དམ་ཚིག་གསུམ་གྱི་གླུའི་རྗེས་ལ་བྱ་བའི་སྨོན་ལམ།

༼པ༽

༄༅། །དམ་ཚིག་གསུམ་གྱི་གླུའི་རྗེས་ལ་བྱ་བའི་སྨོན་ལམ་བཞུགས།།

༄༅། །དམ་ཚིག་གསུམ་གྱི་གླུའི་རྗེས་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ། བདག་གིས་བདེ་བར་གཤེགས་པའི་གསུང་རབ་ལས་འབྱུང་བ་བཞིན། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་དང༌། སྔགས་ཀྱི་བཟླས་པ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། མཆོད་པ་དང༌། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང༌། དམ་ཚིག་དང་སྡོམ་པ་ཡང་དག་པར་བླངས་པ་དང༌། དབང་བསྐུར་བ་རྣམ་པ་བཞི་མཐའ་རྟེན་དང་བཅས་པ་ཚུལ་བཞིན་དུ་བླངས་པས། བདག་ཅག་གི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་གྱུར་པའི་བདེན་པ་དང༌། བདེན་པའི་བྱིན་གྱི་རླབས་ཀྱིས་ཡོན་བདག་གམ་བསྒྲུབ་བྱ་ཆེ་གེ་མོ་ཞེས་བྱ་བའི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང༌། གདོན་དང༌། མི་དང་མི་མ་ཡིན་པའི་བར་དུ་གཅོད་པ་དང༌། གཟའ་དང་རྒྱུ་སྐར་གྱི་གནོད་པ་དང༌། ཀླུ་དང་ས་བདག་གི་གནོད་པ་དང༌། ཕས་ཀྱི་སྦོད་གཏོང་དང༌། བྱད་སྟེམས་དང༌། བརྟན་པ་དང་གཡོ་བའི་དུག་གི་གནོད་པ་དང༌། རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག ཚེ་དང་དཔལ་དང་འབྱོར་པ་དང༌། དབང་ཕྱུག་དང༌། ཡོན་ཏན་དང༌། ཕྲིན་ལས་རྣམ་པར་རྒྱས་ནས། བདེ་བར་གཤེགས་པའི་བསྟན་པ་དང༌། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག བདག་ཅག་ཐམས་ཅད་ཀྱི་ཡང་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ཞིང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང་མཐར་ཐུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་མགྲིན་གཅིག་ཏུ་ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་ལ་སོགས་པ་བརྗོད་དོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*