བླ་མའི་རྣལ་འབྱོར།

༼པ༽

༄༅། །བླ་མའི་རྣལ་འབྱོར་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས་སྟན་བདེ་བ་ལ་བསྡད་ནས། བླ་མ་དང་དཀོན་མཆོག་གསུམ་པ་སྐྱབས་འགྲོ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བླ་མའི་རྣལ་འབྱོར་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྐད་ཅིག་གིས་རང་འདུག་པའི་གནས་དེ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དུ་བསྒོམ། དེའི་ནང་དུ་རིན་པོ་ཆེའི་ཁྲི་པདྨ་དང༌། ཉི་ཟླའི་སྟེང་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་བདག་ལ་དགེས་བཞིན་དུ་བཞུགས་པར་བསམ། དེའི་མཐའ་མ་ན་བརྒྱུད་པའི་བླ་མ་རྣམས་དང༌། དེའི་མཐའ་མ་ན་ཡི་དམ་གྱི་ལྷ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་བསྐོར་བ་བཞུགས་པར་བསམ། དེའི་མདུན་དུ་རང་གིས་ཕྱག་འཚལ་ནས། ཨརྒྷ་པཱ་དྱཾ་ལ་སོགས་པ་ཕྱིའི་མཆོད་པས་མཆོད་པར་བསམ། དེ་ནས་རང་གི་དགྲ་ཐམས་ཅད་དང༌། དེ་ནས་གཉེན་དང་འཁོར་རྣམས་དང༌། དེ་ནས་ལོངས་སྤྱོད་ཐམས་ཅད་ཕུལ་ནས། རང་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་དབུལ་ལོ། །དེ་ནས་རང་དང་བླ་མའི་བར་དུ་ཐོད་པ་སྐམ་པོའི་སྒྱེད་བུ་ཆེན་པོ་གསུམ་ཡོད་པར་བསམ་མོ། །དེ་ནས་ཡེ་ཤེས་ཀྱི་གྲི་རྣོན་པོ་ཞིག་གིས་རང་གི་སྨིན་མཚམས་ཀྱི་ཐད་ཀ་ནས་ཐོད་པ་བྲེགས་ཏེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཟངས་ཀྱི་ཚུལ་དུ་དཔྲལ་བ་རང་ལ་བསྟན་ནས་གཞག དེ་ནས་རྐང་པ་གཡས་པ་བཅད་ནས་ནང་དུ་དབུལ། དེ་ནས་རིམ་བཞིན་རྐང་པ་གཡོན་པ། དེ་ནས་རོ་སྨད། དེ་ནས་རོ་སྟོད། དེ་ནས་ལག་པ་གཡོན་པ། དེ་ནས་མགོ་མཐར་ལག་པ་གཡས་པ་ཕུལ་ལ། རང་ཡིད་ཀྱི་གཟུགས་སུ་གནས་པ་དེས། འདི་ལྟར་བསྒོམ་མོ། །ཐོད་པའི་འོག་ཏུ་ཡྃ་ལས་རླུང༌། རྃ་ལས་མེ། ཐོད་པའི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་ལ་བལྟས་པ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་ལ་ཧཱུྃ་གིས་མཚན་པ་བསྐྱེད་ནས། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་མེ་སྦར། ཐོད་པའི་ནང་གི་རྫས་ཐམས་ཅད་ཞུ། རླངས་པ་གྱེན་དུ་སོང་ནས་ཨོཾ་ལ་ཕོག་པས་ཨོཾ་ལས་བདུད་རྩིའི་རྒྱུན་འཛག རྡོ་རྗེ་ལ་ཕོག་པས་རྡོ་རྗེ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དང་བརྟན་གཡོ་ཐམས་ཅད་ཀྱི་བཅུད་རྣམས་བསྡུས། རྡོ་རྗེ་ལ་ཐིམ། རྡོ་རྗེ་ཨོཾ་དང་བཅས་པ་ལྷུང་ནས་ཐོད་པའི་ནང་དུ་ཐམས་ཅད་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ནས། ཨོཾ་ཨཱཿཧཱུྃ་ཞེས་ཡང་ཡང་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་གིས་བཤམས་པའི་མཆོད་པ་འདི། བདག་ལ་ཐུགས་བརྩེ་བས་བཞེས་སུ་གསོལ་ཞེས་ལན་གསུམ་གསོལ་བ་བཏབ་པས། བླ་མ་དམ་པའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས། བདུད་རྩི་གསོལ་བས་བླ་མའི་སྐུ་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་བསམ། དེ་བཞིན་དུ་བླ་མ་བརྒྱུད་པ་རྣམས་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསོལ་བས་མཉེས་པར་གྱུར་པར་བསམ། དེའི་ལྷག་མ་འོད་ཀྱི་ཚུལ་དུ་འཕྲོས་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བྱིན་པས་སེམས་ཅན་གྱི་ངན་སོང་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ། ལྷ་དང་མིའི་ལུས་ཕུན་སུམ་ཚོགས་པ་ཐོབ་ནས། ཟག་པ་མེད་པའི་ཏིང་ངེ་འཛིན་དང་ཡེ་ཤེས་སྐྱེས་པར་བསམ། དེ་དག་ནི་ཞེན་པ་སྤང་བའོ། །དེ་ནས་དངོས་གྲུབ་བསླང་བ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་རིན་པོ་ཆེས་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་བླ་མའི་དཔྲལ་བ། མགྲིན་པ། ཐུགས་ཀར་སྐུ་གསུང་ཐུགས་ཀྱི་ངོ་བོ་ཨོཾ་ཨཱཿཧཱུྃ་གསུམ་བསྒོམ། རང་གི་དཔྲལ་བ། མགྲིན་པ། སྙིང་གར་ལུས་ངག་ཡིད་གསུམ་གྱི་རྩ་བ་ཨོཾ་ཨཱཿཧཱུྃ་གསུམ་བསྒོམས་ནས། བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ་འཕྲོས། རང་གི་དཔྲལ་བའི་ཨོཾ་ལ་ཕོག་ནས་ལུས་ལ་ཞུགས་པས་ལུས་ཐམས་ཅད་དཀར་མེར་སོང༌། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། སྐུའི་དངོས་གྲུབ་སྩལ་བར་བསམ། ཡང་བླ་མའི་མགྲིན་པའི་ཨཱཿལས་འོད་དམར་པོ་འཕྲོས་པས། རང་གི་མགྲིན་པའི་ཨཱཿལ་ཕོག་ནས་ལུས་ལ་ཞུགས་པས་ལུས་ཐམས་ཅད་དམར་མེར་སོང༌། ངག་གི་དྲི་མ་དག གསང་བའི་དབང་ཐོབ། གསུང་གི་དངོས་གྲུབ་སྩལ་བར་བསམ། ཡང་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་འཕྲོས་པས། རང་གི་སྙིང་གའི་ཧཱུྃ་ལ་ཕོག་པས་ལུས་ཐམས་ཅད་སྔོ་མེར་སོང༌། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་དངོས་གྲུབ་སྩལ་བར་བསམ། དེ་ནས་སྐུ་ཐམས་ཅད་ལས་འོད་ཟེར་སྣ་ཚོགས་འཇའ་ཚོན་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས་པས། རང་གི་ལུས་ཐམས་ཅད་ལ་ཞུགས་པས་ལུས་ཐམས་ཅད་འཇའ་ཚོན་གྱི་རྣམ་པ་ལྟ་བུར་གྱུར། ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་དག དབང་བཞི་པ་ཐོབ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་དངོས་གྲུབ་སྩལ་བར་བསམ། དངོས་གྲུབ་བསླང་བའོ། །དེ་ནས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་མ་བརྒྱུད་པ་ཐམས་ཅད་བླ་མ་ལ་བསྡུ། བླ་མ་རང་དང་གཉིས་སུ་མེད་པར་གྱུར་ནས་ངོ་བོ་ཐ་མི་དད་པར་བསྒོམས་ནས། སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཟག་པ་མེད་པའི་དབྱིངས་སུ་མཉམ་པར་བཞག་ལ། རྣམ་པར་རྟོག་པས་མ་གཡེངས་པར་མི་མནོ་མི་བསམ་པའི་ངང་ལ་མཉམ་པར་གཞག་གོ །དེ་ནས་ཡིད་འཕྲོ་བར་གྱུར་ན། དགེ་བའི་རྩ་བ་འདིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་བསྔོ་བར་བྱ། དངོས་གཞི་དེ་ཐུན་གསུམ་མམ། བཞི་ལ་སོགས་པར་བསྒོམ། སྤྱོད་ལམ་ཐམས་ཅད་ཡི་དམ་ལྷའི་ང་རྒྱལ་གྱིས་བྱ། དུས་ཐམས་ཅད་དུ་བླ་མ་ལ་མོས་གུས་མི་བརྗེད་པར་བྱ། སྐྱོན་མི་གཟུང༌། ཡོན་ཏན་འབའ་ཞིག་གཟུང༌། སྤྱོད་པ་མི་འཐད་པར་མཐོང་ན་རང་གི་སྐྱོན་དུ་ཤེས་པར་བྱའོ། །ཡོན་ཏན་དང་ལེགས་པ་མཐོང་ན་དགའ་བ་བསྒོམ། རང་ལ་སྡུག་བསྔལ་བྱུང་ན་སྔོན་གྱི་ལས་ངན་དུ་ཤེས་པར་བྱ། བདེ་སྐྱིད་བྱུང་ན་བླ་མའི་དྲིན་དུ་ཤེས་པར་བྱའོ། །ཐུན་མཚམས་ཐམས་ཅད་དུ་དེ་བཞིན་དུ་སྤྱད་དོ། །ཚུལ་འདི་དུས་རྟག་ཏུ་བསྒོམས་པ་ན་རིང་པོར་མི་ཐོགས་པར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །བླ་མའི་རྣལ་འབྱོར་གྱི་མན་ངག་ཆོས་རྗེ་ས་སྐྱ་པའི་ཞལ་གདམས་འཕགས་པས་ལའོ་ཤུའི་དོན་དུ་ཡི་གེར་བཀོད་པའོ།།  །།འདིས་བསྟན་པ་དང་སངས་རྒྱས་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*