བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས།

༼པ༽

༄༅། །བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །གྲངས་མེད་གསུམ་དུ་བརྩོན་པས་རབ་བསྒྲུབས་པས། །ཚོགས་གཉིས་མཐར་ཕྱིན་རང་གཞན་དོན་བརྙེས་པ། །སྟོན་པ་བདེར་གཤེགས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་བླ་ན་མེད། །གཅིག་ཏུ་བསྡུས་པ་རྒྱལ་སྲས་གཞོན་ནུའི་ཚུལ། །ཤེས་རབ་རལ་གྲི་ཨུཏྤལ་འཛིན་བརྩོན་པ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཤེས་བྱ་ཀུན་ལ་རབ་སྦྱངས་ནས། །ཏིང་འཛིན་བརྩོན་པས་གོ་འཕང་མཆོག་བརྙེས་ཏེ། །གཞན་གྱི་དོན་ལ་གཅིག་ཏུ་རབ་གཞོལ་བ། །དགྲ་ལས་རྣམ་པར་རྒྱལ་བའི་ཞབས་ལ་འདུད། །བདེ་གཤེགས་བསྟན་པའི་གསུང་རབ་རིན་ཆེན་གྱིས། །ཐུགས་ཀྱི་བང་མཛོད་རབ་ཏུ་བལྟམས་བྱས་ནས། །ཆོས་ཀྱི་སྦྱིན་པས་སེམས་ཅན་ཚིམ་མཛད་པ། །རྡོ་རྗེ་གདན་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བའི་རིགས་འཁྲུངས་བྱམས་པའི་ཐུགས་དང་ལྡན། །ཚུལ་ཁྲིམས་གཟུགས་བཟང་ཡོན་ཏན་རྒྱན་གྱིས་སྤྲས། །བརྩེ་བས་འགྲོ་ལ་མ་ནོར་ལམ་སྟོན་པ། །རྡོ་རྗེ་གདན་པ་གཉིས་པའི་ཞབས་ལ་འདུད། །བྱང་སེམས་ས་བོན་སྙིང་རྗེའི་ཆུ་ཡིས་བསྐྱེད། །ཡོན་ཏན་ལྗོན་ཤིང་རྟོགས་པའི་འབྲས་བུ་ཅན། །གཞན་དོན་བསྡུ་བའི་བསིལ་གྲིབ་དང་ལྡན་པ། །རིན་ཆེན་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཡེ་ཤེས་ཉི་མའི་གསུང་ཟེར་གྱིས། །མཁྱེན་པ་པདྨོའི་ཚལ་རབ་རྒྱས་བྱས་ནས། །ལེགས་བཤད་སྦྲང་རྩིའི་དགའ་སྟོན་དགྱེས་མཛད་པ། །རྗེ་བཙུན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །འགྲོ་བ་འདི་ཀུན་བུ་གཅིག་ལྟར་གཟིགས་པས། །སྐྱོ་བ་མེད་པར་གཞན་གྱི་དོན་བརྩོན་པ། །རྒྱལ་སྲས་ཐུ་བོ་འཇིག་རྟེན་ཀུན་གྱི་རྗེ། །དཔལ་ལྡན་རྩེ་མོའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་སྲིད་པའི་འཆིང་ལས་རྣམ་གྲོལ་ཡང༌། །བརྩེ་བས་སྲིད་པར་སྐྱེ་བའི་ཚུལ་བསྟན་པས། །སྐྱེ་དགུ་ཀུན་གྱི་འདྲེན་པ་མཆོག་གྱུར་པ། །རྣལ་འབྱོར་དབང་ཕྱུག་རྒྱལ་མཚན་ཞབས་ལ་འདུད། །དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་དཔལ་ལྡན་ཆོས་ཀྱི་རྗེ། །གཞན་གྱི་དོན་དུ་སྐྱེ་བོའི་སྐུར་སྟོན་པ། །ཡེ་ཤེས་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་ཆོ་འཕྲུལ་གསུམ་མཉེས་པས། །གདུལ་བྱ་ཀུན་གྱི་མོས་པ་ཇི་བཞིན་དུ། །རྣམ་འཕྲུལ་དུ་མས་ཡོངས་སུ་ཚིམ་མཛད་པ། །མཛད་པ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུའི་སྟོབས་དང་ཡང་དག་རབ་ལྡན་པས། །བདུད་ཀྱི་སྟོབས་རྣམས་མ་ལུས་འཇོམས་མཛད་ཅིང༌། །གདུལ་བྱའི་བྱང་ཆུབ་ལམ་ཀུན་རྫོགས་མཛད་པ། །བསམ་ཡས་མཐུ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་གཟུངས་དང་ཏིང་འཛིན་རྨད་བྱུང་དང༌། །མི་འཇིགས་ཡང་དག་རིག་ལ་དབང་འབྱོར་པས། །ཐེ་ཚོམ་དྲྭ་བ་ཀུན་ནས་འགྲོལ་མཛད་པ། །སྟོན་མཆོག་ཁྱོད་ལ་རྟག་ཏུ་ཕྱག་འཚལ་ལོ། །མ་འདྲེས་ཡོན་ཏན་དྲུག་ཕྲག་གསུམ་ལྡན་པས། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས་གྱུར་ཅིང༌། །འཕགས་པའི་ཚོགས་ཀྱི་བླ་མ་མཆོག་གྱུར་པ། །འདྲེན་མཆོག་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །མཚུངས་མེད་བླ་མའི་མཆོག་རབ་དེ་དག་ལ། །རྟག་ཏུ་གུས་པས་བདག་ནི་སྐྱབས་སུ་མཆི། །རྐང་གི་ཁོང་ནས་རབ་ཏུ་གསོལ་བ་འདེབས། །རྣམ་པ་ཀུན་ཏུ་བདག་ལ་བྱིན་གྱིས་རློབས། །ཉེ་བར་བཀོད་དང་བདག་པོས་མ་བཟུང་དང༌། །ཡིད་ཀྱིས་སྤྲུལ་དང་བླ་ན་མེད་པ་ཡི། །མཆོད་པའི་སྤྲིན་གྱི་ཕུང་པོ་མཐའ་ཡས་པས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད་པར་བགྱི། །སྡིག་པ་འགྱོད་ཅིང་སྡོམ་པའི་སེམས་ཀྱིས་བཤགས། །དགེ་བ་མ་ལུས་པ་ལ་ཡི་རངས་ཤིང༌། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམས་བྱས་ནས། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །སྐྱེ་དང་སྐྱེ་བ་དག་ནི་ཐམས་ཅད་དུ། །ཡོན་ཏན་བདུན་ལྡན་ལྷ་མིའི་ལུས་ཐོབ་ནས། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང༌། །རྟག་ཏུ་དེ་ཉིད་མཉེས་པའང་བྱེད་པར་ཤོག །དེ་ཡི་གསུང་ལས་ཐེག་མཆོག་ཟབ་མོའི་དོན། །ཐོས་ཤིང་ཁོང་དུ་ཆུད་པར་བྱས་ནས་ཀྱང༌། །གསང་སྔགས་རྒྱ་མཚོའི་སྤྱོད་པ་ཇི་སྙེད་པ། །གེགས་མེད་པར་ཡང་ཅི་བདེར་སྤྱོད་པར་ཤོག །སྐད་ཅིག་རེ་རེ་ལའང་ཕྱོགས་བཅུ་ཡི། །ཞིང་རྣམས་ཀུན་ཏུ་སངས་རྒྱས་ཐམས་ཅད་ལས། །དམ་ཆོས་རྒྱ་མཚོ་ཐོས་ཤིང་དེ་དག་གི །ཡེ་ཤེས་གཟིགས་པའི་དམ་པ་འཇུག་གྱུར་ཅིག །སངས་རྒྱས་ཀུན་གྱི་ཕྲིན་ལས་རྒྱ་མཚོ་དང༌། །རྒྱལ་སྲས་མཆོག་གི་མཛད་པ་རྒྱ་མཚོ་དང༌། །བདག་གི་བྱང་ཆུབ་སྤྱོད་པ་འདྲེས་གྱུར་ནས། །སེམས་ཅན་ཐམས་ཅད་སྨིན་པར་བྱེད་པར་ཤོག །དེ་ལྟར་བྱང་ཆུབ་ལམ་གྱི་སྤྱོད་པ་ཀུན། །ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་ཀྱང༌། །རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱ་མཚོ་དང༌། །རྣམ་པ་ཀུན་ཏུ་རོ་གཅིག་གྱུར་པར་ཤོག །སྐྱེ་བ་འདི་ཉིད་དུ་ཡང་ཚེ་རིང་ཞིང༌། །ནད་མེད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། །ཡིད་ལ་འདོད་པ་ཐམས་ཅད་འགྲུབ་གྱུར་ཅིག །ཚུལ་འདི་ནི་དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པའི་བཙུན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཤིང་ཕོ་སྟག་གི་ལོ་བྱ་སྦོའི་ཚེས་བཅོ་ལྔ་ལ་མདོ་ཁམས་སྒང་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*