བསྙེན་པའི་གྲངས་ཚད་ཀྱི་ཞུས་ལེན།

༼པ༽

༄༅། །བསྙེན་པའི་གྲངས་ཚད་ཀྱི་ཞུས་ལེན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དད་པས་དྲི་བར་བྱེད་པ་གང་ཡིན་པ། །དེ་ཡི་ལན་འགའ་བརྗོད་པར་བྱ་ཡིས་དང༌། །རབ་ཏུ་འདུན་པས་རྣ་བ་བླགས་ཏེ་ཉོན། །དགྱེས་རྡོར་གྱི་བསྙེན་པ་ལ་སྙིང་པོ་ལ་འབུམ་ཕྲག་བརྒྱད་ཅུ་རྩ་དྲུག་བཟླས་ནས། རྩ་སྔགས་འབུམ་ཕྲག་བརྒྱད་བཟླས་ནས། གྲངས་ཀྱི་བསྙེན་པ་རྫོགས་པ་ཡིན་པས། དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་ཐམས་ཅད་ལ་འཇུག་པར་དབང་ཞིང༌། ཕྲིན་ལས་ཐམས་ཅད་ལ་འཇུག་ཏུ་རུང་བ་ཡིན། ཉེ་སྙིང་ལ་སྒོས་སུ་བསྙེན་པ་མི་དགོས། རྡོ་རྗེ་གྲི་གུག་གི་ཆོ་ག་ལ་སོགས་པ་ཁོ་རང་གི་ལས་སྦྱོར་བྱེད་ན་དགོས་པ་ཡིན། སྙིང་པོ་རྐྱང་པའི་བསྙེན་པ་སོང་བས་དཀྱིལ་འཁོར་གྱི་ཆོ་ག་ལ་འཇུག་ཏུ་རུང་བར་མངོན་ཏེ། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །ཞེས་དམིགས་ཀྱིས་བསལ་བར་མཛད་པ་ཡིན། གོ་རིམ་སྙིང་པོའི་རྗེས་ལ་རྩ་སྔགས་བྱེད་པ་ཡིན། རྣམ་འཇོམས་ཀྱི་སྙིང་པོ་ལ་ལོགས་སུ་བཟླས་པའི་ལག་ལེན་མེད། ཡང་སྙིང་གི་ཚད་འབུམ་ཕྲག་བཅུ་ཡིན། གཟུངས་རིང་གི་གྲངས་འབུམ་ཕྲག་བཞི་ཡིན། རྩ་སྔགས་སྙིང་པོ་ཉེ་སྙིང་གསུམ། །གྲིལ་བའང་དེ་ལས་གཞན་པ་མེད། །དཀྱིལ་འཁོར་དྲན་རྫོགས་སུ་བསྒོམས་པ་དེ། སྤྱིར་གང་ཟག་གིས་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་བསྒོམ་རྒྱུ་ཡིན། འོན་ཀྱང་ལས་དང་པོའི་ཡང་ཐུན་གྲངས་ཁ་སྐོང་བ་ལ་བསྒོམ་དུ་རུང་བ་ཡིན། རྣལ་འབྱོར་བླ་མེད་ཀྱི་བསྙེན་པ་ལ་གནས་དུས་ངེས་པར་བརྒྱ་རྩའི་ངེས་པ་མེད། ཕྲེང་བའི་གྲངས་ཇི་ཙམ་ཡོད་པའི་སྐོར་རེའང་བསྙེན་པའི་གྲངས་སུ་བརྩིར་བཏུབ། རྣལ་འབྱོར་གྱི་རྒྱུད་མན་ཆད་ལ་གནས་གཅིག་ཏུ་དུས་གཅིག་རྒྱུན་གཅིག་ལ་རྫོགས་པར་དགོས་པར་བཤད། དེ་ལྟར་བསམ་པ་དག་པས་དྲིས་པའི་ལན། །བཏབ་པ་དེ་ཡི་དགེ་བས་དྲི་བ་པོའི། །བསམ་པ་ཐམས་ཅད་ཆོས་བཞིན་ཡོངས་རྫོགས་ནས། །མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག།  །།ཡང་སྙིང་པོའི་བསྙེན་པ་བྱེད་པའི་དུས་སུའང་དཀྱིལ་འཁོར་རྫོགས་པར་བསྒོམས་ནས་བྱས་ན་བསོད་ནམས་ཆེ་བས་རྫོགས་པར་བསྒོམས་ལ་གྱིས། །དེ་ལྟར་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན། དཔའ་བོ་གཅིག་པ་བསྒོམས་ནས་བྱེད་པ་དེ་དཀྱིལ་འཁོར་རྫོགས་པར་བསྒོམ་པ་ལ་དམིགས་པ་མི་གསལ་གྱིས་དོགས་པ་ལ་དགོངས་པ་ཡིན། གཙོ་བོ་དང་འཁོར་གྱི་བསྙེན་པའི་གོ་རིམ་ལ་གཙོ་བོ་ལ་སྟོང་ཕྲག་རེ་སོང་ནས་འཁོར་གྱི་བརྒྱ་ཕྲག་རེ་ཟློས་པའམ། གཙོ་བོའི་བརྒྱ་ཕྲག་རེ་སོང་ནས་འཁོར་གྱི་ཉི་ཤུ་རྩ་བཞི་ཟློས་པ་གང་བདེ་འབྲེལ་པ་ཅན་དུ་གྱིས། ཕྱག་གཉིས་པའི་བསྙེན་པ་གྲངས་ཚད་འབུམ་ཕྲག་བཅུ་གསུམ་བརྒྱད་འགྱུར་ཡིན་གསུང༌། བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་ངག་ཡི་གེར་མཛད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*