ལམ་འབྲས་བརྒྱུད་པའི་ཕྱག་མཆོད།

༼པ༽

༄༅། །ལམ་འབྲས་བརྒྱུད་པའི་ཕྱག་མཆོད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ། དམ་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བླ་མ། ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། སངས་རྒྱས་ཀུན་གྱི་ངོ་བོ་ཉེད། །དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །བླ་མ་ཀུན་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་རབ་རྫོགས་པ། །སྟོང་པ་དང་ནི་སྙིང་རྗེའི་བདག །སྲིད་དང་མྱ་ངན་འདས་པའི་དཔལ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན། །ཟག་མེད་བདེ་ཆེན་སྒྱུ་མའི་སྐུ། །བདེ་གཤེགས་ཐམས་ཅད་སྐྱེད་པའི་ཡུམ། །བདག་མེད་མ་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་རབ་སྦྱངས་ནས། །བརྩོན་པས་གོ་འཕང་མཆོག་བརྙེས་ཏེ། །བརྩེ་བས་གཞན་གྱི་དོན་མཛད་པ། །བིརྺ་པ་ལ་ཕྱག་འཚལ་ལོ། །རྗེས་སུ་གདམས་པ་ཟབ་མོ་ཡིས། །ཉིད་ཀྱི་ཐུགས་ནི་རྣམ་གྲོལ་ནས། །བརྟུལ་ཞུགས་སྤྱོད་པས་གཞན་དོན་མཛད། །ནག་པོ་པ་ལ་ཕྱག་འཚལ་ལོ། །དམ་པའི་དེ་ཉིད་དོན་གཟིགས་པས། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་ཞིང༌། །གྲུབ་པའི་བརྟུལ་ཞུགས་ལ་གནས་པ། །ཌཱ་མ་རུ་པ་ལ་ཕྱག་འཚལ། །ཟབ་མོའི་ལམ་ལ་རབ་བརྩོན་པས། །དངོས་གྲུབ་བརྙེས་ནས་བྱིས་པ་ཡི། །ཚུལ་གྱིས་གཉིས་མེད་སྤྱོད་པ་མཛད། །ཨ་ཝ་དྷཱུ་ཏཱི་ལ་ཕྱག་འཚལ། །ཤེས་བྱ་ཀུན་ལ་རབ་མཁས་ཤིང༌། །ཏིང་ངེ་འཛིན་ལ་མངའ་བརྙེས་པས། །གངས་ཅན་འདུལ་བར་མཛད་པ་པོ། །ག་ཡ་དྷ་ར་ལ་ཕྱག་འཚལ། །དམ་ཆོས་རིན་ཆེན་མཛོད་འཛིན་པས། །གདུལ་བྱའི་རེ་བ་རྫོགས་མཛད་པའི། །སྐད་གཉིས་སྨྲ་བའི་ཐུགས་རྗེ་ཅན། །ཤཱཀྱ་ཡེ་ཤེས་ལ་ཕྱག་འཚལ། །གུས་པས་བླ་མ་ཉེར་བསྟེན་ནས། །རྒྱུད་དང་མན་ངག་ཀུན་འཛིན་ཅིང༌། །མཐུ་སྟོབས་ཆེན་པོ་དང་ལྡན་པ། །རྗེ་བཙུན་ཀུན་རིག་ལ་ཕྱག་འཚལ། །མཁྱེན་ལྡན་ཁྱོད་ཀྱིས་གཞན་དོན་ཕྱིར། །སྒྲུབ་ལ་བརྩོན་པས་ཏིང་འཛིན་དང༌། །མངོན་པར་ཤེས་དང་རྫུ་འཕྲུལ་ལ། །མངའ་བརྙེས་ཆོས་འབར་ལ་ཕྱག་འཚལ། །འཇམ་པའི་དབྱངས་ལས་མངོན་སུམ་དུ། །ཁྱོད་ཀྱིས་ཆོས་རྣམས་ཐུགས་ཆུད་པས། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང༌། །མཁས་མཆོག་རྣམས་ཀྱི་བླ་མར་གྱུར། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །རྟག་ཏུ་གཞན་གྱི་དོན་མཛད་པའི། །རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། །ཀུན་དགའ་སྙིང་པོ་ལ་ཕྱག་འཚལ། །བསོད་ནམས་དཔག་མེད་ལས་གྲུབ་ཅིང༌། །མཁྱེན་པའི་ཡེ་ཤེས་རབ་རྒྱས་པས། །འགྲོ་བའི་རྩ་ལག་མཆོག་གྱུར་པ། །བསོད་ནམས་རྩེ་མོ་ལ་ཕྱག་འཚལ། །ཆོས་རྣམས་ཀུན་གྱི་དེ་ཉིད་གཟིགས། །གསང་སྔགས་རྒྱ་མཚོའི་ཕ་རོལ་སོན། །རྡོ་རྗེ་འཛིན་པ་ཀུན་གྱི་རྗེ། །གྲགས་པ་རྒྱལ་མཚན་ལ་ཕྱག་འཚལ། །ཁྱོད་ནི་མན་ངག་དུ་མའི་མཛོད། །རབ་ཏུ་བརྟན་པའི་ཐུགས་མངའ་ཞིང༌། །རྟག་ཏུ་གཞན་ལ་ཕན་དགོངས་པ། །དཔལ་ཆེན་འོད་པོ་ལ་ཕྱག་འཚལ། །ཁྱོད་ཀྱིས་བསོད་ནམས་ཡེ་ཤེས་ཚོགས། །བསྐལ་པ་དུ་མར་རབ་བསྒྲུབས་པས། །བཞེད་པའི་དོན་རྣམས་ཡོངས་རྫོགས་པའི། །དཔལ་ལྡན་དོན་གྲུབ་ལ་ཕྱག་འཚལ། །འཁྲུལ་པ་མི་མངའ་ཉེས་མི་མངའ། །ཚུལ་ཁྲིམས་ཕུང་པོས་བརྒྱན་པའི་སྐུ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཅ་ཅོ་མི་མངའ་རྣམ་དག་གསུང༌། །ཐ་དད་སྐད་ཀྱིས་མཐའ་ཡས་པའི། །གདུལ་བྱའི་དབང་པོ་ཚིམ་མཛད་པའི། །གསུང་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་པར་གཞག་ཅིང་རྟོག་མི་མངའ། །འགྲོ་བའི་ཡིད་ལ་མཉམ་པར་འཇུག །ཏིང་ངེ་འཛིན་དང་གཟུངས་ཀྱི་གཏེར། །རྣམ་གྲོལ་ཐུགས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཤེས་བྱའི་དཀྱིལ་འཁོར་འདི། །མ་ལུས་ཐུགས་སུ་ཆུད་གྱུར་པས། །འཆད་རྩོད་རྩོམ་པའི་བྱ་བ་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །དམིགས་པ་ཀུན་ལས་རྣམ་གྲོལ་བའི། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །གཞན་དོན་དུས་ལས་མི་འདའ་བའི། །བརྩེ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །མཁྱེན་བརྩེ་བརྩོན་པའི་སྟོབས་ཆེན་གྱིས། །བདུད་ཀྱི་སྟོབས་རྣམས་འཇོམས་མཛད་ཅིང༌། །ཉོན་མོངས་བྱང་ཆུབ་ལམ་བསྒྱུར་བའི། །མཐུ་ཆེན་ཁྱོན་ལ་ཕྱག་འཚལ་ལོ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །དེ་སྲིད་དེ་ཡི་དོན་མཛད་པའི། །ཕྲིན་ལས་དབང་ཕྱུག་ལ་ཕྱག་འཚལ། །ཀུན་དགའི་དགོས་འདོད་མ་ལུས་པ། །རིན་ཆེན་རྒྱལ་མཚན་ལས་བྱུང་བའི། །དཔལ་འབྱོར་བཟང་པོའི་འབྲས་སྩོལ་བ། །དབང་གི་རྒྱལ་པོ་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་གཞན་དོན་ཕྱིར། །སོ་སོ་སྐྱེ་བོའི་སྐུར་སྟོན་པ། །མཚུངས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་ཁྱོད་ཉིད་དེ། །ཁྱོད་ཉིད་དཀོན་མཆོག་གསུམ་ཡང་ལགས། །དེ་བས་རྣམ་པ་ཐམས་ཅད་དུ། །ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །སྟོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྐྱབས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །འདྲེན་པ་མཆོག་ལ་ཕྱག་འཚལ་ལོ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །གང་ལ་ཁྱོད་ཀྱི་སྐུས་རེག་ཅིང༌། །ཁྱོད་གསུང་ཐོས་ཤིང་འཛིན་པ་དང༌། །ཁྱོད་ཀྱི་ཐུགས་ཀྱིས་རྗེས་བཟུང་བ། །དེ་དག་ཀུན་ལའང་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྣམ་དཔྱོད་བློ་གྲོས་ཆེན་པོ་ཅན། །བརྟུལ་ཞུགས་མཆོག་ལྡན་གསང་སྔགས་འཛིན། །བསོད་ནམས་རྒྱལ་མཚན་ལ་ཕྱག་འཚལ། །ཤེས་བྱ་ཀུན་མཁྱེན་བློ་གྲོས་མཆོག །དམ་ཆོས་རིན་ཆེན་རྒྱལ་མཚན་འཛིན། །སྲིད་དང་ཞི་བའི་དཔལ་འབྱོར་ཅན། །བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །འགྲོ་བའི་དོན་དུ་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཐོག་མ་བར་དང་མཐར་དགེ་ཞིང༌། །རྣམ་པར་དཀར་ལ་མ་འདྲེས་པ། །ངེས་པར་འབྱུང་བ་མཆོག་གི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་ཞིང༌། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་ལེགས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །མཆོད་པར་འོས་པ་ཐམས་ཅད་ལ། །ཞིང་རྟུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ནས་མཆོད་པར་བགྱི། །རབ་དང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པ་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང༌། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་སོ་སོའི་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རང༌། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང༌། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཡེ་ཤེས་གསལ་བའི་སྤྱན་ལྡན་པའི། །བརྩེ་ལྡན་བླ་མའི་ཚོགས་རྣམས་དང༌། །རྒྱལ་བ་སྲས་དང་བཅས་པ་ཀུན། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །མ་རིག་པ་ཡིས་ལྡོངས་གྱུར་ཅིང༌། །ལས་ཀྱི་ཆུ་ཀླུང་གིས་འཕངས་པས། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཏེ། །ཉོན་མོངས་ཆུ་སྲིན་དབང་གྱུར་ཅིང༌། །མི་བཟད་སྡུག་བསྔལ་གྱིས་གཟིར་བའི། །ཉམ་ཆུང་བློ་གྲོས་རབ་དམན་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐྱོབ་པ་མཛད་པར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱིས་རབ་འབད་ཀྱང༌། །ཐར་པའི་གོ་སྐབས་རྙེད་པ་དཀའ། །ཁྱོད་ཀྱིས་ཐུགས་བརྩེའི་ཕྱག་བརྐྱང་ནས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །མངོན་པར་འདུ་བྱེད་ཀུན་གྱི་གཞི། །ཚུལ་མིན་ཡིད་ལ་བྱེད་པའི་རྒྱུ། །མ་རིག་མུན་པ་ཐིབས་པོ་ཆེ། །ཡེ་ཤེས་ཟེར་གྱིས་བསལ་དུ་གསོལ། །སྲིད་པའི་ཉེས་ཀུན་འབྱུང་བའི་གཞི། །རྟོག་པ་ཐམས་ཅད་སྐྱེད་བྱེད་པ། །བདག་ཏུ་འཛིན་པའི་འཁྲི་ཤིང་ནི། །ཤེས་རབ་རལ་གྲིས་གཅད་དུ་གསོལ། །ཀུན་རྨོངས་ཀུན་འཁྲུག་ཀུན་ནས་དཀྲིས། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །མགོན་པོ་ཁྱོད་ཀྱི་མཐུ་ཆེན་གྱི། །ཡེ་ཤེས་ཆེན་པོར་བསྒྱུར་དུ་གསོལ། །སྲིད་པ་ཐོག་མེད་དུས་ནས་སུ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བག་ཆགས་དྲི་མ་གང་བསགས་པ། །ཡེ་ཤེས་ཆུ་ཡིས་སྦྱང་དུ་གསོལ། །རང་གིས་མངོན་པར་སྤྱད་པའི་མཐུས། །རང་ལ་རང་དབང་མེད་པར་ནི། །སྲིད་པའི་རྒྱ་མཚོར་འཕེན་བྱེད་པའི། །ལས་ཀྱི་རླུང་ཤུགས་བཟློགཏུ་གསོལ། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །སྐྱེ་རྒ་ན་དང་འཆི་ལ་སོགས། །སྡུག་བསྔལ་འདུ་བྱེད་འགྱུར་བ་ཡི། །སྡུག་བསྔལ་ཞི་བར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །འཇིག་རྟེན་པ་ཡི་དོན་གཉེར་བའི། །རྙེད་དང་བཀུར་སྟི་ལ་སོགས་པ། །སྙིང་པོ་མེད་པའི་བྱ་བ་ལས། །ཡིད་ནི་རབ་ཏུ་བཟློག་ཏུ་གསོལ། །ཀུན་གཞིའི་ལྟེ་བར་རབ་བརྟན་ཞིང༌། །རྟེན་འབྲེལ་ཡན་ལག་རྩིབས་བཅུ་གཉིས། །སྡུག་བསྔལ་མུ་ཁྱུད་ཀྱིས་བསྐོར་བའི། །སྲིད་པའི་འཁོར་ལོ་གཞིག་ཏུ་གསོལ། །གཞན་དོན་ལ་སྐྱོ་བདག་ཆགས་པས། །རང་ཉིད་ཞི་བ་དོན་གཉེར་བའི། །ཉན་ཐོས་ཐེག་པ་དམན་པའི་སེམས། །རྣམ་པ་ཀུན་ཏུ་དགག་ཏུ་གསོལ། །བདག་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་སྒོ་ནས་ཀྱང༌། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཕན་པ་རྒྱ་ཆེན་འབྱུང་བར་མཛོད། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བཤེས་གཉེན་གྲོགས་མཆོག་དམ་ཆོས་དང༌། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང༌། །འགྲོ་ཀུན་རྟག་ཏུ་འདུན་པ་དང༌། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །བླ་མ་མཆོག་དང་ཧེ་རུ་ཀ །མཁའ་འགྲོའི་དབང་པོ་དཔག་ཡས་ཀྱིས། །མཁའ་སྤྱོད་གནས་སུ་བཀྲི་བར་མཛོད། །མང་དུ་སྨོས་ཀྱང་ཅི་འཚལ་ཏེ། །དབང་བཅུ་ལྡན་པ་ཁྱེད་རྣམས་ཀུན། །ཇི་ལྟར་གོ་འཕང་མཆོག་བརྙེས་པ། །དེ་ལྟར་བདག་གིས་ཐོབ་པར་མཛོད། །བདག་གཞན་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པ་ཀུན་ཏུ་ཉམ་ཐག་པས། །མི་ཤེས་བཞིན་དུ་གསོལ་བ་ལ། །ཉེས་པ་སྣང་གང་བཟོད་པར་གསོལ། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདག་ནི་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་ཤེས་རབ་དང༌། །དབང་ཕྱུག་ཕུན་སུམ་ཚོགས་གྱུར་ཅིང༌། །ནད་མེ་ཚེ་དང་ལྡན་གྱུར་ཅིག །སངས་རྒྱས་འབྱུང་བ་མཉེས་བྱེད་ཅིང༌། །དམ་ཆོས་རྟག་ཏུ་སྤྱོད་པ་དང༌། །འཕགས་པའི་དགེ་འདུན་རྒྱ་མཚོའི་ཚོགས། །རྣམ་པ་ཀུན་ཏུ་མཆོད་པར་ཤོག །ཀུན་དགའི་གསུང་རབ་རྟག་ཉན་ཅིང༌། །སྐུའི་རྒྱལ་མཚན་ལྟ་བ་དང༌། །དེ་ཡི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་བདག་ནི་སྐྱོང་བར་ཤོག །དད་དང་བརྩེ་དང་བརྩོན་པའི་མཐུས། །བྱང་ཆུབ་ལམ་རྣམས་རྫོགས་བྱེད་ཅིང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །སེམས་ཅན་སྨིན་པའང་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བདག་ལས་སེམས་ཅན་ཐམས་ཅད་ཀྱི། །ཡིད་ལ་འདོད་དགུ་འབྱུང་འགྱུར་ཞིང༌། །འགྲོ་ཀུན་ཚིམ་པའང་བྱེད་པར་ཤོག །བདག་ལ་བརྟེན་ནས་འགྲོ་བ་ཀུན། །ཟབ་མོའི་ལམ་ལ་རབ་བཞུགས་ནས། །སྲིད་དང་ཞི་ལ་མི་གནས་པའི། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །བློ་གྲོས་སྒྲིབ་གཉིས་རྣམ་དག་པས། །ཤིན་ཏུ་ཟབ་པའི་བློ་གྲོས་དང༌། །རྒྱ་ཆེའི་བློ་གྲོས་དང་ལྡན་པའི། །བློ་གྲོས་ཆེན་པོར་བདག་གྱུར་ཅིག །ཚུལ་ཁྲིམས་རྒྱལ་མཚན་དང་ལྡན་ཞིང༌། །ཆོས་ཀྱི་རྒྱལ་མཚན་ལེགས་བཟུང་བས། །བསྟན་པའི་རྒྱལ་མཚན་བརྟན་བྱས་ནས། །ཐར་པའི་རྒྱལ་མཚན་སློང་བར་ཤོག །ཚོགས་གཉིས་དཔལ་རབ་རྫོགས་གྱུར་ནས། །འགྲོ་བའི་དཔལ་མགོན་འབྱུང་བའི་གཞི། །སྐུ་གསུམ་དཔལ་འབྱོར་ལྷུན་གྲུབ་སྟེ། །སྲིད་ཞིའི་དཔལ་དུ་བདག་གྱུར་ཅིག །སྨོན་ལམ་བཟང་པོ་ལས་བྱུང་བའི། །ཕྲིན་ལས་བཟང་པོས་འགྲོ་བ་ཀུན། །སྐལ་པ་བཟང་པོར་ལེགས་བསྒྲུབས་པའི། །བརྟུལ་ཞུགས་བཟང་པོར་བདག་གྱུར་ཅིག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཚུལ་འདི་བླ་མའི་ཚོགས་རྣམས་ལ། །དད་པའི་བློ་གྲོས་རབ་བརྟན་ཞིང༌། །ཚུལ་ཁྲིམས་རྒྱལ་མཚན་ལེགས་འཛིན་པའི། །དཔལ་ལྡན་སྐལ་བ་བཟང་པོས་བསྡེབས། །ཆུ་མོ་གླང་གི་ལོ་ནག་པ། ཟླ་བའི་ཚེས་བརྒྱད་ལ་སྦྱར་བ་རྫོགས་སོ།།  །།གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚིག་འདིས་རྟག་ཏུ་གསོལ་བ་འདེབས་བྱེད་ན། །དེ་ཡི་རྒྱུད་ལ་བླ་མ་དེ་དག་གིས། །ཡེ་ཤེས་གཟིགས་པའི་དམ་པ་འཇུག་པར་འགྱུར།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*