བཤད་ཐབས་ཀྱི་མན་ངག་ཀུན་ཏུ་སྤྱོད་པའི་བསྡུས་དོན།

༼ཉ༽

༄༅། །བཤད་ཐབས་ཀྱི་མན་ངག་ཀུན་ཏུ་སྤྱོད་པའི་བསྡུས་དོན་བཞུགས།།

༄༅། །བླ་མ་རྗེ་བཙུན་རིན་ཆེན་ལྟ་བུ་དང༌། །ཆོས་སྐུའི་སྣང་བ་རྣམ་གསུམ་མཁའ་འགྲོ་དང༌། །ཀུན་སྤྱོད་གསུམ་སྟོན་གཞུང་གི་ཚོགས་རྣམས་ལ། །གུས་པས་བཏུད་ནས་རྒྱུད་དོན་ཅུང་ཟད་བྲི། །དེ་ལ་དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པ་སྙིགས་མ་ལྔ་ལྡན་གྱི་སེམས་ཅན་ལ་མཁོ་བའི་ཡན་ལག་ཏུ་མ་གྱུར་པས་བདེ་མཆོག་ཉུང་དུ་གསུངས་ལ། དོན་དེ་ཡང་དོན་རྒྱས་པར་གཞུང་ཉུང་བས་དཀའ་བའི་གནས་ལ་བཤད་པའི་རྒྱུད་ལྔ་གསུངས་པ་ལས་འདིར་ཆོ་གའི་ཡན་ལག་གཙོར་སྟོན་པའི་རྒྱུད་དོ། །དེ་ལ་ཡང་རྟོག་པ་དྲུག་ཅུ་རྩ་བཞི་བཞུགས་པ་ལས། རྟོག་པ་ཉི་ཤུ་རྩ་གཅིག་པས་འཁོར་ལོ་གསུམ་བཀོད་པའི་རྟོག་པ་འདི་སློབ་དཔོན་ལཱུ་ཧི་པའི་མངོན་པར་རྟོགས་པ་ལུང་བསྟན་པའི་ཕྱིར་སྟོན་པའོ། །དེ་ལ་ཕྱག་འཚལ་བ་ནི་དེ་འདོན་པའི་དུས་སུ་བླ་མ་དངོས་སུ་བཞུགས་ན་གནང་བ་ཞུ་བ་ལས། མི་བཞུགས་ཀྱང་ཕྱག་བཙལ་ནས་གནང་བ་ཞུས་ནས་སྟོན་པའོ། །རྒྱུད་ཀྱི་དོན་ལ་གསུམ་སྟེ། མཚམས་སྦྱར་བའི་སྒོ་ནས་དགོས་འབྲེལ་བསྟན་པ་དང༌། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་མཚམས་སྦྱར་བ་ནི། དེ་ནས་ཞེས་པ་རྟོག་པ་ཉི་ཤུ་པ་རིག་འཛིན་གྲུབ་པའི་རྟོག་པ་སོང་བ་དེ་ནས་སོ། །གཞན་ཡང་བཤད་པ་ན་འཁོར་ལོ་གསུམ་བཀོད་པའི་རྟོག་པའོ། །ཀུན་ཏུ་སྤྱོད་པ་ནི། ཕྱི་དང་ལུས་དང་རྫོགས་པའི་ཀུན་ཏུ་སྤྱོད་པ་གསུམ་སྟེ་བརྗོད་བྱའོ། །དེ་རྟོགས་པའི་དགོས་པ་འབྲེལ་པ་ནི་མ་བཤད་ན་མི་རྟོགས་ལ་བཤད་ན་རྟོག་པར་འབྲེལ་ལོ། །འཁོར་ལོ་གསུམ་བདག་འདིས་སྒྲོལ་བྱེད། དགོས་པའི་དགོས་པ་སྟེ། དེ་ཡང་སྒྲོལ་བྱེད་ཀྱི་གཙོ་བོ་ཡིན་པས་འཁོར་ལོ་གསུམ་སྨོས་ཀྱི་དོན་གྱིས་ན་ཀུན་སྤྱོད་གསུམ་ཀས་ཀྱང་སྒྲོལ་ལོ། །སྒྲོལ་བྱེད་ཀྱི་ལམ་བཤད་པ་ནི། རྣལ་འབྱོར་ལམ་ཞེས་པ་ཀུན་སྤྱོད་གསུམ་གྱིས་སོ། །ལུས་རྣམ་པར་གཞག་པ་ལ་གསུམ། རྒྱུད་ཇི་ལྟར་གནས་པ་བསྟན་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་བསྟན་པ་དང༌། དེའི་འབྲས་བུ་ཐུན་མོང་གི་ཀུན་སྤྱོད་བསྟན་པའོ། །དེ་ལ་དང་པོ་ནི། ལུགས་འབྱུང་སྟེ་ལྷ་གཡས་སྐོར། ལུགས་བཟློག་སྟེ་གཡོན་སྐོར་དུ་གནས་པ་དང༌། ཡང་ཉུང་ངུའི་དབང་དུ་བྱས་ནས་ལྷ་དང་སྔགས་དང་མངོན་པར་རྟོགས་པ་ལ་སོགས་པ་ལུགས་འབྱུང་དང་ལུགས་བཟློག་ཏུ་གནས་པ་ལ། བཤད་པའི་རྒྱུད་འདིར་ཀུན་སྤྱོད་ལ་སོགས་པ་གསུམ་ལ་བསྟན་བཤད་སོ་སོར་བཤད་པ་གསུམ་བརྡས་བསྟན་ནས་གནས་པའོ། །ཐུན་མོང་མ་ཡིན་པའི་ལམ་འདིར་ལམ་རྫོགས་པར་བྱེད་པའི་ཡན་ལག་ཀྱང་ཤུགས་ལ་བསྟན་ཏོ། །ཐུན་མོང་གི་ཀུན་སྤྱོད་ནི་ལམ་ལ་ཐེ་ཚོམ་ཟ་བའམ། ལམ་ལོག་པར་ཞེན་པ་སྤང་བ་དང༌། ལྷ་ལ་ཞེན་པ་སྤང་བ་དང༌། རྩ་དབུ་མའི་ཉམས་མྱོང་ལ་བརྩི་བ་དང་གསུམ་མོ། །ཡན་ལག་རྒྱས་པར་བཤད་པ་ནི། རྒྱུད་རྣམས་ཀྱི་དོན་གྱིས་མངོན་པར་རྟོགས་པ་བསྡུ་བ་ནི། བླ་མ་དམ་པའི་དོན་བསྡུས་ཀྱི་ཡིག་ཆུང་ལས་གསལ་བར་གསུངས་པ་དེ་ལ་དང་པོ་དེ་ནས་ཞེས་པ་ནས་བཟུང་ནས་ལེའུ་དང་པོ་རྫོགས་པའི་བར་གྱིས་ཀུན་སྤྱོད་གསུམ་གྱི་སྔོན་དུ་འགྲོ་བའི་ཡན་ལག་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷར་བསྒོམ་པ་བསྟན་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཅེས་པས་རྟེན་གྱི་གང་ཟག་ཀྱང་བསྟན་ལ། དེ་ནས་ཚད་མེད་བཞི་ཨ་བྷི་དྷ་ནར་གསུངས་པས་དེ་ལ་ལྟོས་ལ། ཕུང་པོ་ལ་སོགས་པ་ལྷར་བྱས་པའི་དགོས་པ་ལཱུ་ཧི་པའི་བཞིན་འདིར་ཡང་གསུངས་སོ། །དེ་ལ་ཚད་ལེའུ་གཉིས་པས་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྟན། དགོས་པ་གསུམ་གྱིས་ཀུན་སྤྱོད་གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག་གོ །ལེའུ་གསུམ་པས་དེ་ཉིད་ལྷ་དང་སྦྱར་བ་སྟེ་དགོས་པ་གསུམ་གྱི་ཕྱི་ལུས་ཀྱི་ཀུན་སྤྱོད་ཀྱི་ཡན་ལག་གོ །ལེའུ་བཞི་པས་ཁམས་ཀྱི་དག་པ་བསྟན་ཏེ་རྫོགས་པ་བསྒོམས་ནས་ཀྱང་དཀྱིལ་འཁོར་ད་ལྟ་ནས་རིམ་གྱིས་གསལ་བཏབ་པའི་རྗེས་ལ་བྱེད་པས་གསུམ་ཀའི་ཡན་ལག་ཡིན་ལ། མ་བསྒོམས་ན་དཀྱིལ་འཁོར་མ་བསྡུས་པར་བྱེད་པར་བཞེད་དོ། །དཱ་རི་ཀ་པ་ནི་མཉམ་གཞག་རང་དུ་བཞེད་དོ། །ལེའུ་ལྔ་པས་ནི་ཕྱིའི་ཀུན་སྤྱོད་དངོས་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་བསྟན། ལེའུ་དྲུག་པས་ཕྱིའི་ཀུན་སྤྱོད་དང་ལུས་ཀྱི་ཀུན་སྤྱོད་གཉིས་ཀྱི་སྤྱིར་འགོ་བའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྟན་པ་དང༌། ལུས་ཀྱི་ཀུན་སྤྱོད་ཅུང་ཟད་མདོར་བསྟན་པ་དང༌། བསྐྱེད་རིམ་བསྒོམ་པའི་ཕན་ཡོན་བསྟན། ལེའུ་བདུན་པས་ཀུན་སྤྱོད་གཉིས་ཀྱི་ཡན་ལག་གོ་ཆ་བཅིང་བ་བསྟན། ལེའུ་བརྒྱད་པའི་སྟོད་ཀྱིས་ཀུན་སྤྱོད་གཉིས་ཀྱི་ཡན་ལག་ཡེ་ཤེས་གཞུག་པ་བསྟན་ཏེ་གོ་སླའོ། །དེ་ནས་ཀུན་སྤྱོད་གསུམ་རྫོགས་པར་བྱེད་པའི་ཡན་ལག་སངས་རྒྱས་ལ་མཆོད་པར་འགྲོ་བས་གསང་བའི་མཆོད་པ་བསྟན་པ་དང༌། རྫོགས་པ་ལྟར་ན་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པར་འགྲོ་གསུང་ངོ༌། །དེ་ལས་དང་པོ་ལྟར་ན་མངོན་རྟོགས་ནས་གསང་སྔགས་བདུད་རྩི་མཉེས་མཆོད་གསུམ་གྱིས་མཆོད་པའི་རྗེས་ལ་ཡུམ་གྱི་མཁའ་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པར་བསྐྱེད། བྷྲཱུྃ་སེར་པོ་ལས་གེ་སར་གྱི་སྟེང་དུ་བྷྱྃ་སེར་པོས་མཚན་པ། ཡབ་ཀྱི་རྡོ་རྗེ་མི་དམིགས་པ་ལས་རྡོ་རྗེ། བྷྱྃ་ལས་ནོར་བུ་དམར་སྐྱ་བུ་གར་ཡང་བྷྱྃ་སེར་པོས་མཚན་པའོ། །ཡུམ་གྱི་ལྟེ་བར་ཡབ་ཀྱི་སྙིང་པོ་དང་སྙིང་གར་ཉེ་སྙིང༌། མགྲིན་པར་ཡུམ་གྱི་སྙིང་པོ་དང༌། དཔྲལ་བར་ཉེ་སྙིང༌། ཡབ་ཀྱི་ལྟེ་བར་ཡུམ་གྱི་སྙིང་པོ་དང་སྙིང་གར་ཉེ་སྙིང༌། མགྲིན་པར་ཡབ་ཀྱི་སྙིང་པོ་དང་དཔྲལ་བར་ཉེ་སྙིང༌། ཡབ་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། བརླ་གཉིས་ལ་ཧྭ་དགོད། ཡུམ་གྱི་གནས་ལྔར་ཡང་རིམ་པ་བཞིན། ལྃ་མྃ་པྃ་ཏཱྃ་ཧྃ་རྣམས་བཀོད་ལ་དེ་རྣམས་སོ་སོ་ཁ་སྦྱོར་དུ་འགྱུར་ཞིང༌། འོད་ཟེར་ཕན་ཚུན་དུ་འཕྲོ་བར་བསམ་ཞིང་སྙོམས་པར་ཞུགས་པས་བདག་ལ་བདེ་བ་སྐྱེས་ཞིང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བདེ་བ་སྐྱེས་པར་བསམ་མོ། །རྫོགས་པ་ལ་ཡང་གནས་ལྔ་བྱིན་གྱིས་བརླབས་པ་ལ་སོགས་པ་ཐམས་ཅད་ཚུལ་དང་མཐུན་ལ་དགའ་བ་བཞི་སྐྱེ་བའོ། །དེ་ཡང་གཟུགས་ལ་བལྟ་བ་ནས་འཁྱུད་པའི་བར་དུ་སྐྱེ་ལ། དེ་བདེ་བའི་ཉམས་ཆུང་བས་བྱ་བ་མང་བས་དཔལ་བོ་དང་ཆོས་མཐུན། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ཞིང་དྷྱྃ་དང་བྷྱྃ་འཐབ་པར་དྲན་པའི་དུས་སུ་བདེ་བའི་ཉམས་ཆེ་བས་མཆོག་དགའ། ཚོར་བ་བདེ་བ་རགས་པ་སྐྱེ་བས་རེག་པ་བདེ་བའོ། །བྱ་བ་ཉུང་བས་བུད་མེད་དང་ཆོས་མཐུན། ཅུང་ཟད་དྲུད་པར་དྲན་ཞིང་བྷྱྃ་གིས་དྷྱྃ་ཕུལ་བ་དྲན་པའི་དུས་སུ་བདེ་བ་ཅུང་ཟད་མི་རྟོག་པ་དང་བཅས་པས་རབ་ཏུ་དགའ་བ་མི་རྟོག་པ་བདེ་བ། དེ་ནས་ཐིག་ལེ་དཀར་དམར་གཉིས་ཀླད་ཀོར་གཉིས་སུ་ཕེབས་པར་དྲན་པའི་དཔེའི་ཡེ་ཤེས་ཏེ་དེ་བདེ་བའི་ཐབས་ནི་ཀུན་རིག་པའོ་ཞེས་པས་བསྟན་ནོ། །དེ་གོམས་པ་ལས་དོན་དུ་འགྱུར་བ་ནི་ལྷ་ཡུལ་ཅེས་པ་རྐང་པ་གསུམ་གྱིས་བསྟན་ལ། དེས་བསྐྱེད་པ་ལྟར་ན་ལུས་ཀྱི་དཀྱིལ་འཁོར་ཡང་བསྟན་ཏོ། །ལེའུ་དགུ་པས་སྤྲུལ་སྐུ་དང་ལོངས་སྐུ་མཚམས་སྦྱར་བ་བསྟན་པ་དང༌། ལོངས་སྐུ་ལམ་དུ་བྱེད་པ་ལུས་ཀྱི་ཀུན་སྤྱོད་བསྟན་པ་དང༌། ཆོས་སྐུ་ལམ་དུ་བྱེད་པ་རྫོགས་པའི་ཀུན་སྤྱོད་ཅུང་ཟད་ཙམ་བསྟན་པ་དང་གསུམ་མོ། །དེ་ཡང་ལུས་ཀྱི་ཀུན་སྤྱོད་དང་རྫོགས་པའི་ཀུན་སྤྱོད་གཉིས་ཀ་འདིར་མདོར་བསྟན་པའི་ཚུལ་ཡིན་ལ། ལོངས་སྐུ་ལམ་དུ་བྱེད་པ་ལུས་ཀྱི་ཀུན་སྤྱོད་ཀྱི་ལྷའི་གནས་ལེའུ་བཅུ་གསུམ་པར་བསྟན་ལ། བཅུ་བདུན་པ་ནས་གནས་རྣམས་སུ་ལྷ་དགོད་པ་བཤད་དོ། །ཆོས་སྐུ་བསྒོམ་པ་རྒྱས་པར་བཤད་པ་ནི་བཅུ་གཉིས་པ་ལས་གསུངས་སོ། །ལེའུ་བཅུ་པས་ནི། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་དང༌། སངས་རྒྱས་ལ་མཆོད་པའི་ཚོགས་དང༌། ལག་མཆོད་དང༌། ཚེས་བཅུའི་བྱ་བ་དང༌། དེ་ལྟར་བྱས་པའི་ཕན་ཡོན་བསྟན་ཏེ། ཀུན་སྤྱོད་གསུམ་རྫོགས་པར་བྱེད་པའི་ཡན་ལག་གོ །ལེའུ་བཅུ་གཅིག་པས་ནི་ཀུན་སྤྱོད་གསུམ་ཀས་རྫོགས་པར་བྱེད་པའི་ཡན་ལག་རྗེས་སྤྱོད་ལ་དག་པ་དྲན་པ་དང༌། སྤྲོས་བཅས་ཀྱི་སྤྱོད་པ་འདོད་པའི་ཡོན་ཏན་ལས་གྲོལ་བར་བསྟན་པ་དང༌། གང་ཟག་གི་ཁྱད་པར་དང༌། བསྒྲུབས་པའི་ཕན་ཡོན་ལ་སོགས་པ་བསྟན་ཏོ། །གང་ཟག་གི་ཁྱད་པར་ལ་གཉིས། ཀུན་སྤྱོད་གསུམ་བསྟན་དུ་མི་རུང་བའི་གང་ཟག་དགག་པའི་སྒོ་ནས་བསྟན་པ་དང༌། ཉམས་སུ་ལེན་པའི་གང་ཟག་སྒྲུབ་པའི་སྒོ་ནས་བསྟན་པའོ། །ལེའུ་བཅུ་གཉིས་པའི་དོན་ལྔར་གནས་ཏེ། རྫོགས་པའི་ཀུན་སྤྱོད་ཆོས་སྐུ་བསྒོམ་པ་རང་གི་སེམས་ཉིད་དུ་ཆོས་ཐམས་ཅད་འཇུག་པར་བསྟན་པ་དང༌། རྫོགས་པའི་ཀུན་སྤྱོད་ཀྱི་སྔོན་དུ་ལྷ་སྐད་ཅིག་གིས་བསྐྱེད་པ་བསྟན་ལ། ལུས་ཀྱི་ཀུན་སྤྱོད་ཀྱི་སྐད་ཅིག་གིས་བསྐྱེད་པར་འགྲོ་བ་དང་གཉིས། དབུགས་དབྱུང་གི་ཁྱད་པར་གྱིས་རྒྱུད་འདི་ཁྱད་པར་དུ་འཕགས་པར་བསྟན་པ་དང་གསུམ། ཨཱ་ལི་ཀཱ་ལིའི་ཆེ་བ་དང་བཞི། རྫོགས་པ་བསྒོམ་པ་དངོས་བསྟན་པའོ། །བཅུ་གསུམ་པ་ལ་དོན་དྲུག་ཏུ་གནས་ཏེ། ལེའུ་དགུ་པར་ལུས་ཀྱི་ཀུན་སྤྱོད་བསྒོམ་པའི་གནས་རྒྱས་པར་བཤད་པའི་ཚུལ་གྱིས་བསྟན་པ་དང༌། བསྟན་བཤད་ཀྱི་ཚུལ་གྱིས་བསྟན་པ་དང༌། བསྟན་བཤད་ཀྱི་ཚུལ་གྱིས་ཀུན་སྤྱོད་གསུམ་སྒོམ་པ་སྐུ་གསུམ་ལམ་དུ་བྱེད་པར་བཤད་པ་དང༌། སྐུ་གསུམ་གྱི་རྒྱུ་ཚོགས་གཉིས་བཤད་པ་དང༌། ཀུན་སྤྱོད་གསུམ་བསྟན་པའི་སྣོད་དང་སྣོད་མ་ཡིན་པའི་གང་ཟག་བཤད་པ་དང༌། རྒྱུད་ཀྱི་ཆེ་བ་བསྟན་པ་དང༌། ལས་ཀྱི་ཚོགས་ཀྱི་གནང་བཀག་བསྟན་པའོ། །བཅུ་བཞི་པས་ཕྱིའི་མཆོད་པ་དང༌། ལག་པའི་མཆོད་པ་བསྟན་ཏེ། འདི་གཉིས་སངས་རྒྱས་ལ་མཆོད་པ་དང༌། དམ་ཚིག་དང་སྡོམ་པ་སྤྱད་པ་གསུམ་ཀར་དུ་འགྲོ་སྟེ། ཀུན་སྤྱོད་གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག་གོ །བཅོ་ལྔ་པས་ཀྱང་ཀུན་སྤྱོད་གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག་ཐུན་མཚམས་ཀྱི་བྱ་བ་དག་པ་དྲན་པ་དང་སྤྱོད་པ་གཉིས་ཀ་སྟོན་ལ། སྤྱོད་པ་ལ་རང་དོན་གྱི་སྤྱོད་པ་དང༌། གཞན་དོན་གྱི་སྤྱོད་པ་གཉིས་ཡིན་ལ། རང་དོན་གྱི་སྤྱོད་པ་ལ་གསུམ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་དོ། །སྤྲོས་བཅས་ལ་གསུམ། ཚོགས་བསག་པར་བྱ་བའི་ཕྱིར་སྤྲོས་བཅས་ཏེ་ཕྱི་མཆོད་ལག་མཆོད་ཚོགས་ཀུན་ཡིན་ཏེ་གོང་དུ་སོང༌། བསྐྱེད་པ་བརྟན་པར་བྱེད་པའི་སྤྲོས་བཅས་ཐུན་མཚམས་སུ་ཨཾ་ག་རག་སྔོན་པོ་གྱོན་རྒྱན་དྲུག་བཏགས་ནས་ལྷའི་རྣལ་འབྱོར་གསལ་འདེབས་པར་བྱེད་པ་ཡིན་ལ། ནུས་པའི་སྤྲོས་བཅས་ཞེས་པ་རིམས་ནད་གཅད་པ་དང༌། ཆར་དབབ་པ་དང༌། བཅད་པ་ལ་སོགས་པའི་དོན་དུ་རྒྱལ་པོ་ལ་སོགས་པས་གསོལ་བ་བཏབ་ནས་བསྙེན་པ་སྔོན་དུ་སོང་བས་ཚོགས་ཀྱི་ཁང་པ་སུམ་རིམ་བྱས་ནས་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་འདྲ་འབག་དུ་ཞུགས། ཚོགས་ཁང་དང་པོར་ཞུགས་ནས་ཆོ་ག་མཛད་པ་ཚོགས་ཁང་བར་མར་རོལ་མོའི་བྱེ་བྲག་ལ་སོགས་པའི་མཆོད་པ་ཐ་མར་ཁ་ཟས་ཀྱི་བྱ་བའི་གཡོས་པ་རྣམས་བཞག་ནས་ཚོགས་བྱས་པའི་སྒོ་ནས་ཕྲིན་ལས་སྒྲུབ་པའོ། །རྫོགས་པ་བརྟན་པར་བྱེད་པའི་སྤྱོད་པ་ལ་གཉིས་ལས། སྤྲོས་མེད་ནི་ཕྱག་རྒྱ་རྣམ་པ་ལྔ་ལ་བླང་དོར་མེད་པར་ལོངས་སྤྱད་པ་ཡིན་ལ། ཤིན་ཏུ་སྤྲོས་མེད་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་འདོད་པའི་ཡོན་ཏན་ལྔ་ལ་ཉམ་ང་བག་ཙམ་མེད་པར་ལོངས་སྤྱད་པའོ། །ཕྱོགས་ལས་རྣམ་པར་རྒྱལ་བ་ནི་གཞན་དོན་དུ་བྱེད་པ་སྟེ། ཉི་ཟླ་རྟིང་པར་འཛིན་པ་དང༌། ཆུ་བོ་གྱེན་ལ་བཟློག་པ་དང༌། ལྷ་དགས་པ་ལ་སོགས་པ་ནུས་པའི་རྡོ་རྗེ་ཐེག་པ་ལ་འཛུད་པ་ལ་སོགས་པ་བྱེད་པའོ། །ལེའུ་བཅུ་དྲུག་པ་བྱ་བའི་རྒྱུད་ལ་སོགས་པ་ཕྱིའི་བྱ་བ་རྣམས་ཀྱིས་མི་འགྲུབ་ཅིང་རྫོགས་པ་བསྒོམས་ན་མཆོག་ཐུན་མོང་གཉིས་ཀའི་དངོས་འགྲུབ་པར་བསྟན་པ་དང༌། མདོ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དང༌། བྱ་སྤྱོད་ཀྱི་རྒྱུད་ལ་སོགས་པ་ལམ་རིང་ཞིང༌། བླ་ན་མེད་པའི་ལམ་ཉེ་བར་བསྟན་པ་དང༌། རྣལ་འབྱོར་མའི་མཚན་པ་ཞེས་པ་ལ་སོགས་པས་སྒྲུབ་པ་པོ་ལ་རྣལ་འབྱོར་མ་བར་ཆད་ཀྱི་ཉམས་སད་པ་བྱུང་ན་གཡོན་ནས་བསྐོར་བ་སྔོན་དུ་འགྲོ་བས་བརྡ་བྱས་ལ་ངོ་ཤེས་པར་བྱ་བ་བསྟན། ཇི་ལྟར་སྔགས་ལ་སོགས་པས་བོང་བུའི་རྣལ་འབྱོར་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་ལས་བཞི་དང༌། སྐྱེ་བ་བདུན་པ་བརྟག་པ་བསྟན་ཏོ། །དེ་ཡང་ལྷ་སོ་བདུན་གྱི་རྣལ་འབྱོར་དང་ལྡན་པས་ཡི་གེ་ཉི་ཤུ་རྩ་གཉིས་པ་ལ་བསྙེན་པ་བྱས་ཏེ། དེ་ནས་ལས་ལ་སྦྱོར་བ་ལ་ཞི་བ་ལ་གྲོ་གའམ་ཤིང་ཤུན་ལ་ལྷ་སོ་བདུན་གྱི་འཁོར་ལོ་ཙནྡན་དཀར་པོའི་ཁུ་བས་ཇི་ལྟ་བ་བཞིན་བྲིས་ལ་ཤར་གྱི་པདྨའི་འདབ་མར་མཁའ་འགྲོ་མ་བོང་བུའི་གདོང་ཅན་བྲི། གཙོ་བོའི་གནས་སུ་སྙིང་པོ་གཉིས་སུ་མེད་པའི་མཐར་ཧཱུྃ་ཕཊ་གྱི་གོང་དུ་ཤཱིནྟིཾ་ཀུ་རུ་བཅུག་པ་བྲི། གནས་གཞན་རྣམས་སུ་རང་རང་གི་སྔགས་གཉིས་སུ་མེད་པ་བྲི། དེ་ནས་རབ་གནས་བྱས་ལ་དེ་འབྲས་ཕུབ་ལས་བྱས་པའི་མཁའ་འགྲོ་མའི་སྙིང་གར་བཅུག་ལ་དེ་ཁམ་ཕོར་ཁ་སྦྱར་དུ་བཅུག་ལ་སྐུད་པ་དཀར་པོས་རྒྱ་གྲམ་དུ་དཀྲིས་ལ་བཞག ཞག་བདུན་དུ་མཆོད་པ་བྱས་ལ། མཆོད་རྟེན་ནམ། དགེ་སློང་གི་ཁང་པའམ། བྲམ་ཟེ་ཐ་མལ་པའི་ཐེམ་པའི་འོག་ཏུ་གཞུག་གོ །དེ་ལྟར་བྱས་ན་གང་ཞི་བར་འདོད་པ་དེ་ཞི་བར་འགྱུར་རོ། །རྒྱས་པ་ལ་གི་ཧྃ་ངམ། གུར་གུམ་གྱིས། དབང་ལ་རྒྱ་སྐྱེགས། དྲག་པོ་ལ་རོ་རས་ལ་ཁྲག་དུག་ལ་སོགས་པས། རྒྱས་པ་ལ་བྱང་དུ་ལཱ་མཱ་བོང་བུའི་གདོང་པ་ཅན། དབང་ལ་ནུབ་ཏུ་དུམ་སྐྱེས་མ། དྲག་པོ་ལ་ལྷོར་གཟུགས་ཅན་མ། འབྲས་ཕུབ་ཀྱི་གཟུགས་དེ་བཞིན་དུ་བསྒྱུར་ལ། སྤེལ་ཚིག་ཀྱང་པུཥྚིཾ་ཀུ་རུ། བ་ཤཾ་ཀུ་རུ། མཱ་ར་ཡ་གཞུག རྒྱས་པ་ལ་ཕྱུགས་ལྷས་དང༌། རྒྱལ་པོ་བསོད་ནམས་ཅན་གྱི་ཁྱིམ་ལ་སོགས་པར། དབང་ལ་ལམ་གྱི་བཞི་མདོ། མངོན་སྤྱོད་ལ་ཤན་པའི་ཁྱིམ་དུ་སྦའོ། །གཞན་ཐམས་ཅད་འགྲེའོ། །སྐྱེ་བ་བདུན་པ་རྟོགས་ན་གཟུགས་བརྙན་ལ་མཁའ་འགྲོ་མ་བྱ། སྣག་ཚས་བྲིས་པས་ཆོག སྤེལ་ཚིག་སྐྱེ་བ་བདུན་པ་སྟོན་ཅིག་ཅེས་པ་བྲི། འབྲས་ཕུབ་ཀྱི་གཟུགས་དེ་ཁ་ནས་འཕོངས་སུ་བུ་ག་ཟང་ངེ་བ་བྱས་ལ་མཁའ་འགྲོ་མ་བོང་བུའི་གདོང་པ་ཅན་དེ་དང་བདག་ཐ་མི་དད་པར་བྱས་ལ་བུ་གའི་ནང་ནས་ཁྲོམ་ཆེན་པོ་ལ་བལྟས་ན་གང་སྐྱེ་བ་བདུན་པ་ཡིན་པ་དེ་ལ་གྲིབ་མ་བདུན་འོང་ངོ༌། །དེ་ལ་བརྟེན་ནས་མཁའ་སྤྱོད་ལ་སོགས་པ་གང་འདོད་པའོ། །ལེའུ་བཅུ་བདུན་པ་དུམ་བུ་བརྒྱད་དུ་གནས་ཏེ། སེམས་ཅན་དོན་ལ་བརྩོན་པར་མཛད། །ཅེས་པའི་བར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བྱུང་ཚུལ་བསྟན་ཏེ། ཆོས་ཀྱི་སྐུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས། དབྱིངས་ཀྱི་ཆ་ལས་ཡུམ་དུ་སྣང་ལ། ཡེ་ཤེས་ཀྱི་ཆ་ལས་ཡབ་ཧེ་རུ་ཀར་སྣང༌། དེ་ལས་དཔའ་བོ་རྣམས། ཡུམ་ཕག་མོ་ལས་དཔའ་མོ་རྣམས་འཕྲུལ་ཏེ། འོག་མིན་ན་བཞུགས་པ་ལོངས་སྐུའི་དབང་དུ་བྱས་པའོ། །དེ་ལས་ཞིང་སྐྱེས་དཔའ་བོ་དང་རྣལ་འབྱོར་མར་སྤྲུལ། དེ་ལས་བློ་སྣང་འབྱུང་སྟེ། ཉི་མ་དང་འོད་ཟེར་དེས་ཕན་འདོགས་པ་ལྟར་རྟོགས་པ་ཡས་འཆར་བར་བསྟན་ཏོ། །ལམ་དུ་བྱེད་པ་ན་མས་བསྲེས་ནས་ལམ་དུ་བྱེད་དོ། །རབ་ཏུ་འབད་དེ་ནས་མི་འགྱུར་བའི་བར་གྱི་གསང་བར་བྱ་བའི་དམ་ཚིག་ཕན་ཡོན་དང་བཅས་པ་བསྟན། འཁོར་བ་ལས་ནི་ཤླཽ་ཀ་གཅིག་གིས་རྒྱུ་ཡིན་པར་བསྟན། སེམས་གནས་གྱུར་ཅེས་པ་ལ་སོགས་པས་འབྲས་བུའི་ཀུན་སྤྱོད་བསྟན་ཏེ། དེ་ལ་ཡང་གསུམ་སྟེ། དེ་ཡང་དམན་པ་ཡི་ནི་མཚན་ཉིད་ཀྱི་བར་གྱིས་མཐར་ཐུག་གི་འབྲས་བུ་མཆོག་གི་དངོས་གྲུབ་འགྲུབ་པར་བསྟན། གང་ཞིག་ལ་སོགས་པས་གནས་སྐབས་ཀྱི་འབྲས་བུ་མཐོ་རིས་ལ་སོགས་པ་འབྱུང་བར་བསྟན། རྣལ་འབྱོར་ནས་ས་སྟེངས་དཀོན་གྱི་བར་གྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་བསྟན་ཏོ། །ཇི་ལྟར་ས་ནས་ལམ་བརྟག །ཅེས་བྱ་བའི་བར་གྱིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་ཀྱི་ཕྱི་པ་རྣམས་ལམ་རིང་བར་བསྟན། དེ་ནས་ཞེས་པ་ལ་སོགས་པས་ལུས་ཀྱི་ཀུན་སྤྱོད་ལེའུ་དགུ་པ་མདོར་བསྟན། བཅུ་གསུམ་པ་ལུས་ཀྱི་ལྷའི་གནས་རྣམས་སུ་རྒྱས་པར་བཤད་པ་དེར་ལྷ་རྣམས་དགོད་པར་བཤད་དོ། །གསང་བའི་སྔགས་ལ་ནས་ཡེ་ཤེས་ཅན་དུ་འགྱུར་གྱིས་སྦ་བར་བྱ་བའི་དམ་ཚིག་བསྲུངས་བའི་ཕན་ཡོན་དང་བཅས་པ་བསྟན་ཏེ་གོང་གི་བསྲུང་བའི་འཕྲོས་ཡིན་གསུང་ངོ༌། །མགུར་ཆུ་ལ་སོགས་པ་བཅུ་གཅིག་པ་དང༌། བཅོ་ལྔ་པར་བསྟན་པའི་སྤྲོས་བཅས་ཀྱི་སྤྱོད་པའི་རྒྱན་བསྟན་ཏོ། །སྤྲོས་བཅས་ཀྱི་སྤྱོད་པའི་ཚུལ་བཞི་ནི་ཡན་ལག་ཅན་ལུས་བརྡ། ཚིག་ཅན་ངག་བརྡ། སྡུད་པ་བསྐྱེད་རིམ་བསྒོམ་པ། སྙིང་སྟོབས་རྒྱན་དྲུག་འདོགས་པའོ། །སྡུད་པའི་ཚུལ་བཤད་པ་ནི། སྡུད་པའི་ཚུལ་ཞེས་པ་ཤླཽ་ཀ་གཅིག་གོ །སྙིང་སྟོབས་ཀྱི་གར་གྱི་གནས་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ཉིད་རྒྱས་པར་བཤད་པ་ལ་བཞི་སྟེ། མི་དབུག་པ་ལ་སོགས་པའོ། །མི་དབུག་པ་རྒྱས་པར་བཤད་པ་ནི་འབེབས་པ་སྟེ། སྤྱི་བོར་འཁོར་ལོ་ལ་དྲྭ་བ་ཚར་ཚར་བྱུང་བའོ། །བཅིང་བ་རྒྱས་པར་བཤད་པ་འཁྱིལ་པ་སྟེ། འཁོར་ལོ་ལ་དྲྭ་བ་འཕྱང་བའོ། །གཞུག་པ་ཞེས་པ་བཤད་པ་དང་པོར་བརྒྱན་ཅེས་པ་སྟེ། སྤྱི་བོའི་འཁོར་ལོ་གསུམ་རྣམས་གཅིག་ཀྱང༌། དེ་བཤད་པ་ནི་ཚངས་སྐུད་དོ། །བསྐྱེད་པ་རྒྱས་པར་བཤད་པ་ནི་རྐང་གདུབ་རྐང་པ་གཉིས་སོ། །སྲོག་ཤིང་ལ་སོགས་པས་རྒྱན་བརྒྱུད་པའི་སྐུད་པ་བསྟན་ཏེ། སྲོག་ཤིང་སྐུད་པ་གཅིག་སྟེ་ཚངས་སྐུད་དོ། །འོག་པགས་བརྒྱད་ནི་སྐ་རགས་སྐུད་པ་བརྒྱད་དོ། །བཅུ་དྲུག་ཅེས་པ་མགུལ་རྒྱན་དང་རྐང་གདུབ་ཀྱི་རྐང་པ་བཅུ་དྲུག་གོ །ཕྲེང་བ་ཉི་ཤུ་རྩ་ལྔ་ནི་ཉིས་ལྡབ་ཏུ་བྱས་པ་ཐོད་པ་ལྔ་བཅུའི་དོ་ཤལ་ལོ།།  ༄༅། །དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་རྟོག་པ་ཉི་ཤུ་རྩ་གཅིག་པ་ཙཀྲ་གསུམ་བཀོད་པའི་རྟོག་པ་ཆོ་གའི་རྒྱུད་ཆུང་འདི་ལ་དཔལ་ནཱ་རོ་པའི་དགོངས་པ་ལེའུ་བཅུ་བདུན་གྱི་དོན་བསྡུ་ན། གསུམ་དུ་བསྡུ་བ་དང༌། བཞིར་བསྡུ་བ་དང༌། མདོར་བསྡུ་ན་དབུགས་དབྱུང་གཉིས་སུ་བསྡུ་བ་གསུམ་དུ་གསུངས། དེ་ལ་དང་པོའི་དབང་དུ་བྱས་ན། ལམ་གྱི་ཀུན་ཏུ་སྤྱོད་པ་དེ་རྫོགས་པར་བྱེད་པའི་ཡན་ལག་འབྲས་བུའི་ཀུན་ཏུ་སྤྱོད་པ་སྟེ་གསུམ་མོ། །བཞིར་བྱེད་ན་གསུམ་པོ་དེའི་སྟེང་དུ་ཉམས་སུ་ལེན་པའི་གང་ཟག་གི་ཁྱད་པར་བསྣན་པས་བཞིའོ། །གཉིས་སུ་བསྡུ་ན། དེ་བཞིན་གཤེགས་པའི་དབུགས་དབྱུང་དང༌། རྡོ་རྗེ་འཆང་གི་དབུགས་དབྱུང་ངོ༌། །དེ་དག་ནི་རྒྱུད་བཤད་ཐབས་ཀྱི་མན་ངག་བཞི་དགོད་པ་ཙམ་ནི། དེ་ལ་དོན་བཞིར་བསྡུས་པའི་དབང་དུ་བྱས་པས་ཐམས་ཅད་ཤེས་པ་ཡིན་ནོ། །དང་པོ་རྟེན་གྱི་གང་ཟག་ལ་གཉིས། ཀུན་སྤྱོད་ཉམས་སུ་བླང་དུ་མི་རུང་བའི་གང་ཟག་གི་མཚན་ཉིད་དགག་པའི་སྒོ་ནས་བསྟན་པ་དང༌། ཉམས་སུ་ལེན་པའི་གང་ཟག་གི་མཚན་ཉིད་སྒྲུབ་པའི་སྒོ་ནས་བསྟན་པའོ། །དེ་ལ་གསུམ། མ་དག་པ། དག་པ། འདྲེས་པའོ། །ལམ་གྱི་ཀུན་ཏུ་སྤྱོད་པ་ལ་གསུམ། ཕྱིའི་ཀུན་སྤྱོད་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་སྤྲུལ་པའི་སྐུ་ལམ་དུ་བྱེད་པ་དང༌། ལུས་ཀྱི་ཀུན་ཏུ་སྤྱོད་པའི་ཡི་གེ་ཉི་ཤུ་རྩ་བཞི་གཙོ་བོར་གྱུར་པའི་ལུས་ལ་ལྷ་སུམ་ཅུ་རྩ་བདུན་རྫོགས་པར་དགོད་པ་ལོངས་སྐུ་ལམ་དུ་བྱེད་པ་དང༌། རྫོགས་པའི་ཀུན་ཏུ་སྤྱོད་པ་རྫོགས་པའི་རིམ་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་སྒོམ་པ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའོ། །དེ་རྫོགས་པར་བྱེད་པའི་ཡན་ལག་ལ་གཉིས། ཀུན་ཏུ་སྤྱོད་པ་དང་པོ་གཉིས་རྫོགས་པར་བྱེད་པའི་ཡན་ལག་གོ །དང་པོ་ལ་བཞི། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷའི་ང་རྒྱལ་དུ་བསྒོམ་པ་དང༌། ཚོགས་བསག་པ། གོ་ཆ་བཅིང་ཞིང་ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་བརྟན་པར་བྱ་བའོ། །གསུམ་ཀ་རྫོགས་པར་བྱེད་པའི་ཡན་ལག་ལ་དྲུག་སྟེ། སངས་རྒྱས་ལ་མཆོད་པ། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ། བརྟུལ་ཞུགས་ཀྱི་སྤྱོད་པ། དམ་ཚིག་དང་སྡོམ་པའི་ཁྱད་པར། ཐུན་མོང་གི་ཀུན་ཏུ་སྤྱོད་པ། དག་པ་དྲན་པར་བྱའོ། །དང་པོ་ལ་གསུམ། སྔགས་ཀྱི་མཆོད་པ། གསང་བའི་མཆོད་པ། བདུད་རྩི་ལྔ་དང༌། འདོད་ཡོན་གྱི་མཆོད་པའོ། །གཉིས་པ་ལ་དབྱེ་བ་མེད། གསུམ་པ་ལ་སྤྱོད་པ་ལ་གཉིས། རང་དོན་གྱི་སྤྱོད་པ་དང༌། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའོ། །དང་པོ་ལ་གསུམ། བསྐྱེད་རིམ་བརྟན་པར་བྱེད་པའི་སྤྲོས་བཅས་དང༌། རྫོགས་པ་བརྟན་པར་བྱེད་པའི་སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དོ། །བཞི་པ་དམ་ཚིག་དང་སྡོམ་པ་ལ་གཉིས། བཟའ་བ་དང༌། བསྲུང་བ་དང༌། ཡང་གཉིས་རྒྱུན་གྱི་བྱ་བ་གཡོན་གྱི་ཀུན་ཏུ་སྤྱོད་པ་ལ་སོགས་པ་དང༌། དུས་ཁྱད་པར་ཅན་ཚེས་བཅུའི་མཆོད་པ་སྟེ། མདོར་ན་ཕྱིའི་མཆོད་པ། ལག་པའི་མཆོད་པ། ཚོགས་ལོངས་སྤྱོད་པ་གསུམ་མོ། །འདི་ནི་སངས་རྒྱས་ལ་མཆོད་པའི་ཕྱོགས་སུ་ཡང་བསྡུའོ། །ལྔ་བ་ཐུན་མོང་གི་ཀུན་ཏུ་སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་ནི། དགོས་པ་གསུམ་གྱི་ཀུན་སྤྱོད་གསུམ་སྐུ་གསུམ་ལམ་དུ་བྱེད་པའི་གསུམ་ཀ་དང་འབྲེལ་པ་ཡིན་ནོ། །དྲུག་པ་ཐུན་མཚམས་ཀྱི་བྱ་བ་ནི། དག་པ་རྗེས་སུ་དྲན་པ་ཚོམ་ངམ་སྔགས་ཀྱིས་བསྲུང་བ། སྤྱོད་ལམ་ལྷའི་རྒྱལ་གྱིས་ཡུལ་ལོངས་སྤྱད་ལ། ཟས་ཀྱི་རྣལ་འབྱོར། ཉལ་བ་དང་ལྡང་བའི་རྣལ་འབྱོར་ཡང་ཤེས་པར་བྱའོ། །སྤྱི་དོན་བཞི་པ་འབྲས་བུའི་ཕན་ཡོན་ནི། མཆོག་གི་ཐུན་མོང་གི་འབྲས་བུ་གཉིས་སམ། ཐུན་མོང༌། མཆོག ཕྱག་རྒྱ་ཆེན་པོ་མཆོག་ཅེས་བྱ་བ་གསུམ་དུ་ཤེས་པར་བྱའོ། །དེ་དག་གིས་ནི་དོན་མ་ལུས་པར་གཏན་ལ་ཕབ་བོ། །ལེའུ་གང་ནས་གང་འབྱུང་བ་ནི་འདི་ཉིད་ཀྱིས་ཤེས་པའི་ཕྱིར་ཞིབ་ཏུ་མ་བྲིས་སོ། །བཤད་ཐབས་ཀྱི་མན་ངག་ཀུན་ཏུ་སྤྱོད་པའི་བསྡུས་དོན། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་རྫོགས་སོ།། །།མངྒ་ལཾ། བྷ་ཝནྟུ།། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*