྱེན་པའི་སྣང་བ་ཐོབ་པར་ཤོག །བཅོམ་ལྡན་འདས་དཔལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་སྙིང་པོ་གསལ་བ་ཞེས་བྱ་བ་རྒྱལ་བུ་ཇིམ་གྱིན་གྱིས་བསྐུལ་ནས། ལུང་དང་རིགས་པའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྨྲ་བ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། ལྕགས་ཕོ་སྤྲེའུའི་ལོ་སྨལ་པོའི་ཟླ་བ་ལ་ཚར་བར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*