བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ།

༼པ༽

༄༅། །བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྩ་བའི་བླ་མ་ལ་གསོལ་བ་འདེབས་པར་འདོད་པས། མཆོད་ཡོན་ལ་སོགས་པའི་མཆོད་པ་ཅི་འབྱོར་པ་བཤམ། རས་ལ་སོགས་པའི་གཞི་གཙང་མའི་སྟེང་དུ། མཎྜལ་ཁྲུ་གང་གི་ཚད་དང་ལྡན་པ་གཞག དྲི་བཟང་དང་སྦྱར་བའི་ཆུ་དང་མེ་ཏོག་སོ་མ་སྟ་གོན་དུ་བྱ། དེ་ནས་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་ལ་གསོལ་བ་གདབ་སྙམ་དུ་སེམས་བསྐྱེད་ནས། མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་བླ་མ་དམ་པ་དཔལ་དང་གཟི་བརྗིད་འབར་ཞིང་བདག་ལ་དགེས་བཞིན་དུ་བཞུགས་པ་ལ་བླ་མ་བརྒྱུད་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཞུགས་པར་བསམ། རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས། ན་མོ་གུ་རུ་བྷྱཿ ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷ་ཡ། ཞེས་བརྗོད་ཅིང་ཡིད་ཀྱིས་ཕྱག་འཚལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ལ་སོགས་པས་མཆོད་ནས། དྲིའི་ཆུ་ལག་པ་གཡས་པས་མཎྜལ་ལ་གཡས་ཕྱོགས་ནས་ཁྱེམ་མེད་པར་བྱུག་ཅིང༌། ཨོཾ་བཛྲ་བྷཱུ་མི་ཧཱུྃ། ཞེས་བརྗོད་པས་དབང་ཆེན་གསེར་གྱི་ས་གཞིར་བསམ། གུང་མོས་ཁོར་ཡུག་ཏུ་བསྐོར་ནས། ཨོཾ་སུ་རེ་ཁེ་ཧཱུྃ་ཞེས་བརྗོད་པས་ལྕགས་རིའི་ཁོར་ཡུག་ཏུ་བསམ། ལག་པ་གཡས་མ་བཏེག་པར་དཀྱིལ་དུ་མེ་ཏོག་ཅིག་བཞག་ནས་ཧཱུྃ་ཞེས་བརྗོད་པས་བསྲུང༌། དེ་ནས་ཚོམ་བུ་རྣམས་རིམ་པས་དགོད་ཅིང༌། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་ལུས་འཕགས། རྔ་ཡབ་རྔ་ཡབ་གཞན། གཡོ་ལྡན་ལམ་མཆོག་འགྲོ། སྒྲ་མི་སྙན་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་གྱི་བུམ་པ། སྒེག་མོ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། རྣམ་པར་རྒྱལ་བའི་རྒྱལ་མཚན། ཞེས་བརྗོད་ཅིང་དེ་དག་ཉིད་ཡིན་པར་བསམ། ཡང་མེ་ཏོག་བཀྲམ་ལ། ལྷ་དང་མིའི་འབྱོར་པ་ཐམས་ཅད་ཀྱིས་གང་བར་བསམ། དེ་ལྟ་བུའི་གླིང་བཞི་གླིང་ཕྲན་བརྒྱད་རི་རབ་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུས་གང་བ་དཔག་ཏུ་མེད་པར་སྤྲུལ་པ་བླ་མ་དམ་པ་ལ་འབུལ་བར་བསམ་ཞིང་གང་གིས་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པད་མོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་ནི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱ་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཀུན་ནས་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་པར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བའི། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པས་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །ཅེས་བརྗོད་པས་མཆོད་ནས། ཕྱོགས་བཅུ་དུས་གསུམ་ལ་སོགས་པས་གསོལ་བ་བཏབ་པས། བླ་མའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་རང་ལ་ཐིམ་པས་བྱིན་གྱིས་བརླབས་ནས་དངོས་གྲུབ་མ་ལུས་པ་གནང་བར་བསམ། དེ་ལྟ་བུ་གང་གྲུབ་པ་བྱས་པའི་མཐར་དགེ་བའི་རྩ་བ་ཡོངས་སུ་བསྔོས་ནས། ཨོཾ་བཛྲ་མུཿཞེས་བརྗོད་ཅིང་ཚོགས་ཀྱི་ཡུལ་གཤེགས་སུ་གསོལ། རང་ཉིད་ཚུལ་བཞིན་དུ་ཅི་བདེ་བར་སྤྱད་དོ། །དེ་ལྟ་བུ་རྟག་ཏུ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། བླ་མ་དམ་པ་ལ་བརྟེན་ནས་རང་ལ་བྱིན་རླབས་ཞུགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བླ་མ་དམ་པ་ལ་མཎྜལ་དབུལ་ཞིང་གསོལ་བ་གདབ་པའི་མན་ངག་ཤོ་དགོན་གྱི་སློབ་དབོན་སྦྱང་ང་བས་ཞུས་པའི་དོན་དུ། འཕགས་པས་མེ་ཕོ་བྱི་བའི་ལོ་ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ལ་ཐང་སྐྱར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*