བདེ་མཆོག་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་གསལ་བྱེད།

༼ཉ༽

༄༅། །བདེ་མཆོག་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་གསལ་བྱེད་པའི་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །སྤང་བྱའི་དྲི་མ་མ་ལུས་ཀུན་སྤངས་ཤིང༌། །ཐོབ་བྱ་མ་ལུས་ཡོངས་སུ་རྫོགས་གྱུར་པ། །དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་གྱི། །ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །གང་གི་གསུང་རབ་ཉི་མའི་འོད་ཟེར་གྱིས། །རྒྱུད་དོན་པད་མོའི་ཚལ་རབ་རྒྱས་གྱུར་པ། །གྲགས་པ་རྒྱལ་མཚན་བུང་བས་གཞིབས་པ་ཡི། །སྦྲང་རྩི་འདི་ནི་འགྲོ་ལ་བརྩེ་བས་སྦྱིན། །དེ་ལ་སྤྱིར་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པའི་སྡེ་སྣོད་ལས་འདི་ནི་གཉིས་པའོ། །དེ་ལའང་རྒྱུད་སྡེ་སྒོ་དྲུག་སྟེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་དང༌། གསང་བ་དང༌། གསང་བའི་མཐའ་ཞེས་བྱ་བ་ལས། འདི་ནི་གསང་བའི་མཐའ། དེའང་བདེ་མཆོག་རྩ་བའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང༌། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །འདི་ཉིད་ཀྱི་ལེའུ་བཅུ་དྲུག་པ་ལས་ཀྱང༌། མདོ་དང་བྱ་བ་སྤྱོད་པ་རྣམས། །རྣལ་འབྱོར་གསང་རྫོགས་དབྱེ་བ་ཉིད། །ཅེས་གསུངས་སོ། །གསང་བའི་མཐའ་མའི་ཡང་མ་བླ་ན་མེད་པ་འཁོར་ལོ་བདེ་མཆོག་འདི་ལ་ཡང་རྩ་བ་དང་བཤད་པའི་རྒྱུད་གཉིས་སོ། །རྩ་རྒྱུད་ཀྱང་རྒྱས་བསྡུས་གཉིས་ཏེ། རྒྱས་པ་ནམ་མཁའ་དང་མཉམ་པ་འབུམ་ཕྲག་གསུམ་པ་ནི། མིའི་ཡུལ་ན་ཐུན་མོང་དུ་ལོངས་མི་སྤྱོད་ལ། བསྡུས་པའི་ལེའུ་ལྔ་བཅུ་རྩ་གཅིག་པ་ནི་བཤད་པའི་རྒྱུད་རྣམས་ཀྱིས་འཆད་པར་བྱེད་པ་ཡིན་ནོ། །དེ་ལ་བཤད་པའི་རྒྱུད་ཀྱི་གྲངས། སློབ་དཔོན་མི་ཐུབ་ཟླ་བས། རྩ་བའི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཚོགས་ལས། འབྱུང་དང་མཁའ་འགྲོ་ཀུན་སྤྱོད་དང༌། །ཁ་སྦྱོར་རྒྱུད་དང་བླ་མ་སྟེ། །བཤད་རྒྱུད་རྣམ་པ་ལྔ་རུ་ངེས། །ཞེས་འབྱུང་བས་ན། ཐོག་མར་བསྐྱེད་པའི་རིམ་པ་གསལ་བར་བྱེད་པ་ཕྱག་གཉིས་པ་ནས། ཕྱག་འབུམ་པའི་བར་གྱི་སྒྲུབ་ཐབས་སྟོན་པ་ནི་ངེས་བརྗོད་བླ་མ་སྟེ། འདི་ནི་བཤད་པའི་རྒྱུད་རྣམས་ཀྱི་ཐོག་མར་འབྱུང་བས་གླེང་གཞི་ཡང་ཡོད་ལ། ཐུན་མོང་མ་ཡིན་པའི་བཤད་རྒྱུད་གཞན་ནི་རྗེས་ལ་འབྱུང་བས་གླེང་གཞི་མེད་དོ། །དེ་ལས་འབྱུང་དང་ཞེས་བྱ་བས་ཧེ་རུ་ཀ་མངོན་པར་འབྱུང་བས། རྡོ་རྗེ་སློབ་དཔོན་གྱི་ལས་གསལ་བར་སྟོན། མཁའ་འགྲོ་ཞེས་པས། རྡོ་རྗེ་མཁའ་འགྲོ་ལས་ཀྱི་ཚོགས་གསལ་བར་སྟོན། ཀུན་སྤྱོད་ཅེས་པས་ཀུན་ཏུ་སྤྱོད་པས་ཆོ་གའི་བྱ་བ་རྣམས་གསལ་བར་སྟོན། ཁ་སྦྱོར་ཞེས་བྱ་བ་སཾ་པུ་ཊས་རྒྱུད་གཞན་དང་ཐུན་མོང་དུ་རྫོགས་པའི་རིམ་པ་སྟོན་པ་ཡིན་ནོ། །ཡང་དེ་ཉིད་ལས་ལཱུ་ཧི་པའི་སློབ་མ་དཱ་རི་པ་ཞེས་བྱ་བ་ན་རེ། འབྱུང་བ་དང་ཞེས་བྱ་བའི་ཞར་ལ་ཕག་མོ་མངོན་འབྱུང་དང༌། མཁའ་འགྲོའི་ཞར་ལ་མཁའ་འགྲོ་རྒྱ་མཚོ་དང༌། ཁ་སྦྱོར་ཞེས་པའི་ཞར་ལ་མཁའ་འགྲོ་མ་བཞི་ཁ་སྦྱོར་གྱི་རྒྱུད་དེ། བཤད་རྒྱུད་བརྒྱད་ཡིན་ནོ། །ཞེས་ཟེར་རོ། །བདེ་མཆོག་སྡོམ་པ་འབྱུང་བ་ནི་བཤད་རྒྱུད་ཀྱི་ཁོངས་སུ་འགྲོ་བ་ཡིན་མོད་ཀྱི། ཇོ་བོ་ནཱ་རོ་ཏ་པ་ལ་བཤད་སྲོལ་མི་མངའ་བས་འདི་ཡིན་ནོ་ཞེས་མི་གསུང་ངོ༌། །ལྷག་མ་བདེ་མཆོག་གི་རྒྱུད་དུ་མིང་བཏགས་པ་མང་པོ་སྣང་ན་ཡང༌། རང་དགའ་བ་རྣམས་ཀྱིས་སྦྱར་བ་ལས། ཡང་དག་པ་མ་ཡིན་པར་རྟོགས་པར་བྱའོ། །འདིར་ཀུན་ཏུ་སྤྱོད་པའི་རྒྱུད་འདི་ནི་རྟོག་པ་དྲུག་ཅུ་རྩ་བཞི་བཞུགས་པས། རྟོག་པ་རེ་རེ་ལའང་ལེའུ་བཅུ་བདུན་བཅུ་བདུན་དུ་བཞུགས་པ་ལས། རྒྱུད་ཉུང་ངུ་འདི་ནི་ཉི་ཤུ་པ་རིག་འཛིན་གྲུབ་པའི་རྟོག་པ་སོང་བའི་རྗེས་ལ། ཉི་ཤུ་རྩ་གཅིག་པ་འཁོར་ལོ་གསུམ་བཀོད་པའི་རྟོག་པ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །རྒྱུད་སྡེའི་རྣམ་པར་གཞག་པ་མདོར་བསྡུས་པ་ཙམ་ཡིན་ནོ། །ད་ནི་རྒྱུད་འདི་ཉིད་ཀྱི་བཤད་པ་ལ་འཇུག་པར་བྱ་སྟེ། དེ་ལ་གསུམ། རྒྱུད་བཤད་ཐབས་ཀྱི་མན་ངག་གང་ཡིན་པ་དང༌། ལེའུ་སོ་སོ་ནས་བརྗོད་བྱ་གང་ཡིན་པ་ངོས་བཟུང་བ་དང༌། རྒྱུད་ཉིད་ཞིབ་ཏུ་བཤད་པའོ། །དང་པོ་ལ་བཞི། རྒྱུད་ཐམས་ཅད་གཉིས་སུ་བསྡུ་བ་དང༌། གསུམ་དུ་བསྡུ་བ་དང༌། བཞི་རུ་བསྡུ་བ་དང༌། ལེགས་པར་གསུམ་དུ་བསྡུ་བའོ། །དང་པོ་ནི་དབུགས་དབྱུང་གཉིས་སམ་བདེན་པ་གཉིས་ཏེ། བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་ལ་དེ་བཞིན་གཤེགས་པའི་དབུགས་དབྱུང་ངམ། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ། རྫོགས་པའི་རིམ་པ་འཁོར་དང་བཅས་པ་ལ་རྡོ་རྗེ་འཛིན་པའི་དབྱུགས་དབྱུང་ངམ། དོན་དམ་པའི་བདེན་པ་ཞེས་བྱ་བ་སྟེ། འདི་ཉིད་ལེའུ་བཅུ་གཅིག་པ་ལས། དེ་བཞིན་གཤེགས་པ་དབུགས་འབྱིན་གསུངས་པ་ནི། དག་པ་ལུས་ནི་སྐྱོན་མེད་པ། །ཞེས་བྱ་བ་དང༌། བཅུ་གསུམ་པ་ལས་ཀྱང༌། བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་བརྟེན་པ་ཡིན། །ཞེས་བྱ་བའི་དོན་ཡིན་ནོ། །གཉིས་པ་གསུམ་དུ་དབྱེ་ན། ལམ་གྱི་ཀུན་ཏུ་སྤྱོད་པ་དང༌། དེ་རྫོགས་པར་བྱེད་པའི་ཡན་ལག་གི་ཀུན་དུ་སྤྱོད་པ་དང༌། འབྲས་བུའི་ཀུན་ཏུ་སྤྱོད་པའོ། །བཞིར་དབྱེ་ན་དེའི་སྔོན་དུ་ཉམས་སུ་ལེན་པའི་གང་ཟག་ཅེས་བྱ་བ་བསྣན་པར་བྱའོ། །ལེགས་པར་གསུམ་དུ་དབྱེ་ན། རྒྱུའི་ཀུན་སྤྱོད་སྔོན་དུ་འགྲོ་བ་ཉམས་སུ་ལེན་པའི་གང་ཟག་དང༌། དེས་ཉམས་སུ་བླངས་པས་ལམ་གྱི་ཀུན་ཏུ་སྤྱོད་པ་དང༌། འབྲས་བུའི་ཀུན་ཏུ་སྤྱོད་པའོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་སྔོན་དུ་འགྲོ་བའི་རྟེན་གྱི་གང་ཟག་རིགས་གཉིས་ཏེ། ལམ་ལ་འཇུག་པ་དང༌། ཞུགས་པའོ། །ལམ་ལ་འཇུག་པ་ལ་གསུམ། སྔར་མི་དགེ་བ་འབའ་ཞིག་སྤྱོད་པ་མ་དག་པ་དང༌། སྔར་ཕ་རོལ་ཏུ་ཕྱིན་པས་ཅི་རིགས་རྒྱུད་སྦྱང་བ་དག་པ་དང༌། རེས་སྡིག་པ་སྤྱོད་ཅིང་རེས་དགེ་བ་སྤྱོད་པས་འདྲེས་པ་སྟེ། དེ་སྐད་དུ། དག་དང་མ་དག་འདྲེས་པས་ཏེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །ཞེས་གསུངས་པས་སོ། །ལམ་ལ་ཞུགས་པ་ལ་ཡང་གསུམ་སྟེ། བསྐྱེད་པའི་རིམ་པ་འབའ་ཞིག་ལ་དགའ་བ། མཉེས་པར་བྱེད་པའི་སྒྲུབ་པ་པོ་དང༌། རྫོགས་པའི་རིམ་པ་འབའ་ཞིག་བསྒོམ་པའི་རྣམ་པར་དག་པའི་སྒྲུབ་པ་པོ་དང༌། ཟུང་དུ་འཇུག་པ་ལ་དགའ་བ་གསལ་བྱེད་ཡོན་ཏན་ལྡན་པ་ཞེས་བྱ་བ་སྟེ། དེ་ཡང༌། མཉེས་བྱེད་རྣམ་པར་དག་པ་དང༌། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །ཞེས་གསུངས་པ་ཡིན་ནོ། །ཡང་རྒྱུད་འདི་ན་གང་ཟག་གཉིས་ཏེ། སྤང་བར་བྱ་བ་དང༌། བསྒྲུབ་པར་བྱ་བའི་གང་ཟག་གོ །དང་པོ་ནི་ལེའུ་བཅུ་གཅིག་པ་ལས། ལྐུགས་ཤིང་གླེན་པ་སྡིག་དང་ལྡན། །བྱིས་པའི་ཤེས་པས་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང༌། །ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་བ། །དེ་དག་ཀུན་གྱིས་མི་ཤེས་ཏེ། །མི་ཤེས་མུན་པས་ཁེབས་པ་དང༌། །ཁེངས་པ་ལ་ནི་རྟག་དགའ་བ། །ང་རྒྱལ་ལ་སོགས་བདུན་སེམས་ལྡན། །དེ་དག་ཀུན་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་བ་མི་ཤེས་སོ། །ཞེས་པའི་ཡན་ལག་གསུངས་པ་དང༌། སྒྲུབ་པའི་མཚན་ཉིད་ཀྱང་དེ་ཉིད་ལས། བླ་མའི་རིམ་པས་ཇི་ལྟར་བསྟན། །གང་གིས་མྱུར་དུ་ཤེས་གྱུར་པ། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །དད་པ་ཡང་དག་ལྡན་པ་དང༌། །རྣལ་འབྱོར་སྤྱོད་ཚུལ་ལ་གནས་ཡིན། །ཞེས་གསུངས་ལ་ལེའུ་དང་པོ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཅེས་གསུངས་སོ། །གཉིས་པ་ལམ་གྱི་ཀུན་ཏུ་སྤྱོད་པ་ལ་གསུམ། རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ཕྱིའི་ཀུན་སྤྱོད་སྤྲུལ་པ་ལམ་དུ་བྱེད་པ་དང༌། ལུས་ལ་ལྷ་རྣམས་རྫོགས་པར་བསྒོམ་པ་ནང་གི་ཀུན་སྤྱོད་ལོངས་སྐུ་ལམ་དུ་བྱེད་པ་དང༌། རྫོགས་པའི་རིམ་པ་ཉམས་མྱོང་དང་བཅས་པ་ནི་རྫོགས་པའི་ཀུན་ཆོས་སྐུ་ལམ་དུ་བྱེད་པའོ། །དེ་ལ་དང་པོ་ནི་ལེའུ་ལྔ་པ་དང༌། དྲུག་པ་དང༌། བཅུ་གཉིས་པའི་ཕྱོགས་གཅིག་དང༌། བཅུ་བདུན་པའི་ཕྱོགས་གཅིག་སྟེ་བཞིས་བསྟན་ཏོ། །ནང་གི་ཀུན་སྤྱོད་ནི་ལེའུ་དགུ་པ་དང༌། བཅུ་གསུམ་པ་དང༌། བཅུ་བདུན་པ་གསུམ་གྱི་ཆ་ཤས་རེས་བསྟན་ཏོ། །རྫོགས་པའི་ཀུན་སྤྱོད་ནི་ལེའུ་བརྒྱད་པ་དང༌། དགུ་པ། བཅུ་གཉིས་པ། བཅུ་དྲུག་པ། བཅུ་བདུན་པ་སྟེ་ལྔ་ཡི་ཆ་ཤས་ཀྱིས་བསྟན་ཏོ། །གཉིས་པ་རྫོགས་པར་བྱེད་པའི་ཡན་ལག་གི་ཀུན་སྤྱོད་ལ་གཉིས་ཏེ། དང་པོ་གཉིས་རྫོགས་པར་བྱེད་པའི་ཡན་ལག་དང༌། གསུམ་པ་རྫོགས་པར་བྱེད་པའི་ཡན་ལག་གོ །དང་པོ་ལ་ལྔ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་བསྒྱུར་ནི་ལེའུ་དང་པོ་ལས། ཚོགས་གཉིས་བསགས་པ་ནི་བཅུ་གསུམ་པ་ལས། བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་བརྟེན་པ་ཡིན། །ཞེས་བྱ་བ་ཙམ་ལ་བརྟེན་ནས་གསུངས་སོ། །གོ་ཆ་བཅིང་བ་ནི་ལེའུ་བདུན་པ་ལས། ཡེ་ཤེས་པ་དགུག་པ་ནི་བརྒྱད་པ་ལས། དབང་བསྐུར་བ་ནི་བཅུ་གཉིས་པ་ལས། དབང་བསྐུར་དང་ཞེས་ཚིག་གཅིག་གསུང་ངོ༌། །གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག་ལྔ། དང་པོ་སངས་རྒྱས་ལ་མཆོད་པ་ནི། སྔགས་མཆོད་ལ་སོགས་པ་ཐམས་ཅད་ཀྱི་དོན་བསྡུས་བཅུ་གཉིས་པ་ལས་མཆོད་པ་ཞེས་འབྱུང་ལ། གསང་བའི་མཆོད་པ་ནི་ལེའུ་བརྒྱད་པ་ལས་འབྱུང་ངོ༌། །གཉིས་པ་དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་ནི་ལེའུ་དགུ་པ་ལས་འབྱུང་ངོ༌། །གསུམ་པ་དམ་ཚིག་དང་སྡོམ་པ་ནི། བཟའ་བའི་དམ་ཚིག་དང༌། བསྲུང་བའི་དམ་ཚིག་གཉིས་སོ། །དང་པོ་ནི་གསུམ་ལས། དང་པོ་ཕྱིའི་མཆོད་པ་ནི་ལེའུ་བཅུ་བཞི་པ་ལས། གཉིས་པ་ལག་པའི་མཆོད་པ་ཡང་དེ་ཉིད་ལས། གསུམ་པ་ཚེས་བཅུ་མཆོད་པ་ནི། ལེའུ་དགུ་པ་དང༌། བཅུ་པ་དང༌། བཅུ་དྲུག་པ་ལས་གསུངས་སོ། །སྤྱི་དོན་གཉིས་པ་བསྲུང་བའི་དམ་ཚིག་ནི། ལེའུ་བཅུ་པ་དང༌། བཅུ་གཅིག་པ་དང༌། བཅུ་གསུམ་པ་དང༌། བཅུ་དྲུག་པ་དང༌། བཅུ་བདུན་པ་ལས་གསུངས་སོ། །སྤྱི་དོན་བཞི་པ་ཐུན་མོང་གི་བྱ་བ་བྱང་ཆབ་ཀྱི་ཕྱོགས་ནི་ལེའུ་གཉིས་པ་དང་གསུམ་པས་བསྟན་ལ། ལྔ་པ་ཐུན་མཚམས་ཀྱི་བྱ་བ་ལ་ལྔ་ལས། དང་པོ་ཁམས་དང་རྒྱན་ཆའི་དག་པ་ནི་ལེའུ་བཞི་པ་དང༌། བཅོ་ལྔ་པས་བསྟན། གཉིས་པ་སུམྦྷ་ནིས་བསྲུང་བ་དང༌། གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི་ལེའུ་བཅོ་ལྔ་པས་བསྟན། བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། ལག་མཆོད་དང་ཚེས་བཅུའི་མཆོད་པས་ཤེས། ལྔ་པ་ཉལ་བ་དང་ལྡང་བའི་རྣལ་འབྱོར་ནི། རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་པའི་རིམ་པ་དང༌། ལྷའི་རྣལ་འབྱོར་དུ་ལྡང་བ་གཉིས་ཀྱིས་བསྟན་ཏོ། །སྤྱི་དོན་གསུམ་པ་བརྟན་པར་བྱེད་པའི་སྤྱོད་ལམ་ལ་གཉིས། རང་དོན་གྱི་སྤྱོད་པ་དང༌། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །དང་པོ་ལ་གསུམ། བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ་དང༌། རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ་དང༌། གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དེ་ལྟར་སྤྱོད་པ་དེ་དག་ནི་ལེའུ་བཅུ་གསུམ་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཅུ་བདུན་པའི་ཆ་ཡིས་བསྟན་ཏོ། །འབྲས་བུའི་ཀུན་སྤྱོད་ནི་གསུམ་སྟེ། ཐུན་མོང་གི་དངོས་གྲུབ་དང༌། མཆོག་གི་དངོས་གྲུབ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བོ། །དང་པོ་ནི་སྐྱེ་བ་བདུན་པ་བརྟག་པ་བོང་བུའི་རྣལ་འབྱོར་པ་དང༌། ལས་བཞི་སྒྲུབ་པ་ལེའུ་བཅུ་དྲུག་པ་ལས་བསྟན། ལས་བཞིའི་ཡན་ལག་ལེའུ་བཅུ་གསུམ་པ་ལས་ཅུང་ཟད་བསྟན་ཏོ། །གཉིས་པ་མཁའ་སྤྱོད་ནི་ལེའུ་བཅུ་བདུན་པ་ལས་བསྟན། མཆོག་གི་དངོས་གྲུབ་ནི་ལེའུ་བཅུ་གཅིག་པ་དང༌། བཅུ་གཉིས་པ་དང༌། བཅུ་དྲུག་པ་དང༌། བཅུ་བདུན་པ་ལས་ཀྱང་བསྟན་ལ། བཅུ་གསུམ་པ་ལས་སྐུ་གསུམ་གསལ་བར་བཤད་དོ། །རྒྱུད་གསུམ་གྱི་བསྡུས་པ་བསྟན་ཟིན་ཏོ། །ཡང་འདིར་ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུ་ན། ལེའུ་བཅུ་གཉིས་པ་ལས་འབྱུང་ལ། འདུག་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པ་ཉིད་དག་དང༌། །བྱིན་གྱིས་བརླབ་དང་དབང་བསྐུར་དང༌། །ཏིང་འཛིན་མཆོད་པ་བསྡུས་པ་ཡིན། །ཞེས་བྱ་བ་དེ་ཁོ་ན་ཉིད་བཅུ་སྟེ། དེ་འདུག་པ་ཞེས་བྱ་བའི་ཚངས་པའི་གནས་བཞི་དང༌། གཞི་སྦྱང་བསྒྱུར་དང༌། སྲུང་བའི་འཁོར་ལོ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་བདག་མེད་པ་ལ་བློ་ཅུང་ཟད་འདུག་པ་ཡིན་ནོ། གཉིས་པ་ལྡང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས། སེམས་ཅན་གྱི་དོན་བྱའོ་སྙམ་པའི་བསམ་པས། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྒོམ་པའོ། །གསུམ་པ་འཇུག་པ་ནི། རི་རབ་ཀྱི་སྟེང་དུ་མངོན་པར་བྱང་ཆུབ་པ་ལྔ་ལས། རྟེན་བརྟེན་པ་དུས་གཅིག་ཏུ་ཤིན་ཏུ་གསལ་བར་ཕྱིའི་དཀྱིལ་འཁོར་བསྒོམ་པ་ཡིན་ནོ། །བཞི་པ་རྫོགས་པ་ནི་ལུས་ཀྱི་དཀྱིལ་འཁོར་རྫོགས་པར་སྒོམ་པ་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །ལྔ་པ་བྱིན་གྱིས་བརླབ་པ་ནི་ཕོ་ཉ་བསྲེ་བ་དང༌། གོ་ཆ་བཅིང་བ་དང༌། ཡེ་ཤེས་པ་དགུག་པ་ཡིན་ནོ། །དྲུག་པ་དབང་བསྐུར་བ་ནི་རིགས་ཀྱི་བདག་པོའི་རྒྱས་གདབ་པ་དང་བཅས་པའོ། །བདུན་པ་ཏིང་ངེ་འཛིན་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱས་ལ། ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སེམས་ཅུང་ཟད་འཛིན་པ་ཡིན་ནོ། །བརྒྱད་པ་མཆོད་པ་ནི། སྔགས་ཀྱི་མཆོད་པ་དང༌། ཕྱིའི་མཆོད་པ་དང༌། བདུད་རྩིའི་མཆོད་པ་དང༌། མཉེས་པའི་མཆོད་པ་དང༌། ཡིད་ལས་བྱུང་བའི་མཆོད་པ་དང༌། བསྟོད་པའི་མཆོད་པ་དང༌། གསང་བའི་མཆོད་པ་སྟེ། དེ་ལ་བཟླས་པ་ནི་སྔགས་མཆོད་ཀྱི་ཁོངས་སུ་འདུ་ལ། གསང་བའི་མཆོད་པ་ནི་རྫོགས་པའི་རིམ་པར་འགྲོ་བའི་སྐབས་ཀྱང་ཡོད་དོ། །གཏོར་མའང་མཆོད་པའི་སྐབས་སུ་འདུ་བ་ཡིན་ཏེ། ཐུན་གོང་མ་རྣམས་ལ་གཏོར་མ་ནི་ཐུན་མཇུག་བསྡུ་བའི་རྗེས་ལ་གཏང་ལ། ཐུན་ཐ་མ་ལ་ནི་གཏོར་མ་དང༌། དག་པའི་རྫེས་ལ་བསྡུ་བ་བསྒོམ་པ་ཡིན་ནོ། །ཐུན་མཚམས་ཀྱི་བྱ་བ་ལ་ཁ་ཟས་དང༌། སྤྱོད་ལམ་དང༌། ཕྱི་མཆོད་དང༌། ལག་མཆོད་ཀྱང་མཆོད་པའི་ཁོངས་སུ་བསྡུ་ལ། གནས་སྐབས་ཀྱི་མཆོད་པ་ཚེས་བཅུའི་མཆོད་པའང་མཆོད་པའི་ཁོངས་སུ་འདུའོ། །དགུ་པ་བསྡུ་བ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་ལྟ་བུས་དཀྱིལ་འཁོར་རིམ་པ་བསྡུས་ལ། ཐུན་གོང་མ་རྣམས་ལ་ནི་དེ་ལས་ལངས་ནས་དག་པ་རྗེས་སུ་དྲན་པར་བྱེད་པ་ཡིན་ལ། ཐུན་ཐ་མ་ལ་ནི་དག་པ་རྗེས་དྲན་གྱི་རྗེས་ལ། རྡོ་རྗེ་སེམས་དཔའ་བསྡུ་བ་བྱས་ནས་དེའི་ངང་ལ་ཉལ་བའི་རྣལ་འབྱོར་བྱེད་པ་ཡིན་ནོ། །བཅུ་པ་ཡིན་ཞེས་པ་ངེས་པ་སྟེ། དག་པ་ནི་ཁམས་ཀྱི་དག་པ་དང༌། རྒྱན་ཆའི་དག་པ་བྱས་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། ཚོམ་ངམ་སྔགས་ཀྱིས་བསྲུངས་ལ་སྤྱོད་ལམ་གྱི་རྣལ་འབྱོར་བྱེད་པ་ཡིན་ནོ། །འདི་དག་ནི་དེ་ཁོ་ན་ཉིད་བཅུ་ཞེས་བྱ་བ་ལམ་ཐམས་ཅད་བསྡུས་ཏེ་ཁྲིག་ཆགས་སུ་ཉམས་སུ་བླང་བའི་མན་ངག་ཡིན་ནོ། །དེ་ལྟར་དབང་ཐོས་ནས་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་དེ་ཁོ་ན་ཉིད་བཅུ་ཉམས་སུ་བླངས་པ་ན་གྲུབ་པའི་རྟགས་བྱུང་ན་སྤྱོད་པ་གཉིས་ཀྱིས་ཚར་བཅད་ནས་འབྲས་བུ་རྣམ་པ་གསུམ་འགྲུབ་པ་ཡིན་ནོ། །ཞེས་བྱ་བར་ཤེས་པར་བྱའོ། །བཤད་ཐབས་ཀྱི་མན་ངག་བསྟན་ཟིན་ཏོ།།  །།སྤྱི་དོན་གཉིས་པ་ལེའུ་སོ་སོའི་བརྗོད་བྱ་ངོས་བཟུང་བ་ནི། མཚམས་སྦྱར་མདོར་བསྟན། རྒྱས་བཤད་དོ། །དེ་ལ་ལེའུ་བཅུ་བདུན་ཏེ། དང་པོས་གང་ཟག་མ་དག་སྦྱང༌། །གཉིས་པས་བྱང་ཆུབ་ཕྱོགས་བསྟན་ཏེ། །གསུམ་པས་དེ་ཉིད་ལྷ་དང་སྦྱར། །བཞི་པས་ཁམས་ཀྱི་དག་པ་བསྟན། །ལྔ་པ་དྲུག་པས་བསྐྱེད་རིམ་བསྟན། །བདུན་པས་གོ་ཆ་བཅིང་བ་དང༌། །བརྒྱད་པས་ཡེ་ཤེས་གསང་མཆོད་བསྟན། །ལུས་དང་མཆོད་པ་རྫོགས་རིམ་དང༌། །ཀུན་སྤྱོད་གསུམ་བསྡུས་དགུ་པ་ཡིས། །སྤྱོད་ལམ་གཏོར་མ་ཚོགས་འཁོར་བཅུས། །སྤྱོད་པའི་གང་ཟག་བཅུ་གཅིག་པས། །ཀུན་སྤྱོད་གསུམ་ཀ་བཅུ་གཉིས་པས། །ཀུན་སྤྱོད་གསུམ་དང་ཚོགས་གཉིས་དང༌། །ལུས་དང་ལས་ཚོགས་བཅུ་གསུམ་པས། །ཕྱི་མཆོད་ལག་མཆོད་བཅུ་བཞི་པས། །སྤྱོད་པ་སྔགས་ཀྱི་དག་པ་དང༌། །ཐུན་མཚམས་ལེའུ་བཅོ་ལྔ་པས། །རྒྱུད་རིམ་རྒྱུད་ཀྱི་ཆེ་བ་དང༌། །བོང་བུའི་རྣལ་འབྱོར་བཅུ་དྲུག་པས། །དག་པ་ཕན་ཡོན་ལུས་ཀྱི་ལྷ། །བསྐྱེད་པ་ཅུང་ཟད་ཐུན་མོང་གི །རྒྱན་དྲུག་ལེའུ་བཅུ་བདུན་པས། །ཞེས་བྱ་བ་ནི་གཞུང་རིམ་པ་བཞིན་གྱི་སྡོམ་ཡིན་ནོ། །དེ་ལྟར་ལམ་རྒྱུད་ལ་རིམ་པ་ལྟར་བསྐྱེད་པའི་སྡོམ་ནི། དང་པོ་བཅུ་དྲུག་བཅུ་གཅིག་རྒྱུ། །གཉིས་པ་ལྡང་བ་དེ་ཉིད་དང༌། །གསུམ་བཞི་ལྔ་པས་འཇུག་པ་ཡིན། །བཅུ་གཉིས་བཅུ་གསུམ་བཅུ་བདུན་རྫོགས། །བདུན་བརྒྱད་བྱིན་རླབས་དབང་བསྐུར་རོ། །གཉིས་པ་གསུམ་པ་ཏིང་འཛིན་ཏེ། །བརྒྱད་ཅུ་བཅུ་བཞི་མཆོད་པ་སྟེ། །བརྒྱད་དགུ་བཅུ་གཅིག་བཅུ་གཉིས་པ། །བཅུ་གསུམ་བཅོ་ལྔ་བཅུ་དྲུག་པ། །བཅུ་བདུན་པས་ནི་བསྡུས་པ་བསྟན། །བཞི་པ་བཅོ་ལྔས་དག་པ་སྟེ། །བཅུ་གསུམ་བཅོ་ལྔ་བཅུ་བདུན་པ། །སྤྱོད་པ་དང་ནི་འབྲས་བུའོ། །ད་ནི་གཞུང་གི་དོན་དངོས་ལ་དོན་གསུམ་དུ་གནས་པ་ལས། དང་པོ་མཚམས་སྦྱར་བ་ནི། གང་གི་དྲིན་གྱིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་བ་གཅིག་གིས་བསྟན་ཏེ། འདི་ནི་སློབ་དཔོན་དཱ་རི་ཀ་པས་རྒྱུད་དུམ་བུ་འདི་གུད་དུ་འབྱིན་པའི་དུས་སུ་སློབ་དཔོན་ལཱུ་ཧི་པ་ལ་ཕྱག་འཚལ་ནས་གུད་དུ་ཕྱུང་བ་སྟེ། འདི་ནི་རྒྱུད་ཀྱི་ཚིག་མ་ཡིན་ནོ། །ད་ནི་ལུས་རྣམ་པར་གཞག་པ་ཚིགས་སུ་བཅད་པ་བཞིས་བསྟན་པ་ཡིན་ཏེ། དེ་ལ་བཞི་ལས་དང་པོ་མཚམས་སྦྱར་བ་དངོས་ནི། ཚིག་རྐང་གཅིག་སྟེ། དེ་ནས་ཞེས་བྱ་བ་ནི་ཉི་ཤུ་པ་རིག་འཛིན་གྲུབ་པའི་རྟོག་པ་སོང་བའི་རྗེས་ལ། ཉི་ཤུ་རྩ་གཅིག་པ་འཁོར་ལོ་གསུམ་བཀོད་པའི་རྟོག་པ་འདི་བྱུང་བས་ན་དེ་ནས་སོ། །ཡང་ན་དེ་ནས་ནི་ཨ་ཐ་སྟེ། ཨ་ནི་སྐྱེས་བ་མེད་པ་ཡིན་ལ། སྠཱ། སྠཱ་ན་ནི་གནས་པ་སྟེ། སྐྱེ་བ་མེད་པ་ལ་སྐྱེ་བའི་འབྱུང་གནས་ཞེས་བྱ་བ་ཡིན་ནོ། །ཡང་ན་བཀྲ་ཤིས་པའི་དོན་ཡིན་ཏེ། འཇིག་རྟེན་པའི་བསྟན་བཅོས་ལས་ཀྱང༌། ཡི་གེ་ཨ་ཐ་དེ་ནས་སྒྲ། །གཉིས་པ་འདི་སྔོན་ཚངས་པ་ཡི། །མཁུར་ཚོས་བརྟོལ་ཏེ་མངོན་པར་བྱུང༌། །དེས་ན་འདི་ནི་བཀྲ་ཤིས་བརྗོད། །ཅེས་བྱ་བ་ཡིན་ནོ། །ཡང་དག་བཤད་བྱ་བ་ཞེས་བྱ་བ་ནི་སྐྱོན་མེད་པའི་དོན་ཏོ། །ད་ནི་གཉིས་པ་ཐུན་མོང་མ་ཡིན་པའི་ལམ་བསྟན་པ་རྐང་པ་ལྔ་ལས། དང་པོས་ནི་རྗོད་བྱ་བསྟན། དེ་ཤེས་པས་ནི་དགོས་པ་འཁོར་ལོ་གསུམ་བདག་བཞིས་རྐང་པ་གཉིས་ཀྱིས་ནི་འབྲས་བུ་སངས་རྒྱས་ཏེ། དགོས་པའི་དགོས་པ། ལུགས་སུ་འབྱུང་དང་ཞེས་རྐང་པ་གཉིས་ཀྱིས་ནི་རྗོད་བྱེད་གང་ལ་རག་ལས་པའི་འབྲེལ་བ་ཡིན་ནོ། །ཡང་ན་རྐང་པ་དང་པོ་གཉིས་ཀྱི་བརྗོད་བྱ། གསུམ་པ་དགོས་པ། བཞི་པ་དང་ལྔ་པས་འབྲེལ་པ། བསྟན་པ་རུ་ནི་ཞེས་ཚིག་རྐང་དྲུག་གིས་དགོས་པའི་དགོས་པ་བསྟན་ཏོ། །ཡན་ལག་གི་དོན་བརྗོད་ན། ཀུན་ཏུ་སྤྱོད་པའི་ཆོ་ག་མཆོག །ཅེས་བྱ་བ་ནི་ཕྱིའི་ཀུན་སྤྱོད་སྤྲུལ་སྐུ། ལུས་ཀྱི་ཀུན་སྤྱོད་ལོངས་སྐུ། རྫོགས་པའི་ཀུན་སྤྱོད་ཆོས་སྐུ། འཁོར་ལོ་གསུམ་བདག་འདི་སྒྲོལ་བྱེད། །ཅེས་བྱ་བ་ནི། འཁོར་ལོ་གསུམ་དང༌། དཀྱིལ་འཁོར་རྫོགས་པ་གཅིག་དང༌། མངོན་པར་རྟོགས་པ་རྫོགས་པ་གཅིག་དང༌། བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་ཤེས་ན་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ཡིན་ནོ། །རྣལ་འབྱོར་ལམ་ལ་རབ་གནས་པ། །ཞེས་བྱ་བ་ནི། ཆོས་ཐམས་ཅད་སྐུ་གསུམ་དུ་ཤེས་ཤིང་བསྒོམ་པའོ། །ལུགས་སུ་འབྱུང་དང་ཞེས་བྱ་བའི་ཚིག་རྐང་གཉིས་ཀྱིས་བརྗོད་བྱ། སྐུ་གསུམ་པོ་དེ་རྒྱུད་གང་ལས་འབྱུང་ཞེ་ན། འཁོར་ལོ་བདེ་མཆོག་ལས་འབྱུང་བར་བསྟན་ཏེ། དེའང་འཁོར་ལོ་བདེ་མཆོག་ལས་ལྷ་ལུགས་སུ་འབྱུང་བ་ནི། རབ་གཏུམ་མ་དང་གཏུམ་མིག་མ་ཞེས་བྱ་བ་ལ་སོགས་པས་ནི་རིམ་པ་བཞིན་དུ་བསྟན་པ་དང༌། སྔགས་ལུགས་སུ་འབྱུང་བ་ཡི་གེ་ཨོཾ་ནས་མགོ་བཙུགས་ཏེ་བསྟན་པའོ། །ལུགས་ལས་བཟློག་པའི་ལྷ་ལུགས་ལས་བཟློག་པ་ནི། རྩ་རྒྱུད་ལས། བརྩོན་ཆེན་མོ་དང་རབ་དཔའ་མོ། །སྟོབས་ཆེན་འཁོར་ལོས་སྒྱུར་མ་དང༌། །ཞེས་བྱ་བ་ལ་སོགས་པ་མས་བཟློག་ཏུ་བཀོད་པ་དང༌། སྔགས་ལུགས་ལས་བཟློག་སྟེ། ཕཊ་ནས་མགོ་བཙུགས་ཏེ་བསྟན་པ་ལྟ་བུ་ཡིན་ནོ། །དེ་ལྟ་བུའི་སྦས་པའི་རྒྱུད་ལས་བརྗོད་བྱ་གོང་མ་ཚོ་བྱུང་ཞེས་བྱའོ། །བསྟན་པ་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་དྲུག་གིས། སྤྱི་དོན་གསུམ་པ་འབྲས་བུའམ། དགོས་པའི་དགོས་པ་བསྟན་པ་སྟེ། དེའང་བསྟན་པས་སྤྲུལ་སྐུ། བཤད་པས་ལོངས་སྐུ་སོ་སོར་བསྟན་པས་ཆོས་སྐུ་བསྟན། ཡང་སྐུ་གསུམ་པོ་དེ་ཉིད་ལམ་གྱི་མངོན་པར་རྟོགས་པ་དང༌། འཁོར་ལོ་གསུམ་ལ་སོགས་པ་ལའང་སྦྱར་ཏེ་ཤེས་པར་བྱའོ། །དེའང་ལེའུ་བཅུ་གསུམ་ལས། བསྟན་པ་ཡིས་ནི་སྤྲུལ་པ་ཡིན། །བཤད་པས་ལོངས་སྤྱོད་རྫོགས་པར་འདོད། །སོ་སོར་བསྟན་པ་མ་ལུས་ཉིད། །མྱ་ངན་འདས་པ་དེ་ཉིད་བསྟན། །སྐུ་གསུམ་འཁོར་ལོ་གསུམ་དུ་བཤད། །ཆོས་དང་ལོངས་སྤྱོད་སྤྲུལ་མཚན་ཉིད། །ཅེས་གསུངས་སོ། །དེ་ལྟ་བུའི་བརྡའི་ཆོ་གས་རྒྱུད་ཐམས་ཅད་ཤེས་ན་དངོས་གྲུབ་འཐོབ་པར་འགྱུར་རོ། །སྤྱི་དོན་བཞི་པ་ཐུན་མོང་གི་ལམ་དང་བསྲེ་བ་ནི། སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ་སོགས་པ་རྐང་པ་བཞི་སྟེ། དེ་ལ་རྐང་པ་དང་པོ་གསུམ་གྱིས་ནི་ལྷ་ལ་ཞེན་པ་སྤང་བར་བྱ་བའི་ཕྱིར་ཚུར་དག་ཏུ་སྦྱར་ལ། ཧེ་རུ་ཀ་དཔལ་ཞེས་བྱ་བ་ནི་ལམ་ལ་སོམ་ཉི་སྤང་བའི་ཕྱིར་ཕར་དག་ཏུ་སྦྱར་བར་བྱའོ། །འབྲས་བུའི་རྣམ་པར་གཞག་པ་བསྟན་ཟིན་ཏོ།།  །།ད་ནི་རྒྱུད་ཀྱི་དོན་རྒྱས་པར་བཤད་པ་ལ། ལེའུ་བཅུ་བདུན་པའི་བདག་ཉིད་དུ་གནས་ཏེ། དེ་ལེའུ་དང་པོར། དེ་ལ་རེ་ཞིག་རྣལ་འབྱོར་པའི་དབང་ཕྱུག་གིས་ཞེས་འབྱུང་སྟེ། དེ་ལ་སློབ་པའི་རྣལ་འབྱོར་ནི་ཀུན་སྤྱོད་གསུམ་བསྒོམ་པ་ཡིན་ལ། དབང་ཕྱུག་ནི་རྒྱུད་སྡེ་སྒོ་དྲུག་པའི་རྣལ་འབྱོར་པ་ཡིན་པས། མཆོག་ཏུ་གྱུར་པ་ཡིན་ནོ། །མི་སློབ་པའི་རྣལ་འབྱོར་པ་ནི་བསྐྱེད་པ་ལ་བརྟན་པ་ཐོབ་ནས་སྤྲོས་བྲལ་འབའ་ཞིག་བསྒོམ་པ་སྟེ། འདི་ནི་གང་ཟག་མཆོག་ཏུ་གྱུར་པའི་ཕྱིར་དབང་ཕྱུག་ཡིན་ནོ། །གང་ཟག་བསྟན་ཟིན་ཏོ། །གང་ཟག་དེས་ཉམས་སུ་ཇི་ལྟར་བླང་སྙམ་ན། རྒྱུད་འདིར་ཆོ་ག་ཐམས་ཅད་མ་ཚང་བ་མེད་པར་ཉམས་སུ་བླང་བྱ་ཡིན་ཡང༌། རྒྱུད་རབ་ཏུ་འཁྲུགས་པའི་ཕྱིར་འཁྲུགས་བསྡེབས་ནས་ཉམས་སུ་བླང་བར་བྱ་སྟེ། འཁྲུགས་སྡེབ་པའི་དཔང་པོ་ནི་ལེའུ་བཅུ་གཉིས་པ་དེ་ཁོ་ན་ཉིད་བཅུ་དང༌། འཁྲུགས་བསྡེབས་ཏེ་བྲིས་པའི་བསྟན་བཅོས་ལཱུ་ཧི་པས་མཛད་པའི་མངོན་པར་རྟོགས་པས་དཔང་པོ་བྱས་ཏེ་ཤེས་པར་བྱའོ། །དེའང་སྔར་ཡང་དེ་ཉིད་བཅུ་པ་དང༌། ཚིགས་སུ་བཅད་པའི་སྐབས་སུ་ཚིགས་སུ་བཅད་པར་བསྡེབས་ནས་ཀྱང་བརྗོད་མོད་ཀྱི། རྟོགས་སླ་བའི་ཕྱིར་ཅུང་ཟད་ཞིབ་ཏུ་བརྗོད་ན། རྣལ་འབྱོར་གྱི་དབང་ཕྱུག་ཅེས་བྱ་བའི་ཤུགས་ལས་ཚངས་པའི་གནས་བཞི་བསྟན། དེ་ནས་ལེའུ་དང་པོ་བཞིན་ཕུང་པོ་ཁམས་དང་སྐྱེ་མཆེད་གཞི་སྦྱང་བསྒྱུར་བྱ། ལེའུ་ལྔ་པ་ནས། ཚོམ་ངམ་སྔགས་ཀྱི་ལེགས་པར་བསྲུང༌། །ཞེས་འབྱུང་བས་སྲུང་འཁོར་བརྟན་པར་བསྒོམ། བཅུ་གསུམ་པ་ནས། བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་གནས་པ་ཡིན། །ཞེས་འབྱུང་བས་ཚོགས་གཉིས་བསག་པ་བསྒོམ། དེ་ནས་ལེའུ་ལྔ་པ་དང་དྲུག་པ་དང་བཅུ་བདུན་པ་བཞིན་ཕྱིའི་དཀྱིལ་འཁོར་རྫོགས་པར་བསྒོམས་ལ། ལྷ་ལ་ཞེན་པ་སྐྱེ་ཞིང་ལམ་ལ་སོམ་ཉི་ཟ་ན། ལེའུ་གཉིས་པ་དང་གསུམ་པ་བཞིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲག་པར་བྱ། དེ་ནས་ལེའུ་བཅུ་གཉིས་པ་དང་བཅུ་གསུམ་པ་དང་བཅུ་བདུན་པ་བཞིན་ལུས་ཀྱི་དཀྱིལ་འཁོར་བསྒོམ། ལེའུ་བདུན་པ་ནས་འབྱུང་བའི་གོ་ཆ་བཅིང༌། ལེའུ་བརྒྱད་པ་ནས་འབྱུང་བ་བཞིན་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱ། བཅུ་གཉིས་པ་ནས་དབང་བསྐུར་ཞེས་འབྱུང་བས་ན་དབང་སྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ། བཅུ་གཉིས་པ་ལ་མཆོད་པ་ཞེས་འབྱུང་བའི་དོན་ནི་གསུམ་སྟེ། མཉམ་གཞག་དང་འབྲེལ་པ། ཐུན་མཚམས་དང་འབྲེལ་པ། གནས་སྐབས་དང་འབྲེལ་པའོ། །དང་པོ་ནི་སྔགས་མཆོད། ཕྱི་མཆོད། བདུད་རྩིའི་མཆོད་པ། མཉེས་མཆོད། ཡིད་མཆོད། བསྟོད་པའི་མཆོད་པའོ། །ཡང་སྤྲོས་པ་ལ་དགའ་ན། ཕྱི་མཆོད་ཀྱི་རྗེས་ལ། རིག་མ་བཅུ་དྲུག རིན་ཆེན་སྣ་བདུན། འདོད་ཡོན་ལྔའི་མཆོད་པའང་བྱ་སྟེ། མཆོད་པ་དེ་དག་ཉུང་ངུའི་རྒྱུད་འདི་ན་མེད་ཀྱང༌། ཀུན་ཏུ་སྤྱོད་པ་རྒྱས་པ་ནས་འབྱུང་བའི་རྒྱུད་ཀྱི་དུམ་བུ་ཡོད་པ་དེ་བཞིན་བྱའོ། །ཐུན་མཚམས་དང་འབྲེལ་པའི་མཆོད་པ་ནི། ཕྱི་མཆོད་དང༌། ལག་མཆོད་དང༌། གཏོར་མ་དང༌། ཁ་ཟས་དང༌། སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་གཉིས་ནི་ལེའུ་བཅུ་བཞི་པ་ནས་བསྟན་ལ། གཏོར་མ་དང་ཁ་ཟས་ནི་བཅུ་པ་ལས་བསྟན་ཅིང༌། སྤྱོད་ལམ་ནི་བཅོ་ལྔ་པ་ལས་བསྟན་ཏོ། །གནས་སྐབས་ཀྱི་མཆོད་པ་ཚེས་བཅུ་ནི། བཅུ་པ་དང༌། བཅུ་བཞི་པ་དང༌། བཅུ་དྲུག་པས་བསྟན་ཏོ། །དེ་ལྟར་གནས་སྐབས་གང་དུའང་ཤེས་པར་བྱ་བའི་མཆོད་པ་ཚར་ནས་བཟླས་པའི་རྣལ་འབྱོར་བྱའོ། །དེ་ནས་ལེའུ་བཞི་པ་ནས་འབྱུང་བ་བཞིན་ཁམས་ཀྱི་དག་པ་དང༌། བཅོ་ལྔ་པ་ནས་འབྱུང་བ་བཞིན་རྒྱན་ཆའི་དག་པ་བྱས་ལ། དེ་ཉིད་ནས་འབྱུང་བ་བཞིན་ཚོམ་ངམ་སྔགས་ཀྱིས་བསྲུངས་ལ། རྩ་བའི་སྔགས་ཟློས་ཤིང་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །དེ་ནས་རྫོགས་པའི་རིམ་པ་ནི་ཐུན་གོང་མ་རྣམས་ལ་ནི་བཟླས་པའི་རྗེས་ལ་བསྒོམས་ལ། ཐུན་ཐ་མ་ལ་ནི་བཟླས་པའི་རྗེས་ལ་གཏོར་མ་བཏང་ནས་དག་པ་རྗེས་དྲན་བྱས། རྫོགས་པའི་རིམ་པ་བསྒོམ་སྟེ་ཉལ་བའི་རྣལ་འབྱོར་དང་ཐུན་མོང་དུ་བྱེད་པ་ཡིན་ནོ། །རྫོགས་རིམ་ལ་ཕོ་ཉའི་ལམ་ལ་དགའ་བའི་མངོན་པར་རྟོགས་པ་ནི་ལེའུ་བརྒྱད་པར་གསལ་བའི་མཆོད་པ་དང་ཐུན་མོང་དུ་བསྟན་ལ། རྣལ་འབྱོར་གྱི་ལམ་ནི་ལེའུ་བཅུ་གཉིས་པར་བསྟན་ཏོ། །དེ་དག་ལས་སྐྱེས་པའི་ཉམས་ཀྱི་ཡེ་ཤེས་ནི། ལེའུ་དགུ་པ་དང༌། བཅུ་གཉིས་པ་དང༌། བཅུ་དྲུག་པ་དང༌། བཅུ་བདུན་པས་བསྟན་ཏོ། །ཉམས་སྐྱེས་ནས་བརྟན་པར་བྱ་བའི་ཕྱིར་སྤྱོད་པ་ནི། དགུ་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་ནས་བསྟན་ཏོ། །འབྲས་བུ་ནི་དགུ་པ་དང༌། བཅུ་གཅིག་པ་དང༌། བཅུ་དྲུག་པ་དང༌། བཅུ་བདུན་པ་ལས་བསྟན་པ་ཡིན་ནོ། །མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་བསྟན་ཟིན་ཏོ། །ལེའུ་གང་ནས་གང་འབྱུང་བ་བལྡབ་པ་ལྟ་བུར་སྣང་ཡང༌། སྤྱིའི་དོན་དང་མངོན་པར་རྟོགས་པ་སྐྱེ་ཚུལ་གྱི་རིམ་པ་ཡིན་པས། བློ་ལ་འཛིན་པར་སླ་བའི་ཕྱིར་ཉེས་པ་མེད་པར་ཤེས་པར་བྱའོ། །ད་ནི་གཞུང་རིམ་པ་བཞིན་དུ་ཤེས་པར་བྱ་སྟེ། དེ་ལ་ལེའུ་དང་པོའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷའི་ང་རྒྱལ་བསྒོམ་པ་ནི། གནས་སོ་སོའི་ས་བོན་ལས་གྱུར་པའི་ལྷའི་སྐུ་མདོག་དང་ཕྱག་མཚན་དང་བཅས་ནས་བསྒོམ་པ་ནི་འདིའི་ལུགས་མ་ཡིན་ཏེ། འདིའི་ལུགས་ནི་བདག་གི་མ་དག་པའི་གཟུགས་ཀྱི་ཕུང་པོ་འདི་ནི་གཟུགས་ཀྱི་ཕུང་པོ་མ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཡིན་ནོ། །ཞེས་དྲན་པར་བྱ་སྟེ་ཐམས་ཅད་ཤེས་པར་བྱའོ། །ལེའུ་གཉིས་པའི་བྱང་ཆུབ་ཀྱི་ཕྱོགས་རྐྱང་པ་ནི། དེ་ལ་བརྟེན་ནས་ལམ་ཐམས་ཅད་ཀྱིས་མཚམས་རྣམ་པར་གཞག་པ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ནི་ཚོགས་ལམ་ཆུང་ངུ༌། ཡང་དག་པར་སྤོང་པ་བཞི་ནི་འབྲིང་པོ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཚོགས་ལམ་ཆེན་པོ། དབང་པོ་ལྔ་ནི་དྲོད་རྩེ་མོ། སྟོབས་ལྔ་ནི་བཟོད་པ་དང་འཇིག་རྟེན་ཆོས་མཆོག བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མཐོང་ལམ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་བསྒོམ་ལམ་དེའི་གཤམ་དུ་མཐར་ཕྱིན་པའི་ལམ་སྐྱེའོ། །ཡང་རྫོགས་པའི་རིམ་པ་ཉམས་མྱོང་ལ་སྦྱར་ན། རྫོགས་རིམ་བསྒོམ་པའི་སྟོབས་ཀྱིས་ལུས་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་བྱུང་ན་ལུས་དྲན་པ་ཉེ་བར་གཞག་པ། བདེ་བ་སྐྱེས་ན་ཚོར་བ་དྲན་པ་ཉེ་བར་གཞག་པ། སེམས་ལ་མི་རྟོག་པ་སྐྱེས་ན་སེམས་དྲན་པ་ཉེ་བར་གཞག་པ། ཆོས་བདག་མེད་པར་རྟོགས་ན་ཆོས་དྲན་པ་ཉེ་བར་གཞག་པའོ། །དེས་སྦང་བྱ་མི་མཐུན་པའི་ཕྱོགས་སྤོང་བས་ན་ཡང་དག་པར་སྤོང་བ་བཞི། དེ་ལ་བརྟེན་ནས་རྫུ་འཕྲུལ་སྟོན་པས་རྫུ་ཕྲུལ་གྱི་རྐང་པ་བཞི། དེས་འབྱུང་བ་ལྔའི་རླུང་ལ་དབང་ཐོབ་ཅིང་སྟོབས་སུ་གྱུར་པས་དབང་པོ་ལྔ་དང་སྟོབས་ལྔ། དེ་ལ་བརྟེན་ནས་མཐོང་བའི་ལམ་གྱི་ཡེ་ཤེས་མངོན་དུ་གྱུར་པས་བྱང་ཆུབ་ཀྱི་ཡན་ལག་བདུན། དེས་སྤང་བྱ་ཐམས་ཅད་སྤངས་ཤིང་ཐོབ་བྱ་ཐམས་ཅད་ཐོབ་པས་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱ་བ་ཡིན་ནོ། །གཞུང་འཁྲུགས་ནས་ཡང་དག་པར་སྤོང་བ་གཤམ་དུ་བྱས་པ་ནི་ལྷའི་གོ་རིམ་ལ་དགོངས་པའོ། །ལེའུ་གསུམ་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལྷ་དང་སྦྱར་བ་ནི། ལྷའི་སྐུ་མདོག་དང་ཕྱག་མཚན་ལ་མངོན་པར་ཞེན་ན། མཁའ་འགྲོ་མ་ནི་ལུས་དྲན་པ་ཉེ་བར་གཞག་པའོ། །ཞེས་བྱས་བ་ལ་སོགས་པ་ཤེས་པར་བྱས་ལ་ལྷ་ལ་ཞེན་པ་སྤང་ངོ༌། །བྱང་ཆུབ་ཀྱི་ཕྱོགས་དམན་པར་བཟུང་ནས་ལམ་ལ་སོམ་ཉི་ཟ་ན། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཞེས་བྱ་ལ་སོགས་པ་ཤེས་པར་བྱས་ལ་ལམ་ལ་སོམ་ཉི་སྤང་ངོ༌། །དེ་ལྟར་ན་ལེའུ་འདི་གཉིས་ཀྱིས་ཀུན་སྤྱོད་གསུམ་ཀའི་ཡན་ལག་བསྟན་པ་ཡིན་ནོ། །ཀུན་སྤྱོད་གསུམ་ལ་ཇི་ལྟར་ཁྱབ་ཅེ་ན། ཕྱིའི་ལྷ་སུམ་ཅུ་སོ་བདུན་དང༌། ལུས་ཀྱི་ལྷ་སུམ་ཅུ་སོ་བདུན་དང༌། རྫོགས་པའི་རིམ་པའི་ཉམས་སུམ་ཅུ་སོ་བདུན་དང༌། གཞན་ཡང༌། ཕྱི་མཆོད། ལག་མཆོད་དང༌། འཛམ་བུའི་གླིང་གི་ཞིང་སྐྱེས་དང༌། འོག་མིན་གྱི་ལྷ་ལྷན་སྐྱེས་ལ་ཡང་བྱང་ཆུབ་ཀྱིས་ཁྱབ་པས་ན། ཕོ་ཉ་གསུམ་བསྲེ་བ་ཡང་འདིས་མཚོན་ཏེ། ལེའུ་དགུ་པའི། སྐྱེ་བོ་དམ་པ་ཀུན་འདུས་པ། །ཞེས་བྱ་བའི་དོན་ཡང་ཡིན་ནོ། །ལེའུ་བཞི་པ་ནི་ཕྱིའི་ཀུན་སྤྱོད་ཀྱི་ཡན་ལག་ཁམས་ཀྱི་དག་པ་དྲན་པ་སྟེ། ལཱུ་ཧི་པའི་མཉམ་ལངས། དཱ་རི་ཀ་པས་མཉམ་གཞག་ཏུ་བཞེད་དོ། །ཞེས་གསུང་ན། གང་ལྟར་ཡང་ཉེས་པ་མེད་དེ། མཉམ་གཞག་རྫོགས་ནས་མཉམ་ལངས་ལ་འཇུག་ཀར་བྱེད་པར་མངོན་ནོ། །ཉམས་སུ་བླང་པའི་ཚུལ་ནི་མ་དག་པའི་སོ་དང་སེན་མོ་ནི་དེ་མ་ཡིན་ཏེ། ཁཎྜ་ཀ་པཱ་ལི་ལ་སོགས་པ་ཡིན་ནོ། །ཞེས་ཐམས་ཅད་ལ་སྦྱར་ཏེ་ཤེས་པར་བྱའོ། །ལེའུ་ལྔ་པ་ནི་ཕྱིའི་ཀུན་སྤྱོད་དངོས་བསྟན་ཏེ། རྟེན་དང་བརྟེན་པ་བསྐྱེད་པ་ནས་བཟུང་ནས། དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བར་ལེགས་པར་གསལ་གདབ་སྟེ། སྐྱེད་ཆོག་ནི་ལཱུ་ཧི་པར་བཤད་པ་བཞིན་དྲན་པས་རྒྱས་པར་བཤད་པར་བྱའོ། །ལེའུ་དྲུག་པས་ནི་ལྔ་པ་ཉིད་ཀྱི་དོན་གསལ་བར་བྱེད་པ་སྟེ། དེའང་དཔའ་བོ་ཐམས་ཅད་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པ། རྣལ་འབྱོར་མ་ཐམས་ཅད་ཕྱག་གཉིས་མ། གྲི་གུག་ཐོད་པ་འཛིན་པ་ཡིན་ནོ། རྡོ་རྗེ་དྲིལ་བུས་མཚོན་ནས་སློབ་དཔོན་དཱ་རི་ཀ་པས་ནི་པདྨ་དྲིལ་བུ་དང་འཁོར་ལོ་དྲིལ་བུར་བཞེད་དོ། །ཞེས་ཀྱང་གསུང་ནའང་གཞུང་གསལ་བར་མ་མཐོང་ངོ༌། །འདིའི་སྐྱེད་ཆོག་དང་ཕྱག་མཚན་ཅུང་ཟད་མ་ཚང་བ་ལེའུ་བཅུ་བདུན་པས་ཀྱང་བསྟན་པ་ཡིན་ནོ། །ལཱུ་ཧི་པར་དཔའ་བོ་ཕྱག་བཞི་པར་བཤད་པ་ནི། ཨ་བྷི་དྷ་ནའི་དགོངས་པ་ཡིན་ནོ། །ཞེས་གསུང་ངོ༌། །ལེའུ་བདུན་པའི་གོ་ཆ་བཅིང་བ་ནི། གོ་ཆའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་ཡུམ་གྱི་སྔགས་གཉིས་སུ་མེད་པ་བསྒོམ་པ་སྟེ། དཔའ་བོ་གཉིས་མེད་རྣལ་འབྱོར་མ། །ཞེས་འབྱུང་བའི་ཕྱིར་རོ། །ལྷ་ཡི་རྣམ་པ་ནི་མི་བསྒོམ་སྟེ། རྩ་བའི་རྒྱུད་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྔགས་དང་ལྷ་ལ་ཐ་དད་མེད། །ཅེས་འབྱུང་བ་ཡིན་ནོ། །ལེའུ་བརྒྱད་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ལ་སྔགས་ཀྱིས་བརྟན་པར་བྱའོ། །དེ་ནས་བཅུ་གཉིས་པ་ནས་དབང་བསྐུར་ཞེས་འབྱུང་བས། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་བཏབ་ལ། མཆོད་པ་རྣམས་ཀྱིས་རྒྱས་པར་མཆོད་པར་བྱའོ། །ཡི་གེ་དྷྱཾ་ཞེས་བྱ་བ་ལ་སོགས་པ་མན་ཆད་གསང་བའི་མཆོད་པའམ། རྫོགས་པའི་རིམ་པ་ཕོ་ཉའི་ལམ་ལ་དགའ་བ་ཞེས་བྱ་བའི་མངོན་པར་རྟོགས་པ་སྟོན་ཏོ། །དེ་དག་གི་ལག་ཏུ་བླང་པ་ནི་འདི་ཡིན་ནོ། །བདག་དང་ཕྱག་རྒྱ་གཉིས་ལྷའི་ང་རྒྱལ་བརྟན་པར་བསྒོམས་པའི་ཡུམ་གྱི་མཁའ་ཨ་ལས་པདྨ་གྲུ་གསུམ་བྷྲཱུྃ་ལས་གེ་སར་དང་ལྡན་པ། བུ་གར་དྷྱྃ་སེར་པོས་མཚན་པ་སྟེ། ལྟེ་བར་ཡབ་ཀྱི་སྙེང་པོའོ། །སྙིང་གར་ཡབ་ཀྱི་ཉེ་སྙིང༌། མགྲིན་པར་ཡུམ་གྱི་སྙིང་པོ། དཔྲལ་བར་ཉེ་སྙིང་ངོ༌། །ཡབ་ཀྱི་གསང་བར་ཧཱུྃ་ལས་རྡོ་རྗེ་རྩེ་མོ་ལྔ་དང་ལྡན་པ། ནོར་བུ་དམར་སྐྱ་བུ་གར་བྷྱྃ་དམར་པོས་མཚན་པའོ། །ཡབ་ཀྱི་ལྟེ་བར་ཡུམ་གྱི་སྙིང་པོའོ། །སྙིང་གར་ཉེ་སྙིང༌། མགྲིན་པར་ཡབ་ཀྱི་སྙིང་པོ། དཔྲལ་བར་ཉེ་སྙིང་བསམ་པར་བྱའོ། །དྷྱྃ་དང་བྷྱྃ་གཉིས་ཀ་རྩ་བའི་སྔགས་ལས་བཏུས་པ་ཡིན་ནོ། །དེ་ལྟར་ཡང་མཁའ་གསང་གང་དུ་བྱིན་གྱིས་བརླབ་ཅེ་ན། ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་རྐང་པ་གཅིག་དང༌། གང་གིས་བྱིན་གྱིས་བརླབ་ན། ཡི་གེ་དྷྱྃ་ནི་ཞེས་རྐང་པ་གཉིས་དང༌། སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། ལྟེ་བའི་ཞེས་བྱ་བ་ལ་སོགས་པ་རྐང་པ་བཞིས་བསྟན་ཏོ། །དེ་ནས་ཐབས་དང་ཤེས་རབ་སྙོམས་པར་ཞུགས། རྡོ་རྗེ་པདྨ་སྙོམས་པར་ཞུགས། ཡབ་ཡུམ་ཕན་ཚུན་སྙོམས་པར་འཇུག་པ་ནི། རྣལ་འབྱོར་མ་དང་ཞེས་རྐང་པ་གཅིག་གིས་བསྟན་ཏོ། །ཞིབ་ཏུ་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ལེའུ་དགུ་པ་ལ་བཞི་སྟེ། དང་པོ་ཚིགས་སུ་བཅད་པ་གསུམ་གྱིས། ལུས་ཀྱི་ཀུན་སྤྱོད་ལོངས་སྐུ་དང༌། དེའི་ཞར་ལ་རྫོགས་རིམ་ཆོས་སྐུ་དང༌། དེ་གཉིས་ཀྱི་ཆེ་བ་བསྟན་ཏོ། །གཉིས་པ། སྐྱེས་བོ་དམ་པ་ཀུན་འདུས་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས། ཕོ་ཉ་བསྲེ་བ་དང༌། ཚོགས་ཀྱི་འཁོར་ལོ་དང༌། ཁ་ཟས་ཀྱི་རྣལ་འབྱོར་དང༌། ལུས་ཀྱི་དཀྱིལ་འཁོར་བསྒོམས་པ་མདོར་བསྟན་པ་སྟེ། ལུས་ཀྱི་དཀྱིལ་འཁོར་རྒྱས་པར་ནི་ལེའུ་བཅུ་གསུམ་པ་དང༌། བཅུ་བདུན་པས་ཤེས་པར་ནུས་སོ། །གསུམ་པ་ལྡག་པའང་ཇི་ལྟར་བཤད་པ་ཡིན། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས། རྫོགས་པའི་ཡེ་ཤེས་སམ་རྟོགས་པའི་ལྟ་བའམ། མངོན་གྱུར་འབྲས་བུའམ། ཐུན་མོང་དུ་ཧེ་རུ་ཀའི་མིང་གི་དོན་བསྟན་ཏོ། །བཞི་པ་ཆོས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས། བློའི་སྤྱོད་ཡུལ་གཅིག་གམ། དཀྱིལ་འཁོར་རྫོགས་པ་གཅིག་གམ། མངོན་པར་རྟོགས་པ་རྫོགས་པ་གཅིག་ལ། སྐུ་གསུམ་མམ། ཕོ་ཉ་གསུམ་བསྲེ་བ་བསྟན་ཏེ། སྔར་བཤད་ཐབས་ཀྱི་མན་ངག་ལཱུ་ཧི་པར་བསྟན་པ་བཞིན་ཞིབ་ཏུ་བཤད་པར་བྱའོ། །ལེའུ་བཅུ་པ་ལ་དོན་གསུམ། དང་པོ་ཚིགས་སུ་བཅད་པ་གཅིག་གིས་སྤྱོད་ལམ་གྱི་ལྷའི་རྣལ་འབྱོར་གྱི་ཞར་ལ། བར་ཆད་བསྲུང་བ་དང༌། གཉིས་པ་གཏོར་མའི་རྣལ་འབྱོར་དང༌། དགུན་ཟླ་འབྲིང་སོགས་ཞེས་བྱ་བ་ལ་སོགས་པས། གསུམ་པ་ཚེས་བཅུའི་མཆོད་པ་བསྟན་ཏེ། གཏོར་མ་ནི་ལཱུ་ཧི་པར་འཆད་པ་ཞིབ་ཏུ་བཤད་ལ། ཚེས་བཅུའི་མཆོད་པའི་གནས་སྐབས་སུ་བཤད་པ་ལྟར་ཅི་རིགས་པ་ཅིག་བསྟན་པར་བྱ་སྟེ། ཕྱི་དང་ལུས་ཀྱི་ཀུན་སྤྱོད་རྫོགས་པའི་ཡན་ལག་ཡིན་ནོ། །ལེའུ་བཅུ་གཅིག་པ་ནི་ལམ་དང་འབྲས་བུའི་ཆེ་བ་དང༌། སྤང་བྱ་དང་བསྒྲུབ་བྱའི་གང་ཟག་དང༌། རྒྱུད་ཀྱི་གནས་ལུགས་ཕན་ཡོན་དང་བཅས་པ་སྟེ་ཀུན་སྤྱོད་གསུམ་ཀའི་ཡན་ལག་རྒྱབ་རྟེན་ཡིན་ཏེ། གཞུང་ཉིད་ཀྱི་སྟེང་དུ་ཞིབ་ཏུ་རྟོགས་པར་བྱའོ། །ལེའུ་བཅུ་གཉིས་པ་ནི་བརྗོད་བྱ་ལྔས་བསྟན་ཏེ། དང་པོར་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་རྫོགས་རིམ་གྱི་ཡེ་ཤེས་དང་བཅས་པ་བསྟན། དེ་ཚན་པ་གཉིས་སུ་ཡོད་པའི་དཀྱིལ་ན། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །ཅེས་བྱ་བ་ཚིགས་སུ་བཅད་པ་གཅིག་གིས། གཉིས་པ་རྫོགས་པའི་ཀུན་སྤྱོད་ཀྱི་དོན་བསྡུས་བསྟན། སྦས་པ་ལྟ་དང་ཞེས་ཚིག་རྐང་དྲུག་གིས་གསུམ་པ་རྒྱུད་སྡེའི་རིམ་པ་བསྟན་ཏོ། །འདུག་དང་ཞེས་བྱ་བ་ལ་སོགས་པས་བཞི་པ་རྗོད་བྱེད་མ་ལུས་པར་བསྟན་ཏེ། དེའང་དང་པོར་ཚིགས་བཅད་གཅིག་གིས་བརྗོད་བྱ་ཉམས་སུ་བླངས་པ་དེ་ཉིད་བཅུ་རིམ་པ་བཞིན་དུ་བསྟན། དེ་མན་ཆད་ཀྱིས་རྗོད་བྱེད་གཙོ་བོར་གྱུར་པ་ཡིན་ལ། ཉམས་སུ་བླང་བྱའི་རྗོད་བྱ་དེའི་ཕན་ཡོན་ཡང་ཤུགས་ལས་བསྟན་ཏོ། །ཨཱ་ལི་ཀཱ་ལི་བདུན་བསམས་ནས། ཞེས་བྱ་བ་ལ་སོགས་པས། ལྔ་པ་རྡོ་རྗེ་སེམས་དཔའ་བསྡུ་བ་ལ་སོགས་པའི་རྫོགས་རིམ་བསྟན་ཏེ། མངོན་པར་རྟོགས་པ་ནི་ལཱུ་ཧི་པ་བཞིན་དུ་རྟོགས་པར་བྱའོ། །ལེའུ་བཅུ་གསུམ་པ་ལ་ཡང་ལྔར་གནས་ཏེ། ལེའུ་དགུ་པར་ལུས་ཀྱི་ཀུན་སྤྱོད་བསྟན་པའི་གནས་དང༌། ལྷ་རྣམས་རྒྱས་པར་བསྟན་པ་དང༌། བསྟན་པ་ཡི་ནི་ལ་སོགས་པས་ཀུན་སྤྱོད་གསུམ། སྐུ་གསུམ་བསྒོམ་པ་ཡིན་པར་བཤད། བསོད་ནམས་ཚོགས་རྐང་པ་གཉིས་ཀྱིས་སྐུ་གསུམ་གྱི་རྒྱུ་ཚོགས་གཉིས་བཤད་གསུང༌། བློ་ངན་ལ་སོགས་པས་ཀུན་སྤྱོད་གསུམ་བསྟན་པའི་སྣོད་དང་སྣོད་མ་ཡིན་པའི་གང་ཟག་བཤད། རྒྱལ་བས་ལ་སོགས་པས། ལས་ཀྱི་བྱེ་བྲག་རྣམས་བརྟགས་ཏེ་བྱས་ན་འགྲུབ་པར་བསྟན་ཏོ། །ལེའུ་བཅུ་བཞི་པས་ནི་ཕྱིའི་ཀུན་སྤྱོད་དང་ལུས་ཀྱི་སྤྱོད་ཀྱི་ཡན་ལག ཕྱི་མཆོད་དང་ལག་མཆོད་ཇི་ལྟར་བྱ་བ་བསྟན་ཏེ། སངས་རྒྱས་བཞི་ཡིས་བསྟན། ཞེས་པ་དང༌། དང་པོ་མཎྜལ་གྱིས་གྲུ་བཞི་བྱུགས་པའི་ཕྱོགས་བཞིར་རྣམ་པར་སྣང་མཛད་ལ་སོགས་པ་བཞིའི་ངོ་བོ་ཌཱ་ཀི་ནཱི་ལ་སོགས་པ་དག་པའོ། །ཕྱག་རྒྱ་ལྔ་སོགས་ནི། སོགས་ཀྱིས་བསྡུས་པ་ཐལ་པ་དང་དྲུག་གོ །ཕ་རོལ་ཏུ་ཕྱིན་པ་དྲུག་ནི། མགུལ་རྒྱན་སྦྱིན་པ། ལག་གདུབ་ཚུལ་ཁྲིམས། སྣ་ཆ་བཟོད་པ། སྐ་རགས་བརྩོན་འགྲུས། སྤྱི་བོའི་འཁོར་ལོ་བསམ་གཏན། ཐལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པའོ། །ལག་ཏུ་བླང་བ་ནི་གུད་དུ་འཆད་པ་བཞིན། ཞིབ་ཏུ་བསྙད་པར་བྱའོ། །ལྷག་མའི་ཚིག་གི་དོན་གཞུང་ཉིད་དུ་གོ་བར་བྱའོ། །ལེའུ་བཅོ་ལྔ་པ་ལ་བཞི། དང་པོ་སྤྱོད་པ་གཉིས་ཀའི་སྤྱིར་འགྲོ་ཚིགས་སུ་བཅད་པ་ཕྱེད་བཞིས་བསྟན། རྩ་བའི་སྔགས་སོགས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དྲུག་གིས། གཉིས་པ་ཁམས་དང༌། རྒྱན་ཆ། སྔགས་ཀྱི་དག་པ་སྟེ། ལག་ཏུ་བླང་བ་ལཱུ་ཧི་པ་བཞིན་ཞིབ་ཏུ་བཤད་པར་བྱའོ། །དེ་ལྟར་བདག་ཉིད་རྣམ་བསམས་ནས། །ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གིས། གསུམ་པ་ཐུན་མཚམས་དང་སྤྱོད་ལམ་གྱི་བྱ་བ་བསྟན་ཏོ། །མི་བྱ་ཅི་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་ལེའུ་རྫོགས་ཀྱི་བར་གྱིས་ནི་སྤྱོད་པ་བསྟན་ཏེ། དེ་ལའང་སྤྱི་དོན་གཉིས། རང་དོན་གྱི་སྤྱོད་པ་དང༌། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །དང་པོ་ལ་གསུམ། བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ་དང༌། རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ། གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དེ་ལྟར་སྤྱོད་པ་དེ་དག་གཞུང་ན་འདྲེས་པར་ཡོད་པས། ཐད་སོ་ཐད་སོར་སྦྱར་ཞིང་བཤད་པར་བྱའོ། །ལེའུ་བཅུ་དྲུག་པ་ལ་གསུམ། དང་པོ་ལམ་གཞན་གྱིས་མི་འགྲུབ་ཅིང༌། འཁོར་ལོ་བདེ་མཆོག་གིས་འགྲུབ་པ་སྟེ། དེ་ལའང་གཉིས། གཞན་གྱིས་མི་འགྲུབ་ཅིང་འདིས་འགྲུབ་པའི་རྒྱུ་མཚན་དང༌། རྒྱུད་སྡེའི་རབ་ཏུ་དབྱེ་བ་བསྟན་ཅིང་འཁོར་ལོ་སྡོམ་པ་མཆོག་ཏུ་བསྟན་པའོ། །གཉིས་པ་རྣལ་འབྱོར་མའི་མཚན་མ་བསྟན། ཞེས་བྱ་བ་ལ་སོགས་པ་རྐང་པ་དྲུག་གིས་ནི། རྣལ་འབྱོར་མའི་མཚན་ཉིད་རྩ་བའི་རྒྱུད་དུ་བཤད་པ་རྣམས་ཀྱི་དོན་བསྡུས་དང༌། མཁའ་འགྲོ་མས་བར་ཆད་བྱེད་ན་གཡོན་ནས་བསྐོར་བ་ལ་སོགས་པ་བརྡས་བཟློག་པའི་དོན་བསྡུས་བསྟན་ཏེ། ཁྱིམ་ལྔ་ཞེས་པ་ནི། གྲོང་སྟོང་ཕྲག་ལྔ་ལྔ་ལ་ཁྱིམ་རེ་ཞེས་ཟེར་བའམ། ཟོང་སྣ་བཅུ་དྲུག་འཚོང་བ་ཡོད་པ་ལ་གྲོང་རེ་ཞེས་ཟེར་ཏེ། དེ་འདྲ་བ་རེ་རེ་ན་མཁའ་འགྲོ་མ་རེ་བཞུགས་པའོ། །ཞེས་བྱ་བའི་བརྡས་མཚོན་པ་སྟེ། རྩ་བའི་རྒྱུད་བཞིན་དུ་བསྡུ་བྱ་སྡུད་བྱེད་ཀྱི་ཁྱད་པར་ཅུང་ཟད་ཀྱང་བསྟན་པར་བྱའོ། །གསུམ་པ། ཇི་ལྟར་སྔར་བཤད་འཁོར་ལོ་ཡི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས། བོང་བུའི་རྣལ་འབྱོར་སྐྱེ་བ་བདུན་པ་བརྟག་པ་དང༌། ཡང་ཐུན་མོང་བ་ལས་བཞི་སྒྲུབ་པ་གཉིས་བསྟན་ཏོ། །སྐྱེ་བ་བདུན་པ་རྟོགས་ན་གོང་གི་འཁོར་ལོ་དང་གཟུགས་བརྙན་དེ་མཁའ་འགྲོ་མ་བོང་བུའི་མགོ་ཅན་བྱས་ལ། རབ་གནས་ལ་སོགས་པ་བྱས་ལ། མཁའ་འགྲོ་མ་བོང་བུའི་རྣམ་པ་ཅན་དེའི་ཁོག་པ་ན་བདག་ཡོད་པར་བསམས་ལ། དེ་ནས་སྐྱེ་བོ་མང་པོ་མཐོང་བའི་མཐོང་སར་ཕྱིན་ཏེ། རང་དང་མཁའ་འགྲོ་མ་བོང་མགོ་ཅན་བྲིས་པའི་གཟུགས་ཀྱི་ནང་ནས་སྲིན་པོའི་ལམ་ནང་ན་མི་མང་པོ་ཚོགས་པ་ལ་བལྟས་ན་མི་སྐྱེ་བ་བདུན་པ་ལ་སོགས་པ་མཐོང་བར་འགྱུར་རོ། །དེའི་སྔགས་ཀྱི་སྤེལ་ཚིག་སྐྱེ་བ་བདུན་པ་སྟོན་ཅིག ཅེས་སྤེལ་གསུངས། དེ་ནས་དེ་ལ་བསྙེན་བཀུར་བྱས་པས་ལུས་འདོར་བར་འགྱུར་རོ། །དེ་ནས་དེའི་སྙིང་ག་ནས་གོ་རོ་ཙ་ན་ཕྱུང་ནས་ཟོས་ན་གང་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །ཤ་ལ་སོགས་པ་ལའང་ཕན་ཡོན་དུ་འགྱུར་རོ། །ཨ་བྷི་དྷ་ན་ལྟར་བཙལ་ལོ། །དེ་གཉིས་པ་དམན་པའི་དངོས་གྲུབ་ལས་བཞི་བསྒྲུབ་པ་ན། རང་གིས་སྔར་བསྟན་པ་ལྟར་ལྷ་སུམ་ཅུ་རྩ་བདུན་གྱི་ཏིང་ངེ་འཛིན་ལ་གནས་པས་སྔོན་དུ་བསྙེན་པ་བྱས་པ་ཅིག་གིས། གྲོ་ག་ལ་འཁོར་ལོ་བྲིས་ལ་སྔགས་རྣམས་བཀོད་ལ་འཁོར་ལོའི་ཤར་གྱི་འདབ་མར། མཁའ་འགྲོ་མ་བོང་བུའི་མགོ་ཅན་ཞིག་བྲིས་ལ། དེ་ནས་འཁོར་ལོ་རབ་གནས་བྱས་ཏེ་དྲིལ་ཏེ། འབྲས་ཕུབ་དང་བ་ལང་གི་ལྕི་བ་ལ་བོང་བུའི་གཟུགས་ཁ་གཅིག་དང་འཕོང་གཉིས་ཀ་དོང་པར་བྱས་ལ། སྙིང་གར་འཁོར་ལོ་བཅུག་སྟེ། གཟུགས་དེ་ཡང་ཁམ་ཕོར་ཁ་སྦྱར་དུ་བཅུག་ལ་བུ་མོ་གཞོན་ནུས་བཀལ་བའི་སྐུད་པས་དཀྲིས་ཏེ་མཆོད་རྟེན་ནམ། དགེ་སློང་གི་ཁྱིམ་མམ་བྲམ་ཟེའམ། ཐ་མལ་པའི་ཐེམ་པའི་འོག་ཏུ་སྦའོ། །རྒྱས་པ་ལ། ལཱ་མྭ་བོང་བུའི་མགོ་ཅན་བྱང་དུ་བྲིའོ། །ཕྱུགས་ལྷས་སམ་ཕྱུག་པོའི་འགྲམ་རྩ་ལ་སོགས་པར་སྦའོ། །དབང་ལ་དུམ་སྐྱེས་མ་བོང་མགོ་ཅན་ནུབ་ཏུ་བྲིས་ལ་ལམ་གྱི་བཞི་མདོར་སྦའོ། །མངོན་སྤྱོད་ལ་རཱུ་པི་ཎཱི་སྔར་ལྟར་བྱང་དུ་བྲིས་ལ་ཤན་པའི་ཁྱིམ་དུ་སྦའོ། །ཡང་ལས་བཞི་བསམ་གཏན་གཙོ་བོར་གྱུར་པས་བསྒྲུབ་པའི་དབང་དུ་བྱས་ན། བོང་བུའི་སྒྲ་ནི་གྷ་ཏྭ་ཞེས་པ་སྟེ། དེ་དྲེ་འུར་ཡང་འགྲོ་ལ། དེ་ཉིད་མི་གསལ་བར་འགྲོ་སྟེ། དྲེའུ་རྟ་བོང་གཉིས་ཀར་མི་གསལ་བ་བཞིན། དྷཱུ་ཏཱི་གསང་གནས་ནས་མི་འོང་མི་གསལ་བའོ། །དེ་ནས་རྣལ་འབྱོར་པ་རང་ལྷའི་ང་རྒྱལ་དང་ལྡན་པས་དབུགས་ནང་དུ་འཇུག་པའི་དུས་སུ། ཨཱ་ལི་ཀཱ་ལི་འཇུག་པར་བསམས་ལ། དེ་དྷཱུ་ཏཱིའི་ནང་ལྟེ་བའི་རྩར་ལྷ་སུམ་ཅུ་སོ་བདུན་གྱི་དཀྱིལ་འཁོར་དུ་གྱུར་པར་བསམས་ལ། དེ་ནས་ཞི་བ་སྒྲུབ་པ་ཡིན་ན་གསང་བའི་འཁོར་ལོའི་མདུན་གྱི་འདབ་མ་ལས། དཀྱིལ་འཁོར་ཕྱུང་ལ་སྔར་བྲིས་པའི་མདུན་གྱི་དཀྱིལ་འཁོར་ལ་བསྟིམ། རྒྱས་པ་ལ་བྱང་ནས། དབང་ནུབ་ནས། མངོན་སྤྱོད་ལ་ལྷོ་ནས་བྱུང་ནས་ལས་བྱེད་དོ། །ལེའུ་བཅུ་བདུན་པ་ལ་བརྒྱད་ལས། དང་པོ་ལམ་ཟུང་འཇུག་ཏུ་བསྟན་པ་སྟེ། ཐབས་ཀྱི་རྒྱུད་ཀྱི་ལྷའི་རྣམ་པར་འཕྲུལ་པ་རྣམས་དང༌། དབང་གཉིས་བསྲེས་ནས། ལམ་ཐམས་ཅད་ཟུང་འཇུག་ཏུ་བསྟན་པ་དང༌། གཉིས་པ་གསང་བའི་སྔགས་ཀྱིས་ངལ་བསོ་བ། ཞེས་བྱ་བ་ལ་སོགས་པ་ནས་འབྲས་བུ་བསྟན་པ་ཡིན་ཏེ། དེའང་མཐོ་རིས་ཀྱི་འབྲས་བུ་དང༌། མཁའ་སྤྱོད་ཀྱི་འབྲས་བུ་དང༌། སངས་རྒྱས་ཀྱི་འབྲས་བུ་གསུམ་གཞུང་འདྲེ་ཞིང་འབྱུང་བས་ཞིབ་ཏུ་བཤད་པར་བྱའོ། །ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང༌། །ཞེས་པ་ཚིགས་སུ་བཅད་པ་གཅིག་གིས། གསུམ་པ་ལམ་ཡང་གཟིངས་དང་འདྲ་སྟེ་དེས་མི་འཆིང་ཞིང་འགྲོལ་ལོ། །ཞེས་བྱ་བ་བཤད་པ་ཡིན་ནོ། །དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པས་བཞི་པ་ལུས་ཀྱི་དཀྱིལ་འཁོར་བསྟན་ཏེ། སྔར་ལེའུ་བཅུ་གསུམ་པའི་རྒྱས་པར་བཤད་པ་སྟེ། མངོན་པར་རྟོགས་པ་རྒྱས་འབྲིང་གསུམ་ཡང་བཤད་པར་བྱའོ། །གསང་བའི་སྔགས་ལ་རྟག་གནས་པ། །ཞེས་བྱ་བ་ལ་སོགས་པས་ལྔ་པ་བསྡུ་བྱ་སྡུད་བྱེད་ཀྱི་ཁྱད་པར་གཞག་པ་སྟེ། འདི་ཡིས་ཞར་ལ་ཕོ་ཉ་གསུམ་བསྲེ་བའང་བསྟན་ཏོ། །རི་སྟེང་སྣ་ཚོགས་པདྨ་ཡི། །ཞེས་བྱ་བ་ལ་སོགས་པས། དྲུག་པ་སྔར་ལེའུ་དྲུག་པ་དང༌། དྲུག་པའི་ཕྱིའི་དཀྱིལ་འཁོར་གྱི་འཕྲོས་བསྟན་པ་ཡིན་ནོ། །དེའི་གོང་གི་མགུར་ཆུ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་དང༌། དེ་ནས་རྟག་ཏུ་སྤོས་ཆུ་ཡི། །ཞེས་བྱ་བ་ལ་སོགས་པས་སྔར་གྱི་ལེའུ་བཅུ་གཅིག་པ་དང་བཅོ་ལྔ་པའི་སྤྲོས་བཅས་ཀྱི་སྤྱོད་པའི་འཕྲོས་བསྟན་པ་ཡིན་ནོ། །ཡན་ལག་ཅན་དང་ཚིག་ཅན་ལ། །ཞེས་བྱ་བ་ལ་སོགས་པས། བརྒྱད་པ་སྤྱོད་པ་དང་ཚོགས་འཁོར་ལ་སོགས་པའི་དུས་ཀྱི་གར་དང༌། རྒྱན་དྲུག་ལ་སོགས་པའི་རྣམ་པར་གཞག་པ་བསྟན་པ་ཡིན་ནོ། །དེ་ལ་ཚིག་གི་དོན་ཅུང་ཟད་ཙམ་བསྟན་ན། ཡན་ལག་ཅན་ནི་ལུས་ཀྱི་རྣམ་པར་འགྱུར་བའོ། །ཚིག་ཅན་ནི་ངག་གི་རྣམ་འགྱུར་དུ་མའོ། །སྡུད་པ་ནི་ལུས་ཀྱི་རྣམ་པར་འགྱུར་བ་རྣམས་ཅུང་ཟད་བཤོལ་ཏེ། དེ་ལྷའི་ང་རྒྱལ་དང་ལྡན་པས་ངལ་བསོ་བའོ། །སྙིང་སྟོབས་ཅན་ནི་ལྷའི་ང་རྒྱལ་དང་ལྡན་པས་བདུད་ཚར་གཅད་པའི་ཕྱིར་ཁྲོ་བོའི་སྐུར་བསྒོམ་པའོ། །དེ་དག་ཀྱང་གོང་མའི་ལག་ལེན་མཐོང་བས་ཤེས་པས་ན། དེ་ཉིད་མཐོང་བས་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །རྒྱན་དྲུག་གི་དབྱིབས་ཀྱི་ཁྱད་པར་ཡང༌། ཀུན་ཏུ་མི་དབུག་ཅེས་བྱ་བ་ལ་སོགས་པས་ཏེ། དེའང་གོང་འོག་ཚན་པ་གཉིས་བསྡེབས་པས་ཤེས་པར་བྱ་སྟེ། དེ་ལ་ཀུན་ཏུ་མི་དབུག་ནི་བུ་ག་མེད་པ་སྟེ། མགོ་རྒྱན་ཡིན་པས་མགོ་ལ་བསྐོན་པས་ཏེ། དང་པོ་འདིར་ནི་བརྒྱན་པ་དང༌། །ཞེས་བྱ་བའི་དོན་ཏོ། །བཅིངས་པ་ནི་རྣ་རྒྱན་ཏེ། རྣམ་པ་ཀུན་ཏུ་བཅིངས་པ་དང་གི་དོན་ཡིན་ནོ། །གཞུག་པ་ནི་གདུ་བུ་དྲུག་སྟེ། དབུ་རྒྱན་དག་དང་ལ་སོགས་པ་ཚིག་རྐང་གསུམ་གྱིས་བསྟན་ཏོ། །དེ་བཞིན་བསྐྱོད་པ་ནི་སྐ་རགས་ཏེ། འོག་པག་དག་ནི་བརྒྱད་པ་ཡིན། །ཞེས་བྱ་བས་ཕྲེང་བ་རིམ་པ་བརྒྱད་ཡོད་དོ། །འབེབས་པ་ནི་མགུལ་རྒྱན་ཏེ། མགྲིན་པ་ནས་སྒྲ་འབེབས་པ་ཡིན་ནོ། །དེ་ཉིད་རོ་ལྡན་དྲུག་ཤེས་པར་བྱ། །ཞེས་པས་ཏེ། རོ་ལྡན་ནི་མགྲིན་པ་ཡིན་ལ། དེ་ཕྲེང་བ་བརྒྱད་དོ་ཤལ་བརྒྱད་དེ་བཅུ་དྲུག་ཡིན་ནོ། །འདི་ལ་ཨ་བྷ་ཡཱ་ཀ་ར་ན་རེ། རོ་ལྡན་ནི་བུད་མེད་ཡིན་ལ། དེའི་སྐ་རགས་ལ་རིམ་པ་བཅུ་དྲུག་ཡིན་ནོ། །ཞེས་ཀྱང་ཟེར་རོ། ཀུན་ཏུ་འཁྱིལ་པ་ནི་སེ་རལ་ཁ། རྒྱ་གྲམ་དུ་འཁྱིལ་པ་དང༌། ཐོད་པའི་དོ་ཤལ་ཡིན་ཏེ་དེའང་དང་པོ་ནི། ཚངས་སྐུད་གཅིག་ཏུ་འགྱུར་ཞེས་བྱ་བ་རྒྱ་གྲམ་དུ་འཁྱིལ་པ་ལ་སྲད་བུ་རེ་རེ་ལས་མེད་པ་ལ་བྱའོ། །གཉིས་པ་དོ་ཤལ་ནི། ཕྲེང་བ་ཉི་ཤུ་རྩ་ལྔ་ཉིད། །ཅེས་བྱ་བས་ཉི་ཤུ་རྩ་ལྔ་ཉིད་དམ། ཉིས་བལྡབ་ཏུ་བྱས་ན་ལྔ་བཅུ་ཐམ་པ་ཡིན་ནོ། །ཞིབ་ཏུ་རྟོགས་པར་འདོད་ན་མན་ངག་བརྒྱུད་དེ་འོངས་པ་ལས་བཙལ་བར་བྱའོ། །ཀུན་ཏུ་སྤྱོད་པའི་རྒྱུད་མ་ལུས་པ་ཡོངས་སུ་བསྟན་ཏོ། །དཔལ་སྡོམ་ཟབ་དོན་ཀུན་ཏུ་སྤྱོད་པའི་རྒྱུད། །ཚིག་དོན་རྒྱས་མིན་དོན་གསལ་རྣམ་འབྱེད་འདི། །བླ་མའི་གསུང་བཞིན་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ཀུན་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཡོན་ཏན་འབྱུང་ལྡན་དཔལ་ལྡན་ས་སྐྱ་ནས། །ཤར་དུ་རྒྱང་གྲགས་གཉིས་འཕགས་དབེན་གནས་དེར། །མེ་སྟག་རྒྱལ་གྱི་དཀར་ཕྱོགས་ཚེས་བདུན་ལ། །གྲགས་པ་རྒྱལ་མཚན་བདག་གིས་གསལ་བར་བགྱིས། །ཀུན་ཏུ་སྤྱོད་པའི་གསལ་བྱེད་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་ཡོངས་སུ་རྫོགས་སོ། །ཉེས་པ་རྣམས་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང༌། འདིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག།  །།མངྒ་ལཾ།། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*