རྩ་བའི་བླ་མ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ།

༼པ༽

༄༅། །རྩ་བའི་བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་བཞུགས།།

༄༅། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང༌། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང༌། གནས་སྐབས་ཀྱི་རྐྱེན་ལས་གྱུར་པ་དང༌། མི་དང་མི་མ་ཡིན་པ་དང༌། འབྱུང་བའི་གནོད་པ་དང༌། ཉེ་བར་འཚེ་བ་དང༌། ནད་དང་སྐལ་བ་ངན་པ་དང༌། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང༌། དཔལ་དང༌། འབྱོར་པ་དང༌། དགེ་ལེགས་དང༌། དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང༌། མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པར་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང༌། གཞན་གྱི་དོན་ལ་སྐྱོ་བ་དང༌། བདག་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང༌། བག་ཡོད་པ་དང༌། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང༌། སྡིག་པ་དང༌། སྒྲིབ་པ་དང༌། ལྟུང་བ་དང༌། ཉེས་པའི་དྲི་མས་མི་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང༌། སྙིང་རྗེ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས། ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང༌། རྟོགས་པ་དགེ་བ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་ཉིད་འཆི་བའི་དུས་བྱེད་པར་འགྱུར་བ་དེའི་ཚེ། ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང༌། ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་བ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང༌། སྤྲོ་བ་དང༌། ཡིད་གསལ་བ་མཆོག་དང་ལྡན་ཞིང༌། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། དཔའ་བོ་དང༌། རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང༌། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུ་སྟེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང༌། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང༌། མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང༌། སྲིད་པ་དང་ཞི་བའི་འབྱོར་བ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་སྟེ་ཆོས་ཀྱི་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་བཏང་ཞིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ། ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རང་གི་རྩ་བའི་བླ་མ་དམ་པ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་གདབ་པའི་ཚིག་འདི་ནི། དགེ་སློང་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ལ། དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང༌། བསོད་སྙོམས་དང༌། སྟན་གཅིག་པ་དང༌། ཕྱིས་མི་ལེན་པའི་བརྟུལ་ཞུགས་ལ་ལེགས་པར་གནས་པ། དགེ་སློང་གནས་བརྟན་བྱང་ཆུབ་བཟང་པོ་ཞེས་བྱ་བས་གསོལ་བ་བཏབ་ནས་མེ་མོ་ཡོས་བུའི་ལོ་སྨིན་དྲུག་གི་ཟླ་བའི་ཡར་གྱི་ངོའི་ཚེས་བཅུ་བཞིའི་ཉིན་པར་གནམ་གྱི་སའི་ཆ་ལ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*