༼པ༽
༄༅། །འཇིགས་བྱེད་བརྒྱུད་པའི་གསོལ་འདེབས་བཞུགས།།
༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་ཀུན་རང་བཞིན། །དམ་པའི་ཆོས་ཀྱི་རིན་ཆེན་གཏེར། །དགེ་འདུན་རྒྱ་མཚོ་ཀུན་བསྐྱེད་པ། །བླ་མ་ཀུན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་འཇམ་པའི་དབྱངས། །གདུག་པ་འདུལ་ཕྱིར་རབ་ཁྲོས་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཨུ་ཌྱན་རྡོ་རྗེ་ཆེན་པོ་ཡི། །ཕོ་བྲང་ཀུན་ནས་ཡིད་འོང་བ། །བདེ་བ་ཆེ་ལ་རྣམ་རོལ་པ། །རྡོ་རྗེ་མཁའ་འགྲོ་མ་དཔལ་འདུད། །ཤིན་ཏུ་སྤྲོས་པ་མེད་པའི་བདག །ཐབས་དང་སྙིང་རྗེས་རྣམ་མཛེས་ཤིང༌། །གཞན་དོན་དགྱེས་པ་ལ་ལི་ཏ། །བཛྲའི་ཞབས་ལ་ཕྱག་འཚལ་ལོ། །སྡོམ་པ་བཟང་པོས་ཀུན་བསྡམས་ཤིང༌། །སྒྲུབ་པ་མཆོག་གི་ལེགས་བསྒྲུབས་པས། །ཡང་དག་གྲུབ་པ་ལེགས་གྲུབ་པ། །དོན་ཡོད་རྡོ་རྗེ་དཔལ་ལ་འདུད། །སྡོམ་བརྩོན་ཤེས་བྱ་ཀུན་སྦྱངས་ཤིང༌། །བརྟུལ་ཞུགས་མཆོག་གིས་རབ་མཛེས་པ། །ཡེ་ཤེས་འབྱུང་གནས་སྦས་པ་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །མཁྱེན་དང་བརྩེ་བ་ཕུལ་བྱུང་ཞིང༌། །མཐུ་སྟོབས་མཆོག་གི་དཔལ་བརྙེས་ནས། །གཞན་གྱི་དོན་ལ་རབ་གཞོལ་བ། །པདྨ་བཛྲ་དཔལ་ལ་འདུད། །ནཻ་པ་ལ་ཡི་ཡུལ་འཁྲུངས་ཤིང༌། །མན་ངག་དུ་མའི་གཏེར་གྱུར་པ། །དཱི་པཾ་ཀ་ར་རཀྵི་ཏ། །བྷ་རོར་ཡོངས་སུ་གྲགས་ལ་འདུད། །སེམས་དཔའ་ཆེན་པོ་བརྩོན་ཆེན་པོ། །དཔལ་ཆེན་མཐུ་སྟོབས་ཆེན་པོ་པ། །རྡོ་རྗེ་གྲགས་པར་ཡོངས་གྲགས་པའི། །སྐད་གཉིས་སྨྲ་བ་དེ་ལ་འདུད། །དམ་པ་མང་པོ་ཉེར་བསྟེན་ཞིང༌། །རྒྱུད་སྡེ་མང་པོའི་མཛོད་བཟུང་ནས། །འགྲོ་མང་ཡོངས་སུ་སྨིན་མཛད་པ། །ཆོས་རབ་དཔལ་ལ་ཕྱག་འཚལ་ལོ། །ཐེག་པ་མཆོག་གི་བརྟུལ་ཞུགས་ཅན། །སྒྲུབ་པ་སྙིང་པོར་མཛད་པ་པོ། །གོ་འཕང་མཆོག་ལ་ཉེར་གཞོལ་བ། །ཡེ་ཤེས་སེང་གེའི་ཞབས་ལ་འདུད། །བྱམས་དང་བརྩེ་བའི་ཐུགས་མངའ་ཞིང༌། །བསྒྲུབ་དང་སྤང་བའི་བརྟུལ་ཞུགས་ཅན། །ཏིང་འཛིན་མཆོག་གི་རྣམ་རོལ་བ། །རྗེ་བཙུན་འབུམ་སེང་ལ་ཕྱག་འཚལ། །སྡོམ་བརྩོན་དམ་པ་བརྩེ་བ་ཅན། །ཆོས་ཀྱི་དཔལ་གྱིས་རབ་འབྱོར་ཅིང༌། །གཅིག་ཏུ་གཞན་གྱི་དོན་གཞོལ་བ། །དཔལ་ལྡན་གྲགས་པ་དཔལ་ལ་འདུད། །ཤེས་བྱ་ཀུན་ལ་རབ་སྦྱངས་པས། །ཤེས་བྱ་ཇི་བཞིན་མཁྱེན་པ་ཡང༌། །རྒྱ་ཆེ་བ་དང་རབ་གསལ་བ། །ཤེས་རབ་ཡངས་པ་ཁྱེད་ལ་འདུད། །ཡང་དག་རིག་པས་རྣམ་དཔྱད་ཅིང༌། །ཆོས་ཉིད་སྒོམ་པ་གོམས་མཛད་པས། །དེ་བཞིན་ཉིད་ལ་རབ་གཞོལ་བ། །ཤེས་རབ་ཟབ་མོ་ཁྱོད་ལ་འདུད། །བརྩེ་དང་བརྩོན་པ་ཆེན་པོ་ཡིས། །གཞན་གྱི་དོན་ལ་རབ་ཞུགས་པས། །གཉིས་ཀའི་དོན་ཀུན་འབྱོར་གྱུར་པ། །དཔལ་དང་ལྡན་ལ་ཕྱག་འཚལ་ལོ། །གཞན་ཡང་བཀའ་དྲིན་ནོས་གྱུར་པའི། །བླ་མ་དམ་པ་ཐམས་ཅད་དང༌། །བླ་མའི་བླ་མར་བཅས་རྣམས་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཕྱོགས་དུས་ཀུན་ནས་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་དམ་པའི་ཆོས། །འཕགས་པའི་དགེ་འདུན་ཐམས་ཅད་དང༌། །ཕྱག་འོས་ཀུན་ལའང་ཕྱག་འཚལ་ལོ། །ཕྱག་བགྱིར་འོས་པ་དེ་དག་ལའང༌། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད། །ནོངས་པར་སྤྱད་པ་གང་ལགས་པ། །དེ་ཀུན་སོ་སོར་བཤགས་པར་འཚལ། །དགེ་དང་དགེ་བའི་འབྲས་བུའི་ཚོགས། །ཀུན་ལ་རྗེས་སུ་ཡི་རང་ངོ༌། །རྒྱལ་བ་ཀུན་ལ་ཐེག་མཆོག་གི །འཁོར་ལོ་རིན་ཆེན་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །སངས་རྒྱས་ཐུགས་རྗེ་རབ་ཁྲོས་པ། །རྡོ་རྗེ་ཁྲོ་བོར་གྱུར་རྣམས་ལ། །གདུག་པ་འདུལ་ཕྱིར་མངོན་སྤྱོད་ཀྱི། །ལས་ལ་རྟག་ཏུ་བསྐུལ་བར་བགྱི། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་བློ་ཡིས་བསྡམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་དུ་བདག །རྡོ་རྗེ་ཁྲོ་བོར་འགྱུར་བར་ཤོག །དུས་གསུམ་རྒྱལ་བའི་ཕྲིན་ལས་ཀུན། །བསྒྲུབ་ཕྱིར་ཕྲིན་ལས་སྣ་ཚོགས་པའི། །ལུས་དང་སྤྲུལ་པར་བདག་གྱུར་ནས། །ཕྲིན་ལས་མ་ལུས་བསྒྲུབ་པར་ཤོག །སྲས་བཅས་རྒྱལ་བའི་ཕྲིན་ལས་ཀྱིས། །ཀུན་ནས་འདུལ་བར་མི་སྤྱོད་པའི། །གདུལ་དཀའ་མ་ལུས་འདུལ་བ་ཡི། །སྟོབས་ཀྱི་བདག་པོར་བདག་གྱུར་ཅིག །ཚེ་འདིར་གནོད་པའི་དགྲ་བགེགས་ཀྱི། །བསམ་སྦྱོར་གདུག་པ་ཉེར་ཞི་ནས། །ལྷག་བསམ་དགེ་བའི་སྦྱོར་བ་ཡིས། །བདག་གཞན་དོན་ཀུན་བསྒྲུབ་པར་ཤོག །ཚེ་རིང་བ་དང་ནད་མེད་དང༌། །དཔལ་དང་འབྱོར་བ་ཕུན་ཚོགས་པས། །བསྟན་དང་འགྲོ་བ་མ་ལུས་པའི། །རྩ་ལག་དམ་པ་བྱེད་པར་ཤོག །བཅོམ་ལྡན་འདས་འཇམ་དཔལ་ཁྲོས་པའི་བླ་མ་བརྒྱུད་པའི་རིམ་པ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་འདི་ནི། འཕགས་པས་མེ་མོ་ཡོས་བུའི་ལོ་ནག་པའི་ཚེས་བརྒྱད་ལ་སྨར་ཁམས་ཀྱི་ས་ཆ་ཙོམ་མདོ་གནས་གསར་དུ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.