ལམ་འབྲས་བུ་དང་བཅས་པའི་ཁྲིད་ཀྱི་དཀར་ཆག

༼ན༽

༄༅། །ལམ་འབྲས་བུ་དང་བཅས་པའི་ཁྲིད་ཀྱི་དཀར་ཆག་བཞུགས།།

༄༅། །ན་མོ་གུ་ར་ཝེ། མཐུ་སྟོབས་དབང་ཕྱུག་གསུང་གི་རྒྱུན། །རྡོ་རྗེའི་ཚིག་དོན་གངས་ཅན་འདིར། །བཅུ་དྲུག་ཆ་ཡི་ཟླ་བ་ལྟར། །གང་གི་མཛད་པ་དེ་ལ་འདུད། །ཟབ་མོའི་དོན་འདི་སྙིགས་དུས་སུ། །རང་དགའི་དྲི་མས་མི་གོས་ཤིང༌། །ཀུན་ནས་ནུབ་པར་མི་འགྱུར་བར། །བྱ་ཕྱིར་དཀར་ཆག་ཐོ་འདི་བྲི། །ལམ་འབྲས་བུ་དང་བཅས་པ་ལ་གང་ཟག་གི་བློ་རིགས་ཀྱིས་སློབ་མ་བཀྲི་བའི་ཚུལ་མི་འདྲ་བ་ཉི་ཤུ་རྩ་བརྒྱད་ཡོད་དོ། །དེ་ཡང་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་སྟེང་ན་ཁྲིད་ཚུལ་བརྒྱད་དེ། རིམ་པ་ཇི་ལྟ་བ་བཞིན་བཀྲི་བ་དང༌། སྣང་བ་གསུམ་དུ་བཀྲི་བ་དང༌། ཀུན་གཞི་རྒྱུ་རྒྱུད་ཀྱིས་བཀྲི་བ་དང༌། ལམ་ཐབས་རྒྱུད་ཀྱི་བཀྲི་བ་དང༌། ལམ་བཞི་རེ་རེས་བཀྲི་བའོ། །གནད་དྲུག་གིས་བཀྲི་བ་ལ་ལྔ་སྟེ། རིམ་པ་ཇི་བཞིན་བཀྲི་བ་དང༌། ལམ་བཞི་རེ་རེས་བཀྲི་བའོ། །དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བ་ལ་དྲུག་སྟེ། ཐབས་ཀྱི་ལ་གསུམ། ཤེས་རབ་ཀྱི་ལ་གསུམ་མོ། །གནད་བཅུ་གཅིག་གིས་བཀྲི་བ་དང༌། ལམ་ཟབ་བླ་མ་དང༌། ལམ་འབྲིང་པོ་དང༌། ལམ་བསྡུས་པ་དང༌། འཁོར་འདས་དབྱེར་མེད་དང༌། དབང་བཞི་ངོ་སྤྲོད་དང༌། ལམ་སྦས་བཤད་དེ། དེ་རྣམས་ལ་རེ་རེ་དང༌། བརྡ་དོན་གསལ་བའི་སྟེང་ན་གསུམ་སྟེ་ཉི་ཤུ་རྩ་བརྒྱད་དོ།།  །།དེ་རྣམས་ལ་ཐུན་གྱི་ངེས་པ་ཡང་བྲི་བར་བྱ་སྟེ། ཐམས་ཅད་ཀྱི་སྔོན་འགྲོ་ཆོས་བཅུ་གཉིས་ལ་ཐུན་གསུམ་སྟེ། གསོལ་བ་གདབ་པ་དང༌། བསག་སྦྱང་གཉིས་ལ་ཐུན་གཅིག སྦྱང་བ་གསུམ་ལ་ཐུན་གཅིག དེ་གཉིས་ཁྲིད་ཀྱི་སྔོན་འགྲོའོ། །ཐུན་རེ་རེའི་སྔོན་དུ་འགྲོ་བ། གནད་ལ་དབབ་པ་གསུམ་དང༌། བསྒོམ་པ་གསུམ་ལ་ཐུན་གཅིག་གོ །གཞུང་ཇི་ལྟ་བ་བཞིན་བཀྲི་བའི་བརྒྱད་ལ། སྣང་བ་གསུམ་ལ་ཉི་ཤུ་རྩ་བདུན། ཀུན་གཞི་རྒྱུ་རྒྱུད་ལ་ལྔ་བཅུ་རྩ་གཅིག ལམ་ཐབས་རྒྱུད་ལ་བཞི་བཅུ་རྩ་བཞི་སྟེ། བརྒྱ་ཉི་ཤུ་རྩ་གཉིས་སོ། །དེ་ལ་སྣང་བ་གསུམ་གྱི་ཉི་ཤུ་རྩ་བདུན་ནི། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ་ལ་ཐུན་རེ་རེ། འགྱུར་བའི་སྡུག་བསྔལ་ལ་སྤྱི་དང་བྱེ་བྲག་ལ་རེ་རེ། འདུ་བྱེད་ཀྱི་སྡུག་བསྔལ་བསམ་པ་ལ་གཅིག དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ལ་གཅིག དེ་ཕན་འདོགས་ཆེ་བ་ལ་གཅིག དེ་ཡུན་རིང་དུ་མི་གནས་པ་ལ་གཉིས་ཏེ། ངེས་པར་འཆི། ནམ་འཆི་ཆ་མེད། འཆི་བ་ལ་གཞན་ཅིས་ཀྱང་མི་ཕན་པ་གསུམ་ལ་རེ་རེ། དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ལས་འབྲས་བསམ་པ་ལ་རེ་རེ། བྱམས་པ་བསྒོམས་པ་ལ་གསུམ། སྙིང་རྗེ་ལ་གསུམ། སྨོན་པ་ལ་གཅིག འཇུག་པ་ལ་གསུམ། དོན་དམ་ལ་གཅིག ཐུན་མོང་མ་ཡིན་པའི་ཉམས་སྣང་ལ་གཅིག དག་པའི་སྣང་བ་ལ་གཅིག་སྟེ་ཉི་ཤུ་རྩ་བདུན་ནོ། །ཀུན་གཞི་རྒྱུ་རྒྱུད་ཀྱི་ལྔ་བཅུ་རྩ་གཅིག་ནི། མདོར་བསྟན་པ་གཅིག དེ་ཉི་ཤུ་རྩ་བདུན་གྱིས་བསྒོམས་པ་ལ་གཅིག སེམས་དང༌། སྒྱུ་མ་དང༌། རྟེན་འབྲེལ་དང༌། བརྗོད་བྲལ་བཞི་ལ་བརྒྱད་བརྒྱད། བཏུས་པའི་དཔེ་བཞི་ལ་རེ་རེ། གཙོ་བོ་གཅིག་ཏུ་བསྡུས་པའི་གཅིག ཚང་བརྩི་བ་ལ་གཅིག དཀྱིལ་འཁོར། དབང༌། དེའི་ཡེ་ཤེས་གསུམ་ལ་རེ་རེ། དབང་བཞིའི་ལམ་སོ་སོ་ལ་རེ་རེ། མ་དག་པའི། ལམ། འབྲས་བུའི་ཉམས་སྣང་གསུམ་ལ་རེ་རེ། གནས་གྱུར་ལྷུན་གྲུབ་མི་འགལ་བ་ལ་གཅིག་སྟེ་ལྔ་བཅུ་རྩ་གཅིག་གོ །ལམ་ཐབས་རྒྱུད་ཀྱི་བཞི་བཅུ་རྩ་བཞི་ནི། བསྐྱེད་རིམ་གྱི་བྱ་བ་དང༌། དེ་ལ་སེམས་གཟུང་བ་གཉིས་ལ་རེ་རེ། སྦྱང་བ་གསུམ་ལ་གཅིག རླུང་སྦྱོར་བདུན་པོ་རེ་རེ། གཏུམ་མོའི་བཅོ་བརྒྱད་ལ་རེ་རེ། གསུམ་པའི་ལམ་ལ་བརྒྱད། བཞི་པའི་ལམ་ལ་བརྒྱད་དེ། བཞི་བཅུ་རྩ་བཞིའོ། །གནད་དྲུག་གིས་བཀྲི་བའི་ལྔ་ལ། རིམ་པ་ཇི་བཞིན་བཀྲི་བ་ལ་དྲུག་ཅུ་རྩ་དགུ། རེ་རེར་བཀྲི་བ་ལ། བུམ་དབང་ལ་བཅུ་གཉིས། གསང་དབང་ལ་སུམ་ཅུ། ཤེས་རབ་ཡེ་ཤེས་ལ་ཉི་ཤུ། བཞི་པ་ལ་ཉེར་གཅིག་གོ །དབང་པོ་རབ་འབྲིང་གསུམ་གྱི་བཀྲི་བའི་དྲུག་ལ། ཐབས་ཕྱོགས་ཀྱི་ཐ་མ་ལ། ལྷ་བསྒོམ་པ་དང༌། ལྟ་བའི་རྒྱས་གདབ་པ་གཉིས། འབྲིང་ལ་ལྷ་བསྐྱེད། དབང་བླང༌། རྒྱས་གདབ་པ་སྟེ་གསུམ་མོ། །རབ་ལ་ལྷ་བསྒོམ། ལྟ་བ་བསྐྱང༌། ལས་ཚོགས་བསྒྲུབ་པ་སྟེ་གསུམ་མོ། །ཤེས་རབ་ཀྱི་ཐ་མ་ལ། གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན། བཅོས་མིན་སེམས་ཀྱི་ངོ་བོ་སྟེ་གསུམ། འབྲིང་ལ་ལྷ་བསྒོམ་པ་དང༌། དབང་བླང་བ་དང༌། སེམས་གཟུང་ཚུལ་ལྔ་སྟེ་བདུན་ནོ། །རབ་ནི་ཐ་མའི་གསུམ་སྔོན་དུ་སོང་ནས། གནད་དྲུག་ལ་ཐུན་བཞི་བཅུ་ཞེ་ལྔའོ། །གནད་བཅུ་གཅིག་གིས་བཀྲི་བ་ནི་གནད་དྲུག་ལ་ཐུན་བཞི་བཅུ་ཞེ་གཉིས། ལམ་ཟབ་ལ་བསྒོམ་ཞིང་གསོལ་བ་གདབ་པ་དང༌། ཞེན་པ་སྤང་བ་དང༌། དབང་བླང་བ་དང༌། དེ་ཁོ་ན་ཉིད་ལ་བློ་གཞག་པ་སྟེ་ཐུན་བཞིའོ། །ལམ་འབྲིང་པོ་ལ་རླུང་གིས་ལམ་ཁྲིད་པ་ལ་བདུན། བདུད་རྩིས་ལམ་ཁྲིད་པ་ལ་གསུམ། ཡི་གེས་ཁྲིད་པ་ལ་བཅུ་གཉིས་ཏེ་ཉི་ཤུ་རྩ་གཉིས་སོ། །ལམ་བསྡུས་པ་ལ་གཅིག་གོ །འཁོར་འདས་དབྱེར་མེད་ལ་སྔར་གྱི་ལྔ་བཅུ་རྩ་གཅིག་གོ །དབང་བཞི་ངོ་སྤྲོད་ལ་སྡོམ་པ་གསུམ་ལ་རེ་རེ་སྟེ་གསུམ། ལམ་སྦས་བཤད་ལ་ལྔ་སྟེ། སྦྱང་བ་གསུམ་ལ་གཅིག རླུང་སྲོག་རྩོལ་ལ་གཅིག ཕྱིའི་ཧེ་རུ་ཀ་གསལ་གདབ་པ། ནང་ཐུགས་རྡོ་རྗེ་གསལ་གདབ་ཅིང་བརྡ་དོན་ངེས་པར་བྱ་བ། བསྒོམ་པ་དངོས་དང་ལྔའོ། །དེ་ལྟར་ཐམས་ཅད་ཀྱི་ཐུན་རེ་རེའི་མཇུག་ཏུ། དགེ་བ་བསྔོ་བ་དང༌། དེ་མ་རྟོགས་ཀྱི་སེམས་ཅན་ལ་སྙིང་རྗེ་བསྒོམ། རང་ཉིད་དགའ་བ་བསྒོམ་པ་དང༌། རང་གིས་ཀྱང་ནམ་ཏུར་དྲན་པ་ན་ཉམས་ཀྱི་རྒྱུན་གོམས་པར་བྱའོ། །ཐུན་གྱི་ངེས་པའོ།།  །།གསུང་སྒྲོས་ཀྱི་ངེས་པ་ཡང་བྲི་བར་བྱ་སྟེ། ཁྲིད་ཚུལ་ཉི་ཤུ་རྩ་དགུ་ལས། ཀུན་གཞི་རྒྱུ་རྒྱུད་དང༌། འཁོར་འདས་དབྱེར་མེད་གཉིས་འདྲ་བས། ཉི་ཤུ་རྩ་བརྒྱད་དོ། །ལམ་ཟབ་བླ་མ་དང༌། ལམ་བསྡུས་པ་གཉིས་ནི། ཁྲིད་ཚར་ནས་བསྒོམ་པ་ཡིན་ལ། གནད་དྲུག་གིས་བཀྲི་བ་དང༌། ལམ་སྦས་བཤད་གཉིས་ནི་དོན་ཁྲིད་ཁོ་ན་ཡིན། གཞན་ལྷག་མ་རྣམས་ནི། གང་ལ་གང་འཚམ་གྱི་བཀྲི་སྟེ་ལམ་འབྲས་ཀྱིས་བཀྲི་བར་མི་ནུས་པའི་གང་ཟག་མི་སྲིད་པའི་ཚོད་ཙམ་ཡིན་ནོ། །གསུང་ངོ༌། །དེ་ལ་དང་པོ་སྔོན་འགྲོ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྐབས་སུ། སེམས་ཅན་ཐམས་ཅད་ལ་མ་ཡིན་པར་ཤེས་པས་བྱམས་པ་ངང་གིས་སྐྱེ། དེས་སྙིང་རྗེ་ངང་གིས་སྐྱེ། དེས་སྨོན་པ་ངང་གིས་སྐྱེ། དེས་འཇུག་པ་ངང་གིས་སྐྱེ། དེ་དོན་དམ་སེམས་བསྐྱེད་ཀྱི་ངང་དུ་གཞུག་གསུང༌། དོན་གཉིས་པ་དངོས་གཞི་ལ་ཁྲིད་ཚུལ་ཉི་ཤུ་རྩ་བརྒྱད་ཀྱི་ཀུན་གཞི་རྒྱུ་རྒྱུད་དང༌། ཤེས་རབ་ཀྱི་ཕྱོགས་ཀྱི་དང་མཐའ་གཉིས་མ་གཏོགས་པ་ཐམས་ཅད་ལ་ཤེས་རབ་ལྟ་བས་ཐག་གཅད་པའི་དམིགས་པ་རྒྱས་བསྡུས་ཅི་རིགས་རེ་མགོ་བོར་གཟུགས་སོ། །གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ལས་འབྲས་བསམ་པའི་སྐབས་སུ། མཛོད་ལས། སྡུག་བསྔལ་བ་དང་གསད་ཕྱིར་དང༌། །གཟི་བྱིན་ཉམས་ཕྱིར་འབྲས་རྣམས་གསུམ། །ཞེས་པས། རེ་རེ་ལ་རྣམ་སྨིན་གྱི་འབྲས་བུ་དང༌། རྒྱུ་མཐུན་གྱི་དང༌། དབང་འབྲས་ཏེ་གསུམ་གསུམ་དུ་བཤད་དོ། །དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྐབས་སུ། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པའི་དོན་བཤད་དོ། །ཡང་ལམ་ལ་འཁོར་འདས་དབྱེར་མེད་བརྩི་བ་ལ། དབང་བཞིའི་ལམ་ལ་བརྩི་བ་དང༌། རིམ་གཉིས་ལ་བརྩི་བ་གཉིས་གང་མོས་བྱའོ། །དེ་རྣམས་ངག་དོན་དྲིལ་ཞིང་བཀྲིའོ། །གནད་དྲུག་གིས་བཀྲི་བའི་ལྔ་ལ་རིམ་པ་བཞིན་བཀྲི་བ་ཚིག་ཁྲིད་དུ་ཡང་མཛད། རྐང་ཐོན་དུ་བཀྲི་བ་ནི་དོན་ཁྲིད་ཡིན་པས། དེ་ལ་བུམ་དབང་གི་གནད་དྲུག་ནི། རྒྱུ་ལ་གནས་པ་ལ། རྟེན་རྩ་གསུམ། ཕོ་བྲང་དྲུག པུལླི་ར་མཱ་ལ་ཡ་ལ་སོགས་པས་སོ། །བརྟེན་པ་ཀུན་གཞི་གཉུག་མའོ། །བརྟེན་ཚུལ་མེ་ཏོག་དང་དྲིའི་ཚུལ་དུ་གནས་སོ། །དེ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་མོ། །དེ་ནས་དབང་ལས་ཐོབ་པ་ནི། བླ་མ་ལས་བུམ་དབང་བླངས་ཏེ་དེའི་དུས་སུ་ངོ་འཕྲོད་པར་བྱའོ། །དེ་ནས་ལམ་ལ་གོམས་པ་ནི། བུམ་དབང་གི་ལམ་བརྡ་དོན་གསལ་བ་བཞིན་བསྒོམ་སྟེ་ངོ་བོ་ཉིད་གསུམ་ཟུང་དུ་ཉམས་སྐྱེས་སྐྱེས་བསྒོམ། དེ་ནས་ལྟ་བ་ལ་ཉམས་སུ་མྱོང་བ་ནི། སྔར་གྱི་ཉམས་མྱོང་བརྟེན་པར་བྱེད་པ་སྟེ། དོན་རང་བཞིན་ལྷན་སྐྱེས་སོ། །དེ་ནས་གྲུབ་མཐའ་ལ་རྟགས་སུ་ཤར་བ་ནི། ཕྱི་ནང་དེ་ཁོ་ན་ཉིད་གསུམ་གྱི་རྟགས་ཀྱིས་མཚོན་པའི། རྟགས་ཅན་ལམ་བསྒོམ་པའོ། །དེ་ནས་འབྲས་བུ་ལ་མངོན་དུ་གྱུར་པ་ནི། སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་སྟེ། དེ་ཡང་གཞི་ཀུན་གཞི་ལྷུན་གྲུབ། ལྟ་བས་བསྡུས་པའི་སྐུ་བཞི་ལྷུན་གྲུབ། གྲུབ་མཐས་བསྡུས་པའི་སྐུ་བཞི་ལྷུན་གྲུབ། མཐར་ཕྱིན་འབྲས་བུས་བསྡུས་པའི་སྐུ་བཞི་ལྷུན་གྲུབ་སྟེ་བཞིར་འགྱུར་ཏེ། དྲུག་ཀར་ཅི་རིགས་སུ་ཤེས་ཤིང་གོམས་པར་བྱའོ། །དེས་ན་བུམ་དབང་གཅིག་པུས་ལམ་མཐར་ཕྱིན་པ་སྟེ། གཞན་གསུམ་ངང་གིས་འབྱུང་སྟེ། ལྷ་གསལ་སྟོང་གསང་དབང་གི་ལམ། བདེ་སྟོང་གསུམ་པའི་ལམ། སྣང་གསལ་བདེ་གསུམ་གང་ཡང་ཟུང་དུ་ཆུད་པ་བཞི་པའི་ལམ་མོ། །དེ་བཞིན་དུ་གཞན་གསུམ་ཡང་རྐང་ཐོན་དུ་བཀྲི་སྟེ་དོན་གྱིས་ཤེས་པས་མ་སྦྱར་རོ། །སྐུ་བཞི་ནི། སྣང་སྟོང༌། གསལ་སྟོང༌། བདེ་སྟོང༌། ཐམས་ཅད་རང་སྟོང་དུ་ཤེས་པ་བཞི། གོ་རིམ་བཞིན་དུ་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་ཀྱི་སྐུ་བཞིར་འཇོག་པས། དེ་རིམ་པ་བཞིན་དུ། རང་བཞིན་ལྷན་སྐྱེས། རང་རིག་ལྷན་སྐྱེས། ཞུ་བདེ་ལྷན་སྐྱེས། རྣམ་ཀུན་མཆོག་ལྡན་ལྷན་སྐྱེས་ཏེ་བཞིར་འགྲོ་ལ། འདི་རྣམས་ཤེས་པས་ཚིག་གི་མདུད་པ་དོན་གྱིས་གྲོལ་བ་ཡིན་ནོ། །གགས་སེལ་དང༌། བོགས་འདོན་དང༌། ས་མཚམས་དང༌། ཕྱི་ནང་གི་རྟེན་འབྲེལ་གྱི་གནད་དེ་འདིར་དགོས་མ་ངེས་པས། དེ་དག་གང་དགོས་སུ་སླེབ་པར་བྱའོ། །ཡང་དབང་བཞི་ངོ་སྤྲོད་ནི། སྡོམ་པ་གསུམ་ལྡན་གཅིག་ཁྲིད་ཚུལ་ཉི་ཤུ་རྩ་བརྒྱད་གང་གིས་བསྐྱངས་ཀྱང་དེའི་ཁྲིད་ཚར་ནས། དེ་ནས་དབང་བཞི་ངོ་སྤྲོད་དེ། སྡོམ་པ་གསུམ་དབང་བཞིའི་ཡེ་ཤེས་སུ་རོ་གཅིག་པར་རྟོགས་པའི་གནད་དོ། །དེ་ལ་ཉོན་མོངས་པ་དུག་གསུམ་གང་རུང་གཅིག་ཏོལ་སྐྱེས་པ་ན། དེ་གཉེན་པོས་སྤོང༌། དགེ་བའི་སྦྱིན་པ་ལྟ་བུ་གང་རུང་གཅིག་གིས་མི་མཐུན་ཕྱོགས་གཉེན་པོས་སྤོང་ཞིང་དད་འདུན་དངོས་པོར་དམིགས་པས་བསྒྲུབ་པ་དེ་སོ་སོ་ཐར་པའི་སྡོམ་པ་ཡིན་ཏེ། དེས་ཀྱང་སྤང་བྱ་སྤོང༌། གཉེན་པོས་བསྒྲུབས་ཀྱང་ཀུན་མཁྱེན་མི་ཐོབ་སྟེ། འཁོར་གསུམ་དུ་ཞེན་པས་སོ། །དེ་དབང་བཞིའི་ལམ་དུ་ངོ་སྤྲོད་པ་ནི། སྤང་གཉེན་གདོད་ནས་དག་པ་ཡིན་པས་དེར་ངོ་ཤེས་དགོས་ཏེ། དེ་སྣང་བཞིན་དུ་སྟོང་པ་བུམ་དབང་གི་ལམ། དོན་རང་བཞིན་ལྷན་སྐྱེས། གསལ་བཞིན་དུ་སྟོང་པ་གསང་དབང་གི་ལམ། དོན་རང་རིག་ལྷན་སྐྱེས། སྣང་རུང་གསལ་རུང་རང་རང་གིས་སྟོང་པས་དངོས་འཛིན་གྱིས་བསྐྱེད་པའི་སྡུག་བསྔལ་མེད་པས་བདེ། བདེ་བཞིན་དུ་སྟོང་པ་གསུམ་པའི་ལམ། དོན་ཞུ་བདེ་ལྷན་སྐྱེས། དེ་ལྟར་རང་རང་གི་ངོ་བོས་སྟོང་པ་དེ་ཡང་འཕྲལ་དུ་བྱས་པ་མ་ཡིན་གྱིས་གདོད་ནས་དག་པར་འདུག་པ་དེ་བཞི་པའི་ལམ། དེ་དོན་རྣམ་ཀུན་མཆོག་ལྡན་ནོ། །དེ་ལྟར་ཤེས་པས་རྣམ་རྟོག་ཆོས་ཉིད་ཀྱི་དབང་དུ་འདུས། ཆོས་ཉིད་རྣམ་རྟོག་གི་དབང་དུ་མི་འགྲོ་བས། འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་ནང་ནས་འགྲིག་ཅིང་རང་གཞན་དབང་དུ་མི་འགྲོ་བའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །དེ་དབང་བཞིའི་ལམ་དུ་ངོ་སྤྲོད་པ་མན་ཆད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ཉོན་མོངས་པ་དུག་གསུམ་གང་རུང་གཅིག་ཏོལ་སྐྱེས་པའམ་དགེ་བ་ཕར་ཕྱིན་དྲུག་ལྟ་བུ་དེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་ལམ་དུ་བསྒྱུར་བ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ལ། དེ་དབང་བཞིའི་ལམ་དུ་ངོ་སྤྲད་པ་ནི་སྔར་བཞིན་ནོ། །དེ་ལ་གཉིས་ལས་བདག་གཞན་མཉམ་པར་བསྒོམ་པ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པ་དང༌། སེར་སྣ་ནས་ཤེས་འཆལ་གྱི་བར་ལ་ཡང་དེ་བཞིན་ནོ། །བདག་གཞན་བརྗེ་བ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག བདག་གི་མ་ཆགས་པ་ལ་སོགས་པའི་དགེ་བ་ཐམས་ཅད་སེམས་ཅན་གྱིས་ཐོབ་ནས་སངས་རྒྱས་པར་གྱུར་ཅིག་སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེར་སྣ་ནས་འཆལ་ཚུལ་གྱི་བར་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག བདག་གི་སྦྱིན་པ་ནས་ཤེས་རབ་ཀྱི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་ཐོབ་ནས་སངས་རྒྱས་པར་རྒྱུར་ཅིག སྙམ་དུ་བསྒོམ་པའོ། །གསུམ་པ་སྣོད་བཅུད་ལ་བརྟེན་པའི་ཉོན་མོངས་རྣམ་རྟོག་གང་སྐྱེས་ཀྱང༌། ལྷ་དང་གཞལ་ཡས་ཁང་དུ་ཤེས་པ་བསྐྱེད་རིམ། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་ཤེས་པ་རྫོགས་རིམ་སྟེ། དེ་དྲན་འཛིན་གྱིས་སྡོམ་པ་རིག་པ་འཛིན་པའི་སྡོམ་པ་ཡིན་ལ། དེ་སྔ་མ་བཞིན་དབང་བཞིའི་ལམ་གྱིས་ངོ་སྤྲད་པས་འབྲས་བུ་སྐུ་བཞི་ལམ་དུ་བྱེད་པ་རྡོ་རྗེ་ཐེག་པའི་ལམ་དུ་འགྱུར་བ་ཡིན་པས་བླ་མས་ཞིབ་པར་ངོ་སྤྲོད་དོ།།  །།ལམ་སྦས་བཤད་ནི། ཐོག་མར་སྦྱང་བ་གསུམ་ཟླ་བ་དྲུག་སྦྱང༌། དེ་ནས་རླུང་སྦྱོར་བདུན་མཐར་ཕྱིན་གྱི་ཚད་བྱུང་བྱུང་སྦྱང༌། དེ་ནས་འགྲོས་བཞིན་བསྒོམ་སྟེ། ཕྱི་ནང་གི་ཧེ་རུ་ཀ་གསལ་གདབ་པ་བུམ་དབང་གི་ལམ། ནང་གི་ཧེ་རུ་ཀ་ཡིག་འབྲུར་གསལ་གདབ་པ་དང༌། རླུང་ཁ་སྦྱོར་བསྒོམ་པ་གསང་དབང་གི་ལམ། དེས་བདེ་བ་སྐྱེས་པ་གསུམ་པའི་ལམ། དེས་ལས་ཀྱི་རླུང་ལོག་ནས་ཡེ་ཤེས་ཀྱི་རླུང་དུ་གྱུར་པ་བཞི་པའི་ལམ། ལམ་བཞི་ཅིག་ཅར་དུ་བསྒོམ་མོ། །དེ་ལས་ཡེ་ཤེས་ཀྱང་ཅིག་ཅར་སྐྱེ་སྟེ་ལྡོག་པས་ཕྱེ་བའོ། །ལམ་བསྡུས་ཏེ་བསྒྲུབ་པའི་ལུང་སྦྱིན་པ་ནི། ཁྲིད་ཚར་ནས་རྒྱུན་གྱི་རྣལ་འབྱོར་སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་མཉམ་རྗེས་ཐུན་བཞིར་བསྒོམ་པ་ཡིན་ཏེ། དམ་ཚིག་པ་ཡན་ཆད་ཕྱི་དབྱིབས་ཀྱི་སྐྱེད་ཆོག་རྒྱས་འབྲིང་བསྡུས་པ་གང་མོས་ལ། ཡེ་ཤེས་པ་གཞུག་པའི་དུས་སུ་ལུས་ཀྱི་དཀྱིལ་འཁོར་གསལ་བཏབ་ནས་བསྒོམ་པ་བུམ་དབང་གི་ལམ། དེ་ནས་ཨ་ཐུང་གི་མེས་ལྷ་རྣམས་གསལ་བར་བལྟ་ཞིང་རླུང་སྲོག་རྩོལ་གྱི་གནད་ཀྱིས་བསྒོམ་སྟེ། རླུང་ཕྱིར་འགྲོ་བ་དང་བསྟུན་ཏེ་ཕོ་བྲང་དྲུག་མས་རིམ་གྱིས་གསལ་གདབ། ནང་དུ་འཇུག་པ་དང་བསྟུན་ཏེ་ཡས་རིམ་གྱིས་གསལ་གདབ། ཕྱིར་གནས་པ་ན། གཙུག་ཏོར་གྱི་འཁོར་ལོར་ཕུག་རོན་གྱི་སྒོ་ང་ངོས་གཅིག་རྡོལ་བ་ལྟ་བུ་འམ་བུམ་སྐུ་ཅུང་ཟད་ཁ་ཞལ་ཕྱེ་བ་ལྟ་བུའི་དབུས་ན་རྡོ་རྗེ་འཆང་དང་མི་གཉིས་པའི་རྩ་བའི་བླ་མ་ཆོས་འཆད་ཀྱི་ཕྱག་རྒྱས་རྡོར་དྲིལ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ་འཁྱུད་པ། ཡུམ་གྲི་གུག་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའོ། །འདབ་མ་བཞི་ལ་ཕྲ་གཟུགས་མའི་ལྷ་མོ་བཞི་གསལ་གདབ་ནང་དུ་གནས་པ་ན་ཕོ་བྲང་ལྔ་པའི་མཐར། ཕྱི་དབྱིབས་ཀྱི་ཨ་གསལ་གདབ་སྟེ་གསང་དབང་གི་ལམ། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལས་དབང་བཞི་བླངས་ཏེ། ཡས་འབབ་དགའ་བ་བཞི་དབང་གསུམ་པའི་ལམ་སྟེ། ཕྱི་དབྱིབས་ཀྱི་ཨ་ཐིག་ལེའི་དབུས་སུ་བསྒོམ་མོ། །མས་བརྟན་དགའ་བ་བཞིས་དབང་རྟགས་ཀྱི་རྒྱས་གདབ་པ་བཞི་པའི་ལམ་སྟེ། རིགས་ལྔ་ལ་རྡོ་རྗེ་འཆང་གི་རྒྱས་གདབ། སྔར་གྱི་གཙུག་ཏོར་གྱི་འཁོར་ལོ་ལ་སེམས་བཟུང་པས་དེ་ལས་ལྷན་སྐྱེས་ཆེན་པོའི་ཡེ་ཤེས་སྐྱེ་སྟེ། དེར་རོ་གཅིག་ཅེས་བྱའོ། །ལམ་ཟབ་བླ་མ་ཡང་དེ་དོན་གྱིས་ཤེས་པར་བྱའོ། །དེ་ལྟར་ན་གཞི་དང་དབང་དང་ལམ་དང་ལྟ་བ་དང་གྲུབ་མཐའ་དང་འབྲས་བུ་སྟེ་དྲུག་ཀ་ཡང༌། བཅས་ཞེས་པའི་སྒྲས་མདུད་པ་ཐམས་ཅད་ཅིག་ཅར་གྲོལ་བ་ཡིན་ནོ། །དེ་ལྟར་ཁྲིད་ཚུལ་ངེས་པ་ཅན་ཉི་ཤུ་རྩ་བརྒྱད་དམ་རྩ་དགུས་ནི་གང་ཟག་ཐམས་ཅད་ལམ་འདིས་བཀྲིར་རུང་ལ། ཐུན་ཚད་ངེས་པས་ནི་རང་དགས་བསླད་པར་མི་ནུས། གསུང་སྒྲོས་ངེས་པས་ནི་སྙིང་པོའི་དོན་གཅིག་ཏུ་གོ་བའི་དགོས་པ་ཡོད་དོ། །འདི་ལ་མཆན་མེད་པ་ཡིན་ནོ།།  །།གཞན་ཡང་སྙིགས་མའི་དུས་འདིར། ཟབ་མོའི་ལམ་འདི་བཅོས་པ་དང༌། བསླད་པ་དང༌། ནུབ་པའི་སྐྱོན་གསུམ་གྱིས་འཇིགས་པ་དང༌། འདིའི་ལམ་ལ་མོས་པ་དག་ཆེད་ཆེར་གསོལ་བ་འདེབས་པའི་ངོར། ཚིག་དོན་ལས་མི་འདའ་ཙམ་གྱི་བར་འདི། ཆོས་འདིའི་རིགས་སུ་སྐྱེས་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་གོང་མའི་ཚོགས་ལ། སེམས་ཅན་ཐམས་ཅད་སྙིང་ཕུགས་སུ་བཅུག་ནས་གསོལ་བ་བཏབ་ཅིང༌། གནང་བ་ཐོབ་ནས་ས་བོན་ཙམ་བྲིས་པའོ། །འདི་བླ་མའི་གསུང་མེད་པར་ཡི་གེ་ཙམ་ལ་བརྟེན་ནས་བཤད་ན་དུག་དང་བཅས་པའི་ཟས་བཞིན་ནོ།།  །།ཐོས་དཀའ་རྙེད་པར་དཀའ་བའི་ཆོས། །ཟབ་ཅིང་ཤིན་ཏུ་ཟབ་པའི་དོན། །མཁས་པས་ལེགས་བསྐྱངས་མཁས་པས་མྱོང༌། །ལེགས་གསུངས་ལེགས་པའི་ལམ་འདི་སྒོམས། །ཁོ་བོའི་བླ་མ་ཁོ་བོ་དང༌། །བཅས་པས་འདི་བཤད་འདི་དོན་བསྒོམས། །དེ་ལས་གཞན་སྨྲ་ལོགས་པ་ཡི། །ལོག་པ་ཡིན་གྱིས་རྗེས་མ་འབྲང༌། །ལམ་འབྲས་སྙིང་པོ་ཁྲིད་ཡིན་པས། །ཁྲིད་ཚུལ་ཐུན་གསུང་ངེས་པ་ཅན། །དཔང་འདི་དཔང་པོའི་དཔང་ཡིན་པས། །དཔལ་མགོན་སྲུང་མ་རྣམས་ལ་གཏད། །འཆོལ་པ་མེད་པར་རྗེས་སུ་སྐྱོངས། །ལམ་འབྲས་བུ་དང་བཅས་པའི་ཁྲིད་ཀྱི་དཀར་ཆག་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པ་རྫོགས་སོ།།  །།ས་མཱཔྟ་མི་ཐི། གུ་ཧྱ་ག་ཧྱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*