ཀུ་རུ་ཀུལླེའི་སྒྲུབ་ཐབས།

༼ཉ༽

༄༅། །ཀུ་རུ་ཀུལླེའི་སྒྲུབ་ཐབས་བཞུགས།། 

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ལ་དོན་གཉིས་ཏེ། བསྙེན་པ་དང༌། སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཚོགས་གཉིས་བསགས་པ་དང༌། ལྷ་བསྐྱེད་དེ་སྔགས་བཟླས་པའོ། །དང་པོ་ཚོགས་བསགས་པ་ལ་ཡང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས། སྔོན་དུ་ཚོགས་ཀྱི་ཞིང་སྤྱན་དྲང་བ་དང༌། ཡན་ལག་བདུན་པ་བྱ་བ་དང༌། ཚད་མེད་པ་བཞི་བསྒོམ་པའོ། །དང་པོ་ནི། རང་སྐད་ཅིག་གིས་ཀུ་རུ་ཀུལླེར་མོས་པའི་ཐུགས་ཀར་ཟླ་བ་ལ་ཧྲཱིཿབསམས་པ་ལས། འོད་འཕྲོས་པས་བླ་མས་སྟེང་གི་ཆ་ལ་བཞུགས་པའི་ཀུ་རུ་ཀུལླེར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས་ལ། ཕྱག་དང་མཆོད་པ་སྔོན་དུ་འགྲོ་བའི་བདུན་རྣམ་དག་བྱའོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ལ་དམིགས་ཏེ། བྱམས་པ་ལ་སོགས་པ་བཞི་བསྒོམ་མོ། །ཡེ་ཤེས་ཀྱི་ཚོགས་ནི། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པར་བྱའོ། །གཉིས་པ་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས། པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ། རོ་མགོ་ཐུར་དུ་བསྟན་པའི་སྟེང་དུ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ཨུཏྤལ་དམར་པོ་ཧྲཱིཿས་མཚན་པ་ལས་འོད་འཕྲོས་པས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད། ཚུར་འདུས་པ་ཧྲཱིཿས་མཚན་པ་ལ་ཐིམ། དེ་ལས་བདག་ཉིད་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་པ། གཡས་འོག་མས་ལྕགས་ཀྱུ། གཡོན་འོག་མས་ཨུཏྤ་ལ་འཛིན་པ། དབུས་སྐྲ་ཁམ་པ་གྱེན་དུ་བརྫེས་པ། སྤྱན་གསུམ་པ། རཏྣ་དང་རུས་པའི་རྒྱན་གྱིས་བརྒྱན་པ། མི་མགོའི་དོ་ཤལ་ཅན་ཞི་ཁྲོའི་རྣམ་པ་ཅན། ཞབས་གཡོན་བརྐྱང་པའི་བརླ་ལ་གཡས་པའི་བྲང་བ་གཏད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་མ། མེ་རེ་འབར་བའི་དབུས་ན་བཞུགས་པར་བསྒོམ། དེ་ལྟར་དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་གཞུག་པ་ནི། སྙིང་གར་ཉི་མའི་སྟེང་དུ་ཧྲཱིཿབསམ། དེ་ལས་འོད་འཕྲོས་པས་འོག་མིན་ནས་ཀུ་རུ་ཀུལླེ་སྤྱན་དྲངས་པ་ལ་མཆོད་དེ། ཛཿཧཱུྃ་བྃ་ཧོཿས་རང་ལ་བསྟིམ། དེ་ནས་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་བསམས་ལ། དེ་ནས་སྙིང་གའི་ཧྲཱིཿལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་མཆོད་དེ། ཁྱོད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སརྦ་ཏ་ཐཱ་ག་ཏས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། ལུས་ཐམས་ཅད་བདུད་རྩིས་གང༌། ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་མོ། །གཉིས་པ་གསང་སྔགས་བཟླས་པ་ནི། ཐུགས་ཀའི་ཧྲཱིཿལ་སྔགས་གཡས་སྐོར་དུ་བསམས་པ་ལ་ཐུགས་གཏད་དེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བ་བཟླས་ཏེ། དེ་ཡང་འབུམ་ཕྲག་བཅུ་ལ་སོགས་པ་བཟླས་པར་བྱའོ། །སྤྱིར་བསྙེན་པ་ལ་དུས་ཀྱི་བསྙེན་པ་ཟླ་བ་དྲུག གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཅུ། མཚན་མའི་བསྙེན་པ་གྲུབ་རྟགས་བྱུང་བའོ། །བསྙེན་པ་བསྟན་ཟིན་ཏོ།།  །།དེ་ལྟར་བསྙེན་པ་སྔོན་དུ་སོང་ནས། གཉིས་པ་སྒྲུབ་ཅིང་ལས་ལ་སྦྱར་བ་ལ་གསུམ་སྟེ། འཁོར་ལོ་ལ་བརྟེན་ཏེ་སྒྲུབ་པ། མཎྜལ་ལ་བརྟེན་ནས་སྒྲུབ་པ། རྫས་སྦྱོར་ལ་བརྟེན་ཏེ་སྒྲུབ་པའོ། །དང་པོ་ཙཀྲ་ནི་གཞི་ཤོག་བུའམ། རས་སམ། གྲོ་ག་ལ་སྐྱེས་པ་དབང་དུ་བྱེད་ན་གུར་གུམ་མམ་གི་ཧཾ། བུད་མེད་ལ་ཙནྡན་དམར་པོའམ་རྒྱ་སྐྱེགས་ཀྱིས་བྲི་བར་བྱའོ། །ཙཀྲ་རྩིབས་བརྒྱད་ལྟེ་བར་མུ་ཁྱུད་དང་བཅས་པ་བྲིས་ལ། ལྟེ་བར་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོ། ཞེས་པ་བྲི། རྩིབས་བརྒྱད་ལ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་པ་གཡས་སྐོར་དུ་བྲི། མུ་ཁྱུད་ཕྱི་མ་ལ་ཨཱ་ལི་ཀཱ་ལི་བྲི། ཡི་གེ་ཐམས་ཅད་དམར་པོར་བྲི་བར་བྱའོ། །དེ་ནས་རབ་གནས་ནི་མཆོད་པ་ལྔ་བཤམས་ལ་རང་ལྷར་བསམས་ནས། འཁོར་ལོ་སྟོང་པའི་ངང་ལས་བྲིས་པ་ལྟར་བློས་ཇི་ལྟ་བར་བསྐྱེད་ལ་སྙིང་གའི་ས་བོན་གྱི་འོད་ཀྱིས་ཙཀྲ་དེ་འདྲ་བ་སྤྱན་དྲངས་ལ་མཆོད་ནས་བསྟིམ་སྟེ། མེ་ཏོག་ལ་ཡེ་དྷརྨཱ་བརྒྱ་རྩ་བརྒྱད་བཟླས་པས། གཏོར་བས་གཉིས་སུ་མེད་པར་བསམས་ལ། དེ་ལེགས་པར་གྲིལ་བ་སྲད་བུ་དམར་པོས་བཅིངས་ལ་ལུས་ལ་གདགས་སོ། །དེ་ནས་ཙཀྲ་དང་ལྡན་པས་སྔགས་སྤེལ་ཚིག་ཅན་བཟླས་ན་ཇི་ལྟ་བ་བཞིན་འབྱུང་བར་འགྱུར་རོ། །དེ་ནས་མཎྜལ་ལ་བརྟེན་ནས་སྒྲུབ་པ་ནི། དབེན་པའི་གནས་སུ་མཎྜལ་དམར་པོས་བྱུགས་ལ། དེར་ཚོམ་བུ་ལྔ་བཀོད། པཱུ་ཛ་ལྔ་བཤམ། གཏོར་མ་དམར་པོ་གཅིག་བཤམ། སྔར་བཞིན་ཚོགས་གཉིས་བསགས་པ་ནས་བརྩམས་ཏེ། དབང་བསྐུར་ཏེ་རིགས་བདག་གི་རྒྱས་གདབ་པའི་བར་དུ་བྱས་ལ། དེ་ནས་འདིའི་ཁྱད་པར་ནི། རང་གི་སྙིང་ག་ནས་ཧྲཱིཿལས་སྒྲོལ་མ་ཀུ་རུ་ཀུལླེ་དཔག་ཏུ་མེད་པ་སྤྲོས་ཏེ། རཱ་ཛ་ལ་སོགས་པ་གང་དབང་དུ་བྱེད་པ་དེའི་སྙིང་ག་ནས་ལྕགས་ཀྱུས་ཕུག མགྲིན་པ་ནས་ཨུཏྤ་ལའི་ཞགས་པས་བཅིངས་ཏེ། མདུན་གྱི་མཎྜལ་གྱི་སྟེང་དུ་བདག་ལ་གུས་པའི་བསམས་པས་གན་རྐྱལ་དུ་འགྱེལ་བར་བསམས་ལ། དེ་འགུགས་བྱེད་ཀྱི་ལྷ་མོ་རྣམས་ཀྱིས་བསྐོར་བར་བསམ། བསྒྲུབ་བྱ་ཕོའི་སྙིང་ག་དང་མོའི་གསང་གནས་ནས་ལྕགས་ཀྱུས་བཏབ་པར་བསམ་ཞིང༌། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོ། ཞེས་བཟླས་ན་དབང་དུ་འགྱུར་རོ། །རྫས་ལ་བརྟེན་པ་ནི། ལྟོ་བའི་སྲིན་བུ་ཀ་རི་ཀ རྡོ་རྗེ་ཆོས། རྡོ་རྗེ་ཉི་མ་དང་སྦྱར་བའི་འབྲས་སཱ་ལུ་ལས་ཁུ་བ་བྱས་པ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་བཏབ་པ་བུ་མོ་ལ་བྱིན་ན་སྦྱོར་བ་མཆོག་ཏུ་འགྱུར་ཏེ། ཁྲོས་པའང་དབང་དུ་འགྱུར་རོ། །དེའི་དུས་སུ་རང་ཉིད་གོས་དམར་པོ་གྱོན་ཏེ་མྱོས་བྱེད་ཀྱི་འབྲས་བུ་ཟ་ཞིང༌། དཔྲལ་བར་པ་ལ་ཀྵའི་ཐིག་ལེ་བྱས་ལ། རྗེ་བཙུན་མའི་ང་རྒྱལ་གྱིས་སྔགས་མིང་སྤེལ་དང་བཅས་པ་བཟླས་ན་འགྲུབ་པར་འགྱུར་རོ། །ཡང་ན་རང་ཉིད་མྱོས་བྱེད་ཀྱི་འབྲས་བུ་སོའུ་ཛ་ཟ་ཞིང༌། དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་ཉིན། ཙཀྲ་དང་ལྡན་པས་སྔགས་བཟླས་པས་འགྲུབ་པར་འགྱུར་རོ། །གལ་ཏེ་གྲུབ་ནས་བཏང་བར་འདོད་ན། ཙཀྲ་བཞག་ལ་ཆེ་གེ་མོ་བཅིངས་པ་ལས་གྲོལ་བར་གྱུར་ཅིག ཅེས་བྲིས་ལ་ནེའུ་ལེའི་ཁུད་དུ་སྦས་ནས་ཙཀྲ་མེད་པར་བྱས་ཏེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་བཅིངས་པ་ལས་གྲོལ་བར་གྱུར་ཅིག་སྭཱ་ཧཱ། ཞེས་སྤེལ་ཚིག་དང་བཅས་པ་བཟླས་ན་གྲོལ་བར་འགྱུར་རོ། །སྒྲུབ་པ་བསྟན་ཟིན་ཏོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས། ཐེག་པ་མཆོག་གི་རྣལ་འབྱོར་པ་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན། 2

  1. ད་རིང་དྲ་ལམ་གྱི་ཐོགས་ནས་དེ་ལྟ་བུ་མཇལ་རྒྱུ་བྱུང་བ་ནི་ཤིན་ཏུ་དགའ་ཚོར་ཆེན་པོ་བྱུང་། སླད་ནས་ཀྱང་མུ་མཐུད་ནས་ཡིག་ཆ་གཞན་མང་པོ་ཞིག་དྲ་རྒྱ་ཐོགས་མཇལ་རྒྱུ་བྱུང་ཡས་ཀྱི་ཡིད་ཆེས་ཡོད།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*