རྣམ་འཇོམས་རྒྱུད་ཀྱི་བཤད་པ།

༼ན༽

༄༅། །རྣམ་འཇོམས་རྒྱུད་ཀྱི་བཤད་པ་ཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བཅུ་ཕྲག་བདུན་དང་ལྔ་ཕྲག་གཅིག །དཔལ་ལྡན་དཀྱིལ་འཁོར་གཉིས་སྒྲུབ་པར། །བཏུད་དེ་རྣམ་བཞིར་གཟུང་བའི་ཕྱིར། །བརྒྱ་ཕྲག་ཕྱེད་ཀྱི་བླ་མ་དབྱེ། །འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའི་གསུང་གི་གདམས་པ། དཔལ་ས་སྐྱ་པ་ཆེན་པོ་ལས་རིམ་པར་བརྒྱུད་པའི། རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་ཀྱི་བཤད་པ། རྒྱུད་སྡེ་བཞི་དང་རྗེས་སུ་འབྲེལ་བའི་མན་ངག་གཅིག་ནས་གཅིག་ཏུ་བྱིན་རླབས་ཀྱི་རྒྱུན་མ་ཆད་པ་ངོ་མཚར་དང་བཅས་པ་འདི་བྲི་བ་ལ་སྐྱོན་མེད་དོ། །དེ་ཡང་རྒྱུད་ལས། རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་འབྱུང་བས། གང་ཟག་སྦྱངས་པ་ཆེ་འབྲིང་བཞིའི་བྱེ་བྲག་གིས་རྒྱུད་སྡེ་བཞི་དང་སྒོ་བསྟུན་ནས་མངོན་པར་རྟོགས་པ་གཅིག་ཉིད་ལ་བྱེ་བྲག་མི་འདྲ་བ་བཞི་འབྱུང་བ་ཡིན་ཏེ། འདི་ལྟར་མདུན་དུ་བསྐྱེད་ན་བྱ་བའི་རྒྱུད། བདག་དང་མདུན་གཉིས་ཀར་བསྐྱེད་ན་སྤྱོད་པའི་རྒྱུད། བདག་འབའ་ཞིག་བསྐྱེད་དེ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ན་རྣལ་འབྱོར་གྱི་རྒྱུད། ཡེ་ཤེས་པ་གཤེགས་སུ་མི་གསོལ་ན་རྣལ་འབྱོར་ཆེན་པོའི་སྒྲུབ་ཐབས་ཡིན་ནོ། །དེ་ལྟ་བུའི་ཚུལ་དེ་དག་བསྒོམ་པ་ལ་གསུམ་སྟེ། ཐབས་ཀྱིས་བསྲུང་བ་དང་ཤེས་རབ་ཀྱིས་བསྲུང་བ་དང༌། གཉིས་སུ་མེད་པས་བསྲུང་བའོ། །དེ་ལ། དང་པོ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་རྗེས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་རྡོ་རྗེ་རྣམ་པར་འཇོམས་པ་བསྒོམ་སྙམ་དུ་བསམ་མོ། །གཉིས་པ་ནི་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ

྅་ཧཾ་ཞེས་བརྗོད་པས། དངོས་པོ་མཐའ་དག་ནམ་མཁའ་ལྟར་ཡུལ་སྣང་བ་མི་དམིགས་པའི་སྟོང་པར་བསྒོམ་པའོ། །གསུམ་པ་ནི་སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་གུར་བླ་རེ་མེ་རི་རབ་ཏུ་འབར་བར་བསམ། དེའི་ནང་དུ་བྷྲཱུཾ་ལས་འཁོར་ལོ་རྩིབས་བཅུ་པ། དེའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་བདུད་བཞིའི་གདན་ནོ། །དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་མརྒད་ལྟར་ལྗང་བ། ཅུང་ཟད་ཁྲོས་པ་ཡིད་ཙམ་འཛུམ་པ། ཕྱག་གཡས་པས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་སྟོད་དེ་འཛིན་པ། གཡོན་པས་དྲིལ་བུ་དཀུར་འཆང་བ། ཞབས་ཕྱེད་ཀྲུང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཐུགས་ཀར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འབྱིན་པའི་ཚུལ་དུ་ངག་ཏུ་ཧཱུྃ་ཞེས་བརྗོད་ཅིང་ཁྲོ་བོ་བཅུ་རྡོ་རྗེ་གུར་ལས་འབྱུང་བ་བཞིན་ཕྱོགས་བཅུར་སྤྲོས། ཕྱི་རོལ་གྱི་འཕར་མ་ལ་རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི། ཕྱོགས་མཚམས་རྣམས་སུ་བརྒྱད་བརྒྱད་སྤྲོས་ལ། དེ་ཡང་ཤར་གྱི་རྣམས་དཀར་པོ། ལྷོའི་རྣམས་སེར་པོ། ནུབ་ཀྱི་རྣམས་དམར་པོ། བྱང་གི་རྣམས་ལྗང་གུ། མཚམས་ཀྱི་རྣམས་ཕྱེད་གཟུགས་སོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་རྣམས་ཤར་གྱི་འཁོར་ལོ། ལྷོའི་རིན་པོ་ཆེ། ནུབ་ཀྱི་པདྨ། བྱང་གི་རལ་གྲི། བྱང་ཤར་གྱི་མིག་གི་སྤྲས་པའི་འཁོར་ལོ། ཤར་ལྷོར་རྡོ་རྗེ། ལྷོ་ནུབ་ཀྱི་པདྨ། ནུབ་བྱང་གི་ཨུཏྤལ། གཡོན་པ་ཐམས་ཅད་སྡིགས་མཛུབ་མཛད་པ། ཡང་ཐམས་ཅད་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྒོམས་ཀྱང་བཏུབ་ཅེས་ཀྱང་གསུང་ངོ༌། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་སྟེ། གཤིན་རྗེ་མཐར་བྱེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད། གཙོ་བོ་ལ་སོགས་པ་གཞན་ལ་མི་བསྐྱོད་པའོ། །རྡོ་རྗེ་ཕོ་ཉ་མོ་རྣམས་ལ་ཤར་ལ་སོགས་པར་རིམ་པ་ལྟར་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པའོ། །བྱང་ཤར་གྱི་ལ་རྣམ་སྣང༌། ཤར་ལྷོའི་ལ་མི་བསྐྱོད་པ། ལྷོ་ནུབ་ཀྱི་ལ་འོད་དཔག་མེད། ནུབ་བྱང་གི་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བྱའོ། །མངོན་པར་རྟོགས་པ་བསྒོམ་པའི་རིམ་པའོ། །དེ་ནས་སྔགས་བཟླས་པ་ལ་གཉིས་ཏེ། བསྙེན་པ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི་ཉེ་སྙིང་གཙོ་བོ་འབའ་ཞིག་གིའོ། །སྙིང་པོ་ཁྲོ་བོ་བཅུ་དང་ཐུན་མོང་པའོ། །རྩ་སྔགས་རྡོ་རྗེ་ཕོ་ཉ་མོ་རྣམས་དང་ཐུན་མོང་པའོ། །དེ་ལྟར་གསང་སྔགས་དེ་དག་མཚན་མ་མཐོང་བའམ། འབུམ་ཕྲག་བཞི་ལ་སོགས་པར་བསྙེན་པ་བྱའོ། །ལས་ལ་སྦྱར་བ་ནི་གང་ཟག་རབ་བསམ་གཏན་ལ་བརྟེན་པ་ཙམ་གྱིས་འགྲུབ་བོ། །འབྲིང་སྔགས་དང་བསམ་གཏན་གཉིས་ཀྱིས་འགྲུབ་བོ། །ཐ་མས་དེ་དག་གི་སྟེང་དུ་འཁོར་ལོ་ལ་བརྟེན་ཏེ་འགྲུབ་བོ། །ཤིན་ཏུ་ཐ་མས་དེ་དག་གི་སྟེང་དུ་སྦྱིན་སྲེག་གི་ལས་ཀྱིས་འགྲུབ་བོ། །དང་པོ་ནི་ཞི་རྒྱས་ལ་སོགས་པའི་མངོན་པར་རྟོགས་པ་བསྒོམ། ཞི་བ་དང་ཚེ་རྒྱས་པ་ལ་སོགས་པ་ཇི་ལྟར་བསམས་པ་དེ་དང་དེ་ཐོགས་པ་མེད་པར་འགྲུབ་བོ། །གཉིས་པ་ནི་ཡིད་ཀྱིས་སྔར་བཞིན་བསམས་ལ་ངག་གིས་སྔར་བཞིན་བཟླས་བརྗོད་བྱས་པ་ཙམ་གྱིས་འགྲུབ་བོ། །གསུམ་པ་བྲི་བའི་གཞི་གྲོ་གའམ་རས་སམ་ཤིང་ཤུན་ལའོ། །སྣག་ཙ་ཙནྡན་དཀར་པོ་དང༌། སྲིན་ལག་གི་རྒྱུན་ནམ་རྒྱ་སྐྱེགས་དང་གུར་གུམ་དང་གི་ཝང་དང༌། དུག་དང་ཁྲག་དང་སྐེ་ཚེ་དང༌། ཡུངས་ཀར་རྣམས་རིམ་པ་ལྟར་ཞི་བ་དང་རྒྱས་པ་དང༌། དབང་དང་མངོན་སྤྱོད་རྣམས་ལའོ། །འཁོར་ལོའི་དབྱིབས་ནི་རྩིབས་བཅུ་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པའི་དབུས་སུ་ཉེ་སྙིང་སྤེལ་ཚིག་དང་བཅས་པ། རྩིབས་བཅུ་ལ་སྙིང་པོ་སྤེལ་ཚིག་དང་བཅས་པ། མུ་ཁྱུད་ལ་རྩ་སྔགས་སྤེལ་ཚིག་དང་བཅས་པ་བྲིའོ། །དེ་ལ་རབ་ཏུ་གནས་པ་ལེགས་པར་བྱས་ལ་བདག་གཞན་བསྲུང་བའམ་ཞི་བ་ལ་དེ་དང་དེ་ལ་གདགས་སོ། །རྒྱལ་པ་ནི་གཙུག་ལག་ཁང་དུ་མཆོད་པར་བྱའོ། །དབང་ལ་ནི་མར་དང་སྦྲང་རྩིའི་ནང་དུའོ། །མངོན་སྤྱོད་ལ་ནི་མཆོད་རྟེན་ལ་སོགས་པའི་འོག་ཏུའོ། །བཞི་པ་ཤིན་ཏུ་ཐ་མས་སྦྱིན་སྲེག་ལ་བརྟེན་པ་ནི། ཐབ་ཀྱི་དབྱིབས་དང་ཚད་ལ་སོགས་པ་ནི་ལས་བཞིའི་བྱེ་བྲག་གིས་ཐ་དད་པར་བྱའོ། །དངོས་གཞི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་རྗེས་ལ་ལྷ་རྣམས་བསྐྱེད་ལ་སྦྱིན་སྲེག་བྱའོ། །བསྲེག་རྫས་ནི་ཏིལ་དང༌། ཞོ་དང༌། ཨུཏྤ་ལ་དང༌། ཚེར་མ་རྣམས་ནི་ཞི་བ་ལ་སོགས་པ་ལ་བསྲེག་གོ །ཡང་ལྷག་མས་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ་སོགས་པ་ཐམས་ཅད་«་་་་་ཀྱེའི་རྡོ་རྗེ་བཞིན་བྱ། དེ་ཝ་པི་ཙུའི་དོད་ན་མཤྩ་ཎྜས་ཐོག་དྲང་གཞན་འདྲའོ། །ཀྲི་ཡའི་ལུགས་སུ་བྱེད་ན་བསྲེག་རྫས་ཀུན་བསྲེས་ལ་གོང་བུར་བྱས་ཏེ་སྔགས་ཡང་སྙིང་འབའ་ཞིག་གིས་དབུལ། འཇིག་རྟེན་པའི་མེ་ལྷ་བསྐྱེད་པ་མེད་གསུང་ངོ༌།།» གཞན་དང་ཐུན་མོང་པ་ཡིན་ནོ། །མངོན་པར་རྟོགས་པ་ལག་ཏུ་བླང་བའི་རིམ་པ་མཐའ་དག་བསྟན་ཟིན་ཏོ། །གལ་ཏེ་རང་ངམ་གཞན་གྱི་དོན་དུ་བུམ་པ་ལ་བརྟེན་ཏེ་ཁྲུས་ཀྱི་ཆོ་གས་ལས་བཞི་བསྒྲུབ་པར་འདོད་ན། བུམ་པ་མཚན་ཉིད་དང་ལྡན་པ་ལ་མགུལ་ཆིངས་དང་ཁ་རྒྱན་དང་བཅུད་བཅུག་སྟེ། སྐད་ཅིག་གིས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ་མཚན་ཉིད་དང་ལྡན་པར་བསྐྱེད་ལ། དེའི་ནང་དུ་སྔར་བཤད་པའི་བཅོམ་ལྡན་འདས་འཁོར་དང་བཅས་པ་ཆོ་ག་བཞིན་དུ་བསྐྱེད་ནས། ཡན་ལག་བཞི་རྫོགས་པར་བྱ་སྟེ། བུམ་པའི་སྟེང་གི་རྡོ་རྗེ་ལ་གཟུངས་ཐག་བཏགས་ནས་རྒྱུད་རིལ་པོ་ཡོངས་སུ་རྫོགས་པ་ལན་གཅིག གཞན་རྩ་སྔགས་དང་སྙིང་པོ་དང་ཉེ་སྙིང་རྣམས་ལན་གསུམ་མམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དུ་གདོན་པར་བྱ་ཞིང༌། རག་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ལྷ་རྣམས་དམར་པོར་གྱུར་པས་བདག་གི་དབང་དུ་འདུས་ཏེ། དེ་རྣམས་ལས་འོད་བྱུང་བས་བདག་ལ་ཕོག་པས་བྱིན་གྱིས་བརླབས་པར་བསམ་ཞིང་བཟླས་ལ། དེའི་མཐར་ལྷ་རྣམས་འོད་དུ་ཞུ་བའི་ཆུར་བསམས་ལ་རང་ངམ་གཞན་ལ་བླུད་པ་དང་གཏོར་པ་ལ་སོགས་པ་བྱའོ། །དེ་ཡང་ཞི་བ་ལ་སོགས་པ་ཁ་དོག་གི་དབྱེ་བས་སྔ་མ་བཞིན་དུ་བྱའོ། །རྒྱུད་སྡེ་བཞི་དང་རྗེས་སུ་བསྟུན་ནས་བྱ་བ་དང༌། སྤྱོད་པའི་རྒྱུད་ལ་བུམ་པའི་སྟེང་དུ་ལྷ་བསམས་ལ། དེ་ལས་བདུད་རྩིའི་ཆུ་རྒྱུན་བུམ་པར་བབས་པར་བསམ་ཞིང་ཟློས་ལ། རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་ལ་བུམ་པའི་ནང་ཉིད་དུ་ལྷ་བསམ་པ་ཡིན་ནོ། །ད་ནི་གཞུང་གི་ཆ་ཅུང་ཟད་དགྲོལ་བར་བྱ་སྟེ། དེ་ཡང་བསྙེན་པ་དང༌། ལས་ལ་སྦྱར་བ་སྟོན་པར་བྱེད་པའི་གཞུང་གཉིས་ལས་དང་པོ་ནི་འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ནས། རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ་ཞེས་བྱ་བའི་བར་གྱིས་གཙོ་བོར་བསྐྱེད་པའོ། །མི་ཆོད་པ་ཞེས་བྱ་བ་ནས། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ་ཞེས་བྱ་བའི་བར་གྱིས་ཁྲོ་བོ་བཅུ་བསྐྱེད་པའོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས་ལ། སེམས་ཅན་ཐམས་ཅད་བསྲུང་བ་ཞེས་བྱ་བ་ཡན་ཆད་ཡན་ལག་གི་ལས་ཡིན་ལ། ལག་ན་རྡོ་རྗེས་རབ་ཏུ་སྨྲས་ཏེ། ཞེས་བྱ་བ་ཡན་ཆད་རྩ་བའི་ལས་ཡིན་ནོ། །རྒྱས་པར་གཞུང་གི་ཆ་ཉིད་དུ་ཤེས་པར་བྱའོ། །མདོར་བསྡུས་པའི་ཚུལ་གྱིས་མངོན་པར་རྟོགས་པ་ཟབ་མོའི་རིམ་པ་མཐའ་དག་བསྟན«་་་་་བཟླས་པ་བྱེད་པའི་ཚེ་ཐུགས་ཀར་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་སྔགས་རིམ་པ་གསུམ་གྱི་བསྐོར་བ་ལས། རྣལ་འབྱོར་བླ་མེད་ཡིན་ན་ཁ་དོག་ལས་བཞིའི་བྱེ་བྲག་གིས་སྔགས་ཕྲེང་ཞལ་ནས་བྱུང་ཞིང་ལྟེ་བར་འཁོར་བའོ། །རྣལ་འབྱོར་གྱི་རྒྱུད་ལ་བདག་གི་འོད་ཟེར་གྱིས་མདུན་གྱི་ཐུགས་བསྐུལ་ཚུར་འདུས་དངོས་གྲུབ་ཐོབ་པར་བསམ། བྱ་བ་དང་སྤྱོད་པའི་རྒྱུད་ལ་ཐུགས་ཀའི་ལ་ཟློས་པར་དམིགས་པའོ། །གཏོར་མ་ནི་རྒྱུད་གསུམ་མམ་དཔུང་བཟང་བཞིན་བྱ། རྣལ་འབྱོར་བླ་མེད་ལ་དགྱེས་རྡོར་བདེ་མཆོག་བཞིན་དུ་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ་རྣམ་འཇོམས་སུ་བསམས་ལ་དབུལ། རྗེ་ས་སྐྱ་པ་གསུང་ངོ༌།། »ཟིན་ཏོ། །མཐུ་སྟོབས་དབང་ཕྱུག་དྲི་མེད་གདམས་པའི་རྒྱུན། །མ་འདྲེས་མཐའ་དག་གང་གིས་བརྙེས་གྱུར་པ། །བླ་མའི་གསུང་རབ་གུས་པས་འདོད་པ་ལ། །ཇི་ལྟར་རྟོགས་བཞིན་རྗེས་སུ་བསྟན་པ་ཡིན། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་རྣམ་པར་བཤད་པ་བདུད་རྩི་སྤེལ་བ་ཞེས་བྱ་བ། གསང་སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་གྱིས། དགེ་བཤེས་འོ་རུས་ཡང་དང་ཡང་དུ་བསྐུལ་བའི་ཕྱིར་དང༌། རང་གི་བརྗེད་བྱང་དུ་ལེགས་པར་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*