རྒྱལ་བུ་ཇི་བིག་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།

༼པ༽

༄༅། །རྒྱལ་བུ་ཇི་བིག་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཞུགས།།

༄༅། །ན་མོ་སངས་རྒྱས་རྣམ་པར་རྒྱས་པའི་པདྨོ་ལྟར། །མཁྱེན་པ་ཀུན་ནས་རྒྱས་པའི་དཔལ་མངའ་ཞིང༌། །སྙན་པར་གྲགས་པའི་དྲི་བསྲུང་རབ་ལྡང་བ། །ཐུབ་པ་པདྨོའི་བཀྲ་ཤིས་དེང་འདིར་ཤོག །དམ་ཆོས་ཡོངས་སུ་སྨིན་པའི་སྦྲང་རྩི་ལྟར། །ཐོག་མཐའ་བར་དུ་དག་པའི་འབྲས་འབྱིན་ཞིང༌། །གང་གིས་མྱངས་པ་དེ་ཡི་དཔལ་གྱུར་པ། །གསུང་རབ་བདུད་རྩིའི་བཀྲ་ཤིས་དེང་འདིར་ཤོག །དགེ་འདུན་འདབ་གཤོག་རྒྱས་པའི་བུང་བ་ལྟར། །ལེགས་བཤད་སྦྲང་རྩིས་བློ་གྲོས་ལུས་རྒྱས་ཤིང༌། །དམ་ཆོས་སྒྲ་དབྱངས་དར་དིར་ལེགས་སྒྲོགས་པ། །ཚོགས་མཆོག་མཁའ་འགྲོའི་བཀྲ་ཤིས་དེང་འདིར་ཤོག །དཀོན་མཆོག་དགེ་བ་དེ་དག་འབྱུང་བའི་གནས། །ཡོན་ཏན་རིན་ཆེན་དུ་མའི་གཏེར་གྱུར་ཅིང༌། །ཉེས་པ་བཀྲུ་བའི་འཇུག་ངོགས་མཆོག་གྱུར་པ། །བླ་མ་པད་རྫིང་དམ་པའི་བཀྲ་ཤིས་ཤོག །ཆོས་ཀྱི་དབྱིངས་ལས་བྱུང་གྱུར་ཞིང༌། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་གྱུར་པ། །སྒྲོལ་མས་རྟག་ཏུ་སྐྱོང་གྱུར་ཅིག །རྒྱལ་བུ་ཇི་བིག་ཡབ་ཡུམ་ལའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*