སེམས་ཀྱི་གནས་ལུགས་རྣལ་དུ་མཚོན་པའི་མན་ངག

༼ན༽

༄༅། །སེམས་ཀྱི་གནས་ལུགས་རྣལ་དུ་མཚོན་པའི་མན་ངག་བཞུགས།།

༄༅། །སེམས་ཀྱི་གནས་ལུགས་རྣལ་དུ་མཚོན་པར་བྱེད་པའི་མན་ངག་ཚིགས་སུ་བཅད་པ་བརྒྱད་པ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་ཏུ་འཛིན་པའི་འཁྲི་ཤིང་བཅད། །སྡུག་བསྔལ་རྒྱ་མཚོ་རྣམས་ལས་བརྒལ། །གཅིག་ཏུ་བདེ་ལ་ཡིད་སྦྱོར་བའི། །ལམ་འདི་འགའ་ལ་རྒྱལ་བས་གསུངས། །ཕྱི་རོལ་མཚན་མས་གཡེངས་རྣམས་ལ། །སེམས་ནི་ལས་རུང་ཐོབ་དཀའ་ཡི། །དམིགས་པ་ཉིད་ལ་སེམས་གཏོད་དང༌། །ཡིད་ནི་ཞི་བ་ཐོབ་པར་འགྱུར། །དམིགས་པ་ཉིད་ལ་གཏད་ལེགས་ན། །དམིགས་པར་འཛིན་པ་རབ་ཏུ་སྤང༌། །དམིགས་པ་རབ་ཏུ་སྤངས་ནས་དེ། །འཛིན་པའི་སེམས་ལ་རབ་ཏུ་བརྟག །རིང་དུ་བསྲིངས་ན་མི་འགྲོ་ལ། །ཉེ་བར་བསྟེན་ན་མི་ཆགས་ཤིང༌། །ལེགས་པར་བརྟགས་ན་མ་གྲུབ་པ། །འདི་ཡི་རང་བཞིན་ཇི་ལྟ་བུ། །གལ་ཏེ་དེ་ལ་ཅུང་ཟད་ཞེན། །ཇི་ལྟར་ན་ཡང་འཁོར་བར་འགྱུར། །ཅི་སྟེ་དེ་ཡི་དེ་ཉིད་ཤེས། །འཆིང་བ་ཀུན་ལས་ངེས་པར་གྲོལ། །འདི་མ་རྟོགས་པས་ཁམས་གསུམ་དུ། །སྔོན་ཆད་སྡུག་བསྔལ་དུ་མས་གཟིར། །ད་ཀོ་ཁྱོད་ཀྱི་ཚུལ་ཤེས་པས། །སླན་ཆད་ཁོ་བོ་རྗེས་མི་འབྲང༌། །ཁྱོད་ལ་བདེན་པར་གང་རྟོག་པ། །དེ་ལ་སྡུག་བསྔལ་བདེན་པ་འབྱུང༌། །སེམས་ཁྱོད་བརྫུན་པར་གང་གིས་ཤེས། །དེ་ཡི་སྡུག་བསྔལ་བརྫུན་དུ་ཟད། །སྐྱེས་བུ་གང་གིས་འདི་རིག་ན། །བུད་ཤིང་ཟད་པའི་མེ་བཞིན་དུ། །འཁོར་བ་པ་ཡི་རྒྱུན་བཟློག་ནས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །རང་གི་སེམས་ངོས་བཟུང་བའི་ཚིགས་སུ་བཅད་པ་བརྒྱད་པ་ཞེས་བྱ་བ། དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*