རྒྱུད་འབྲེལ་བརྒྱུད་པའི་གསོལ་འདེབས།

༼པ༽

༄༅། །རྒྱུད་འབྲེལ་བརྒྱུད་པའི་གསོལ་འདེབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་ཀུན་ཏུ་མཉམ་སྦྱོར་ཞིང༌། །ཟག་མེད་བདེ་ཆེན་མི་འགྱུར་རྟག་པའི་སྐུ། །དཔལ་མཆོག་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ནམ་མཁའི་རང་བཞིན་མཁའ་ཀུན་ཁྱབ་གྱུར་ཅིང༌། །རྒྱལ་བ་དུ་མའི་སྤྲུལ་པ་རྣམ་སྤྲོ་བ། །ཡེ་ཤེས་མཁའ་འགྲོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཤེས་བྱ་ཀུན་སྦྱངས་ཟབ་མོའི་ལམ་བརྩོན་པས། །གོ་འཕང་མཆོག་བརྙེས་གཞན་དོན་ལ་གཞོལ་བ། །དཔལ་ལྡན་བིརྺ་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱེད་ནི་མཉམ་པའི་བྱ་བ་རབ་སྤངས་ནས། །རྣལ་འབྱོར་བརྩོན་པས་རྣལ་འབྱོར་ལེགས་གྲུབ་པ། །ཌོམྦི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེ་གསུང་གདམས་པས་ཁྱོད་ཐུགས་རྣམ་གྲོལ་ནས། །སླར་ཡང་རང་གཞན་དོན་ཀུན་རྫོགས་མཛད་པ། །རྡོ་རྗེ་ཨ་ལ་ལ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་བྱ་བ་ཐམས་ཅད་རབ་སྤངས་ནས། །ཏིང་འཛིན་བརྩོན་པས་བརྟུལ་ཞུགས་ལེགས་གྲུབ་པ། །དཔལ་ལྡན་ནགས་ཁྲོད་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་འདས་པའི་མཐུ་སྟོབས་དང་ལྡན་པས། །རབ་ཏུ་འབར་བའི་རྡོ་རྗེ་བཟློག་མཛད་པ། །གརྦྷ་རི་བའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ནི་བསོད་སྙོམས་འཚོ་བ་ལ་བརྟེན་ནས། །བསྒྲུབ་པ་སྙིང་པོར་མཛད་པས་ལེགས་གྲུབ་པ། །རྗེ་བཙུན་བསོད་སྙོམས་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཤེས་བྱའི་གནས་ལ་མཁྱེན་པ་རབ་རྒྱས་ཤིང༌། །གཞན་དོན་བརྩོན་པས་མཁའ་སྤྱོད་གཤེགས་གྱུར་པ། །མི་ཐུབ་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །མཁྱེན་ལྡན་སྡོམ་བརྩོན་དབང་པོ་ཉེར་ཞི་ཞིང༌། །མངོན་པར་ཤེས་དང་རྫུ་འཕྲུལ་དབང་འབྱོར་པ། །དཔའ་བོ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དམ་ཆོས་རིན་ཆེན་བརྩོན་པས་རབ་བསྒྲུབས་ནས། །གདུལ་བྱའི་ཚོགས་རྣམས་སྐལ་བཞིན་འདྲེན་མཛད་པ། །ཤཱཀྱ་ཡེ་ཤེས་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དཔལ་ལྡན་བླ་མ་གུས་པས་ཉེར་བསྟེན་པ། །བག་ཆགས་སད་པས་ཆོས་ཀུན་བདེ་བླག་མཁྱེན། །གསལ་བ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བློ་ཆེན་ལྡན་པ་གཞན་ལ་ཕན་དགོངས་ཤིང༌། །གསང་སྔགས་རྒྱ་མཚོའི་དོན་ལ་དབང་འབྱོར་པ། །རྗེ་བཙུན་སྒྱི་ཆུ་བ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ཐུགས་འཇམ་པའི་དབྱངས་ཀྱིས་གསལ་མཛད་པས། །ཤེས་བྱའི་གནས་རྣམས་ཀུན་ལ་མ་རྨོངས་པ། །བླ་མ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བསོད་ནམས་མཐའ་ཡས་བརྩེ་བའི་ཐུགས་མངའ་ཞིང༌། །རྣམ་གྲོལ་རིགས་པའི་སྤོབས་པ་མཆོག་མངའ་བ། །དཔལ་ལྡན་རྩེ་མོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་ཀུན་གྱི་ཐུགས་ལས་འཁྲུངས་པའི་སྲས། །གཞན་ལ་ཕན་མཛད་འགྲོ་བའི་རྩ་ལག་མཆོག །རྗེ་བཙུན་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་ཀུན་དགའ་བར་མཛད་པའི་ཐུགས་རྗེ་ཅན། །བདེ་གཤེགས་བསྟན་པའི་རྒྱལ་མཚན་ལེགས་འཛིན་ཅིང༌། །བསོད་ནམས་ཡེ་ཤེས་དཔལ་གྱིས་ལྷམ་མེ་བ། །བརྟུལ་ཞུགས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྐང་གི་ཁོང་ནས་རབ་ཏུ་གསོལ་བ་འདེབས། །རྣམ་པ་ཀུན་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །བློ་གྲོས་ཟབ་མོ་གཏིང་མཐའ་མེད་པ་ཅན། །བསྟན་པའི་རྩ་ལག་ཐར་པའི་རྒྱལ་མཚན་འཛིན། །དཔལ་ལྡན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་བདག །བླ་མ་བླ་མར་བཅས་པའི་ཚོགས་རྣམས་དང༌། །རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱིས། །ཀུན་ནས་གཟིགས་པའི་སྤྱན་གྱིས་ལེགས་གཟིགས་ནས། །ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ནས་སུ། །རྣམ་པ་ཀུན་ཏུ་བསྐྱང་བར་མཛད་དུ་གསོལ། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་པ་རབ་འབྱམས་རྒྱ་མཚོས་རྟག་ཏུ་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས་པར་འཚལ། །དགེ་བ་ཀུན་གྱི་རྗེས་སུ་བདག་ཡི་རང༌། །རིན་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བླ་མེད་བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱད་པར་བགྱི། །བདག་དང་གཞན་གྱིས་དུས་གསུམ་ཐམས་ཅད་དུ། །ལེགས་པར་བསགས་པའི་དགེ་བའི་རྩ་བ་དེས། །བདག་གཞན་སྲིད་ཞིའི་རྒུད་པ་སྤངས་ནས་ཀྱང༌། །ཐམས་ཅད་མཁྱེན་པའི་འབྱོར་བ་ཐོབ་པར་ཤོག །གསོལ་བའི་ཚིག་འདི་དད་པས་ཀུན་བསླངས་ནས། །རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོས་ལེགས་སྦྱར་འདི་ལ་གང་མོས་པ། །དེ་ལ་བླ་མའི་ཡེ་ཤེས་འཇུག་པར་འགྱུར། །མཆོག་ཏུ་དད་པའི་ཡིད་ལས་བྱུང་གྱུར་པའི། །བསྟོད་པའི་མེ་ཏོག་ཕྲེང་བས་གང་གི་ངག །རྣམ་པ་ཀུན་ཏུ་མཛེས་པར་བྱས་དེ་ལ། །མཁའ་འགྲོའི་བུང་བ་སྤྲིན་བཞིན་འདུ་བར་འགྱུར། །ཤིང་མོ་ཡོས་བུའི་ལོ་དགུན་ཟླ་འབྲིང་པོ་ལ་བྲིས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*