ཆོས་རྗེ་པའི་རྣམ་ཐར་བསྡུས་པ།

༼པ༽

༄༅། །ཆོས་རྗེ་པའི་རྣམ་ཐར་བསྡུས་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རང་བཞིན་ཀུན་ནས་རྣམ་དག་བརྗོད་པའི་ཡུལ་ལས་རབ་འདས་ཀྱང༌། །སྨོན་ལམ་མཐར་ཕྱིན་གཞན་གྱི་དབང་གིས་རྣམ་པ་སྣ་ཚོགས་ཀུན་སྤྲུལ་ཞིང༌། །སྲིད་ཞིའི་དབང་ཕྱུག་མགོན་པོ་དེ་ཉིད་གསུམ་པོ་རང་བཞིན་འགྱུར་མེད་སྐུ། །བླ་མ་མཆོག་ལ་གུས་པས་བཏུད་ནས་རྣམ་ཐར་ཆ་ཙམ་བདག་གིས་བརྗོད། །བདག་ཅག་གི་བླ་མ་དམ་པ་ཆོས་ཀྱི་རྗེ་འདི་ནི་ངེས་པར་རྡོ་རྗེ་འཆང་ཆེན་པོ་ཡིན་མོད། དེ་ལྟ་ནའང་སོ་སོའི་སྐྱེ་བོར་མཐོང་ཞིང་བརྟགས་སོ། །འོན་ཀྱང་ངོ་མཚར་བའི་རྣམ་པར་ཐར་པ་འགའ་ཞིག་མཐོང་སྟེ། འདི་ལྟར་ཀླུའི་རྒྱལ་པོའི་ཚུལ་དུ་ཡུམ་ལ་རྨི་ལྟས་བསྟན་ནས་ལྷུམས་སུ་ཞུགས་ཤིང་བལྟམས་པའི་ཚེ་ན་རྒྱ་གར་དང་བོད་ཀྱི་ཡི་གེའི་ཕྱི་མོ་རྣམས་འདྲི་ཞིང་ལྟ་བ་དང༌། ཅུང་ཟད་མནོ་ཤེས་པའི་དུས་ནའང་ཤེས་བྱ་ཕལ་ཆེ་བ་ལ་འབད་པ་མེད་པར་ཐུགས་སུ་ཆུད་ཅིང་ཉིད་ཀྱི་སློབ་དཔོན་དུ་གྱུར་པ་དེ་དག་ཀྱང་སྤྲུལ་པ་དང་བྱིན་གྱིས་བརླབས་པ་ཡིན་གྱིས་རང་རྒྱུད་པ་མ་ཡིན་ནོ། །འདིའི་མནལ་ལམ་དུ་ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པ་དང༌། དབྱིག་གཉེན་ལ་སོགས་པ་རྣམས་ལས་རྟོག་གེ་དང་མངོན་པ་ལ་སོགས་པ་དུ་མ་གསན་ནས། དེ་དང་དེའི་ཆོས་ཕྱོགས་སུ་གཏོགས་པ་རྣམས་དཔྱིས་ཕྱིན་ཅིང་ལྷག་མ་མ་ལུས་པར་ཐུགས་སུ་ཆུད་པར་གྱུར་ཏོ། །དེའང་དངོས་སུ་འཇམ་པའི་དབྱངས་དང༌། མི་གཡོ་མགོན་པོ་དང༌། སྒྲོལ་མ་ལ་སོགས་པ་རྣམས་ཀྱི་ཞལ་གཟིགས་ཤིང་དེ་དག་གིས་དབུགས་ཕྱུང་ནས་ཆོས་ཀྱི་སྒོ་དུ་མ་ཡང་བསྟན་ལ། དེ་ལ་བརྟེན་ནས་ཏིང་ངེ་འཛིན་དང་ཡོན་ཏན་གྱི་ཆོས་དུ་མ་སྐྱེས་པར་གྱུར་ཏོ། །གཞན་ཡང་སྐུ་ཞི་ཀར་གྱུར་པ་ལ་ཉེ་བའི་ཚེ། རྗེ་བཙུན་རིན་པོ་ཆེ་དང༌། བིརྺ་པ་དང༌། ནག་པོ་པ་གསུམ་གྱིས་ཁྱོད་སྐྱེ་བ་ཐོག་མ་མེད་པ་ནས་སྦྱངས་ཤིང༌། ཁྱད་པར་དུའང་སྐྱེ་བ་ཉི་ཤུ་རྩ་ལྔར་མི་ནས་མིར་གྱུར་ཏེ། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང༌། རིག་པའི་གནས་ལྔ་ལ་སྦྱངས་པ་ཡིན་པས། འདི་ཉིད་ཀྱི་འོག་ཏུ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དུ་མ་བརྒལ་བའི་ཕ་རོལ་ཏུ་མཁའ་ལ་གནས་པའི་རིག་པ་འཛིན་པར་གྱུར་ནས། དེ་བཞིན་གཤེགས་པ་དུ་མ་མཉེས་པར་བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་དུ་མ་ཡོངས་སུ་སྨིན་པར་བྱས་ནས། ས་དང་ལམ་རྣམས་ཕལ་ཆེར་བགྲོད་དེ། སྐྱེ་བ་གསུམ་པ་ལ་འཇམ་བུའི་གླིང་འདི་ཉིད་ཀྱི་ཤར་ཕྱོགས་ཀྱི་ལྷོ་ལ་ཉེ་བའི་རྒྱ་གར་ན། མུ་མུ་ནི་ཞེས་བྱ་བར་རྒྱལ་པོ་ཉི་མའི་སྟོབས་འཕེལ་བ་ཞེས་བྱ་བའི་སྲས་སུ་གྱུར་ནས། བདེ་བར་གཤེགས་པའི་བསྟན་པ་རྒྱས་པར་བྱས་ཏེ། སྐྱེ་བ་བཞི་པ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་དུ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་འཚང་རྒྱ་བར་ལུང་བསྟན་ཞིང་དབུགས་འབྱུང་བ་མཛད་དོ། །སྨལ་པོའི་ཚེས་བཅུ་བཞིའི་ཐོ་རངས་ལྷའི་ཚོགས་དུ་མས་རབ་ཏུ་མཆོད་ཅིང༌། མངོན་པར་བསུས་ཏེ་ཞི་བར་གཤེགས་སོ། །སྐུ་གདུང་ཕལ་ཆེར་རིང་བསྲེལ་དུ་གྱུར་ཏོ། །རྡོ་རྗེ་འཆང་དབང་ཆེན་པོ་ལ། །དུང་ལ་སེར་པོར་མཐོང་ལྟ་བུར། །སོ་སོའི་སྐྱེ་བོར་བརྟགས་པ་འཁྲུལ། །བཟོད་པར་མཛོད་ཅིག་བྱིན་གྱིས་རློབས། །བླ་མ་ཆོས་ཀྱི་རྗེ་རིན་པོ་ཆེ་བདེ་བ་ནས་བདེ་བར་གཤེགས་པས་ལུང་བསྟན་པའི་ཆ་ཟུར་ཙམ་བརྗོད་པ། བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*