ཕུང་པོ་གསུམ་པའི་མདོ་འདོན་ཐབས།

༼ན༽

༄༅། །ཕུང་པོ་གསུམ་པའི་མདོ་འདོན་ཐབས་བཞུགས།།

༄༅། །ན་མོ་མཉྫུ་ཤྲཱི་ཡེ། ཕུང་པོ་གསུམ་པའི་མདོ་འདོན་པའི་མན་ངག་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ་སངས་རྒྱས་སུམ་ཅུ་སོ་ལྔ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། དཀར་པོ་ལ་སོགས་པ་ཁ་དོག་ལྔའི་རྣམ་པ་ཅན། སྤྲུལ་པའི་སྐུའི་ཆ་ལུགས་ཀྱིས་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་རྒྱ་ལྔས་བཞུགས་པ་སྟེ། ཆོས་འཆད། ཏིང་ངེ་འཛིན། མཆོག་སྦྱིན། ས་གནོན། སྐྱབས་སྦྱིན་གྱིས་བཞུགས་པའོ། །གང་ཟག་གི་བློ་ལ་དམིགས་པ་གསལ་བར་འདོད་ན་དཀར་པོ་བདུན་ནི་ཆོས་འཆད་ཀྱིས་བཞུགས་པ། སྔོན་པོ་བདུན་ནི་བདུད་འདུལ་གྱིས་བཞུགས་པ། སེར་པོ་བདུན་ནི་མཆོག་སྦྱིན་གྱིས། དམར་པོ་བདུན་ནི་ཏིང་ངེ་འཛིན་གྱིས། ལྗང་ཁུ་བདུན་ནི་སྐྱབས་སྦྱིན་གྱིས་བཞུགས་པའོ། །དེའང་ཕྱོགས་རེ་རེར་མི་བཞུགས་པར། དཀར་པོ་གཅིག་གི་རྩར་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་སྤེལ་བས་བཞུགས་པ། དཀར་པོ་ནས་བཟུང་སྟེ་རིམ་པ་བཞིན་དུ་བཞུགས་པར་བསྒོམས་ན་བློ་ལ་བདེ་བ་ཡིན་ནོ། །བོད་ཀྱིས་བྱས་པའི་ཕུབ་དང་རལ་གྲི་ལ་སོགས་པ་མཚོན་ཆ་མང་པོ་བཟུང་བ་སྣང་ཏེ། དེ་ནི་སྤྲུལ་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་ལ་ཤིན་ཏུ་མི་འཐད་པ་ཡིན་ནོ། །དེའང་ཁྱད་པར་འཕགས་པའི་བསྟོད་པ་ལས་འབྱུང་བ། ཁྱོད་ནི་མཚོན་ཆ་མདུང་མེད་པར། །བྱམས་པའི་མཚོན་གང་ལགས་པས་རྒྱལ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་ནི་སྡིག་པ་བཤགས་པའི་རྟེན་གྱི་སྟོབས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སྐྱེ་བ་འདི་དང་ཞེས་པ་ནས་བཟུང་སྟེ། མི་འཆབ་བོ། །ཞེས་པའི་བར་ནི་རྣམ་པར་སུན་འབྱིན་པའི་སྟོབས་ཡིན་ལ། སླན་ཆད་བསྡམ་པར་བགྱི་ལགས་སོ། །ཞེས་བྱ་བ་ནི་གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། སོར་ཆུད་པའི་སྟོབས་སོ། །དེ་དག་ནི་སྡིག་པ་བཤགས་པའི་ཕུང་པོ་ཞེས་བྱ་བའི་སྟོབས་ཡིན་ནོ། །ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ། ཞེས་བྱ་བ་ནས་བཟུང་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་དུ་འདུ་ལ། གཞན་ཡང་འོག་ནས་འབྱུང་བའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་རྣམས་ནི། བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བ་ཡིན་ལ། བསྔོ་བ་རྣམས་ནི་ཡོངས་སུ་བསྔོ་བ་ཞེས་པའི་ཕུང་པོ་གསུམ་པ་ཡིན་ནོ། །དེ་ལྟར་ཕུང་པོ་གསུམ་དུ་བསྡུས་ལ། ངག་ཏུ་བརྗོད་པའི་ཚིག་གི་དོན་བསམ་ཞིང༌། སྙིང་ཐག་པ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །གཞུང་གི་ཚིག་དོན་རྣམས་ནི་གཞུང་ཉིད་དུ་རྟོགས་པར་བྱའོ། །ཕུང་པོ་གསུམ་པ་འདོན་པའི་མན་ངག ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*