སྤྱོད་པ་རྣམ་དག་གི་ཚིགས་བཅད།

༼ན༽

༄༅། །སྤྱོད་པ་རྣམ་དག་གི་ཚིགས་བཅད་བཞུགས།།

༄༅། །སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཚན་ཉིད་ལྡན་པའི་བླ་མ་མཆོག །དཀོན་མཆོག་གསུམ་གྱི་ངོ་བོར་བཞུགས། །ལུས་ཅན་ཀུན་དང་ཐབས་ཅིག་ཏུ། །མཁའ་མཉམ་བཞུགས་ལ་བདག་གསོལ་འདེབས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །དེ་དག་ཀུན་ལ་ཀུན་ནས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བདག་གསོལ་འདེབས། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས། །དེ་ཡི་སྤྱོད་པའང་བདག་གིས་སྤྱད། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དེ་ལྟར་ཚོགས་གཉིས་མྱུར་སྡུད་པའི། །ཚིགས་སུ་བཅད་པ་བསྡུས་པ་འདི། །དུས་རྣམས་ཀུན་དུ་བརྗོད་བྱས་ན། །བསོད་ནམས་ཕུང་པོ་དཔག་མེད་འབྱུང༌། །ཆོས་སྤྱོད་པའི་ལེའུ་སྟེ་དང་པོའོ།།  །།སངས་རྒྱས་ཇི་བཞིན་བླ་མ་མོས། །ཇི་ལྟར་མཉེས་པའི་མཆོད་པས་མཆོད། །མི་འབྲལ་སྒྲུབ་པའི་སྐྱབས་འགྲོ་བྱ། །རྐང་གི་ཁོང་ནས་སྡིག་པ་བཤགས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སངས་རྒྱས་ལམ་གྱི་བསོད་ནམས་བསགས། །ཆགས་པ་མེད་པའི་སྦྱིན་པ་གཏང༌། །ཉེས་པ་མེད་པའི་ཚུལ་ཁྲིམས་བསྲུང༌། །རྙོག་པ་མེད་པའི་བཟོད་པ་བསྒྲུབ། །དགེ་བསྡུད་པའི་བརྩོན་འགྲུས་བརྩམ། །ཁམས་གསུམ་སྤོང་བའི་ཏིང་འཛིན་བསྒོམ། །ཐམས་ཅད་ཤེས་པའི་ཤེས་རབ་བསྐྱེད། །ཟང་ཟིང་སྦྱིན་པས་བོས་ནས་ནི། །སྙན་པར་སྨྲ་བས་ཆོས་བཤད་དེ། །དོན་སྤྱོད་པ་ཡིས་སེམས་བཀུག་ནས། །དོན་མཐུན་པ་ཡིས་སྤྲོ་བ་བསྐྱེད། །དེ་ལྟའི་བསོད་ནམས་དཔག་མེད་པ། །བྱང་ཆུབ་ཁོ་ནའི་དོན་དུ་བསྔོ། །བསྒྲུབ་པའི་ལེའུ་སྟེ་གཉིས་པའོ།།  །།ཚོགས་ཀྱི་ལམ་དུ་དགེ་བ་བསྒྲུབ། །སྦྱོར་བའི་ལམ་དུ་ངེས་ཤེས་བསྐྱེད། །མཐོང་བའི་ལམ་དུ་ཆོས་ཉིད་རྟོགས། །བསྒོམ་པའི་ལམ་དུ་གོམས་པ་འཕེལ། །མཐར་ཕྱིན་པ་ཡིས་ཀུན་རྫོགས་ཏེ། །ས་བཅུ་པ་ལ་རབ་གནས་ནས། །བདུད་སྡེ་མ་ལུས་ཕམ་མཛད་དེ། །རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །འབྲས་བུའི་ལེའུ་སྟེ་གསུམ་པའོ།།  །།སྤྱོད་པ་རྣམ་པར་དག་པ་འདི། །བློ་གྲོས་དམན་པའི་སེམས་ཅན་གྱིས། །མྱུར་དུ་སངས་རྒྱས་ཐོབ་བྱའི་ཕྱིར། །དཔལ་ལྡན་ས་སྐྱ་པ་ཡིས་སྦྱར། །སྤྱོད་པ་རྣམ་པར་དག་པའི་ཆོས་ཚིགས་སུ་བཅད་པ་བཅུ་གཉིས་པ་ཞེས་བྱ་བ། དཔལ་ལྡན་ས་སྐྱ་པཎྜི་ཏས་བསམ་ཡས་ཀྱི་གཙུག་ལག་ཁང་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*