འཇམ་དཔལ་ཨ་ར་པ་ཙ་ནའི་མངོན་རྟོགས།

༼ན༽

༄༅། །འཇམ་དཔལ་ཨ་ར་པ་ཙ་ནའི་མངོན་རྟོགས་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །འདིའི་བརྒྱུད་པ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ། དེའི་སློབ་མ་ནི་བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི། དེའི་སློབ་མ་རྡོ་རྗེ་གདན་པ་ཆེན་པོ། དེའི་སློབ་མ་རྡོ་རྗེ་གདན་པ་ཆུང་བ། དེ་ལ་བླ་མ་བ་རི་ལོ་ཙཱ་བས་གསན། དེ་ལ་བླ་མ་ཆེན་པོ་ས་སྐྱ་པས་གསན། དེ་ལ་ཆོས་རྗེ་རྒྱལ་མཚན་གྱི་མཐའ་ཅན་གྱིས་གསན། དེ་དག་ཐམས་ཅད་ཀྱིས་ནི་འཇམ་དཔལ་གྱི་ཞལ་གཟིགས་པ་ཡིན་ནོ་ཞེས་གྲག་གོ །ཡིད་ཆེས་པའི་གཏན་ཚིགས་དུ་མ་དག་ཀྱང་སྣང་ངོ༌། །དེ་དག་གྲུབ་པའི་བརྒྱུད་པ་ལས་འོངས་པའི་འཇམ་པའི་དབྱངས་བསྒྲུབ་པར་འདོད་པའི་བསམ་པ་དང་ལྡན་པས། ཐོག་མར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གནས་པར་བྱས་ནས། ཤ་དང་ཆང་དང་བུད་མེད་དང་མི་གཙང་བ་དང༌། འབགས་པ་མ་ལུས་པ་སྤངས་ནས། ཡིད་དགའ་བའི་གནས་སུ་སྟན་བདེ་བ་ལ་བསྡད་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ལ། འཇམ་དཔལ་གྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེའི་རྗེས་ལ་རང་གི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བ་དེའི་སྟེང་དུ་དྷཱིཿདམར་སེར་གུར་གུམ་གྱི་མདོག་འདྲ་བ་དེ་ལས་འོད་བྱུང་ནས་ལུས་ཐམས་ཅད་ཁྱབ་པས། སྡིག་པ་དང་སྒྲིབ་པ་དང་མི་ཤེས་པའི་མུན་པ་ཐམས་ཅད་བཅོམ་སྟེ། དྲི་མ་མེད་པ་ལྟར་གྱུར་པའི་སྐད་ཅིག་ལ། རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་མི་ཤེས་པ་གཅོད་པའི་རལ་གྲི། གཡོན་ན་ཨུཏྤ་ལའི་རྩ་བ་ཐུགས་ཀར་བཟུང་ནས་རྣ་བའི་ཐད་ཀར་ཁ་བྱེ་བའི་སྟེང་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པའོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན་ལོ་བཅུ་དྲུག་ལོན་པ་ལྟ་བུ་ཟླ་བའི་རྒྱབ་ཡོལ་ཅན། རལ་པའི་ཅོད་པན་སྟེང་དུ་བཅིངས་པ་རལ་པའི་ཟུར་ཕུད་ལྔ་གཡོན་དུ་འཕྱང་བའི་སྐུར་གསལ་བར་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་བར་གྱུར་ན། རང་གི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་དྷཱིཿདམར་སེར་གྱི་མཐའ་མ་ན་ཕར་ཨོཾ་ཨ་ར་པ་ཙ་ན་ཞེས་པའི་སྔགས་ཀྱིས་བསྐོར། ལྕེའི་རྩ་བར་དྷཱིཿམགོ་ཕུགས་སུ་བསྟན། ཉལ་ཐབས་སུ་འདུག་པ་ལ་དམིགས་པ་གཏད་ནས། ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱའོ། །ཐུན་འཇོག་པའི་དུས་སུ་དབུགས་ཐོགས་གཅིག་ལ། དྷཱིཿབརྒྱ་རྩ་བརྒྱད་བཟླས། དེ་ལྟར་མ་གྲུབ་ནའང་གཏམ་མི་བྱ་བར་བཟླས་སོ། །དེ་ནས་ལུས་དྷཱིར་གྱུར་པར་བསམ་མོ། །དུས་དང་གནས་སྐབས་ཐམས་ཅད་དུ་འཇམ་དཔལ་གྱི་ང་རྒྱལ་དང་མ་བྲལ་བར་བྱའོ། །བར་ཆད་ཀྱི་རྟགས་ནི་ཐོག་སེར་འབབ་པ་དང༌། རླུང་དང་གཅན་གཟན་གྱིས་ཟོས་པ་ལ་སོགས་པ་བྱུང་ན་བར་ཆད་ཀྱི་རྟགས་ཡིན་པས་མི་གཡོ་བ་ལ་སོགས་པ་ཁྲོ་བོའི་སྔགས་བཟླས་པར་བྱའོ། །རལ་གྲི་དང་ཨུཏྤ་ལ་འཛིན་པ་དང༌། མེ་འབར་བ་ལ་སོགས་པ་བྱུང་ན་གྲུབ་པའི་རྟགས་སུ་ཤེས་པར་བྱའོ། །ཟླ་བ་དྲུག་གམ་འབུམ་ཕྲག་བརྒྱད་ཅུ་བཟླས་པས་ཐོག་མར་འཛིན་བློ་སྐྱེ་བར་འགྱུར་རོ། །དེ་ནས་སྙན་ངག་དང་རྡོ་རྗེའི་ངག་དང་ཕྱིན་ཅི་མ་ལོག་པའི་དོན་ཕུན་སུམ་ཚོགས་པར་སྐྱེ་བར་འགྱུར་རོ། །གཡེང་བས་མི་འགྲུབ་སྟེ། མདོར་ན་སེམས་རྩེ་གཅིག་པར་བསྒོམས་ན་འགྲུབ་པར་འགྱུར་རོ། །འཕགས་པ་འཇམ་དཔལ་གྱི་སྒྲུབ་པའི་ཐབས་ཀྱི་གསལ་བྱེད་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*