ཚོགས་འཁོར་འབྲིང་པོ།

༼ཇ༽

༄༅། །ཚོགས་འཁོར་འབྲིང་པོ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷིཾ། ཡོན་ཏན་རིན་ཆེན་སྐྱེད་བྱེད་སྤྲོས་བྲལ་བའི། །བླ་མའི་ཞབས་ཀྱི་པད་ལ་གུས་པས་འདུད། །ཐབས་དང་ཤེས་རབ་གཉིས་མེད་བདག་ཉིད་ཅན། །ཀྱེའི་རྡོ་རྗེ་ལའང་གུས་པར་རབ་བཏུད་དེ། །བསོད་ནམས་བསག་འདོད་རྟེན་གྱི་གང་ཟག་གིས། །ལག་ཏུ་བླང་བའི་རིམ་པ་རབ་ཏུ་དབྱེ། །དེ་ལ་སངས་རྒྱས་ཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཐོབ་འགྱུར། །དེ་ཕྱིར་རྟག་ཏུ་ཚོགས་བསག་བྱ། །ཡེ་ཤེས་མངོན་པར་རྟོགས་པ་སྟེ། །བསོད་ནམས་རྣམ་པ་མང་ཡོད་ཀྱང༌། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །འདོད་ཡོན་ལྔ་སྤྱོད་བླ་ན་མེད། །ཅེས་ཌོཾ་བི་བས་གསུངས་སོ། །དེ་ལ་མངོན་པར་རྟོགས་པ་ནི་ལྔ་སྟེ། དུས་དང༌། གནས་དང༌། ཡོ་བྱད་དང༌། ཆོ་ག་དང༌། དགོས་པའོ། །དང་པོ་ནི། ཡར་ངོའི་བརྒྱད་དང་བཅུ་བཞི་དང༌། །བཅོ་ལྔ་ལ་ནི་རབ་ཏུ་བསྔགས། །མར་ངོའམ་དེ་བཞིན་དུས་གསུམ་སྟེ། །ཟླ་གཅིག་དག་ལ་དུས་དྲུག་ནི། །ཁྱད་པར་རྟག་ཏུའང་གསུངས་པ་སྟེ། །སྤྱི་དང་ཁྱད་པར་ཤེས་པར་བྱ། །གཞན་ཡང༌། སྔགས་པས་ནུབ་མོ་ཁྱད་པར་དུས། །ཉི་མ་རེ་རེའམ་ཇི་སྙེད་པར། །ཟླ་བ་རེ་རེའམ་ལོ་རེ་ལ། །དེ་མ་བྱས་ན་དམ་ཚིག་ཉམས། །ཞེས་སོ། །གནས་ནི། དུར་ཁྲོད་ཤིང་གཅིག་སྐྱེད་མོས་ཚལ། །ཀུན་དགའ་རྭ་བ་ཆུ་བོའི་ངོགས། །རི་སུལ་འཚེ་བ་མེད་པའམ། །རང་གི་ཁྱིམ་སོགས་གནས་རྣམས་སོ། །ཡོ་བྱད་ནི། ས་གཞི་བ་ཡི་རྣམ་ལྔས་བྱུག །མེ་ཏོག་དྲི་ཞིམ་སྣ་ཚོགས་དགྲམ། །མཆོད་པ་ཚུལ་བཞིན་བཤམ་པར་བྱ། །གཏོར་མ་གཉིས་སུ་བཤམ་པར་གསུངས། །ཕྱག་བཞེས་གཏོར་མ་བཞི་སོགས་མཛད། །ཐོད་པ་ཆ་ནི་གཅིག་པ་རུ། །ཆང་གིས་བཀང་ལ་མདུན་དུ་བཤམ། །བདུད་རྩི་ལྔ་ཡིས་ཀུན་ལ་སྦགས། །རྟེན་ནི་དགྲམ་པ་ཉིད་དུ་བྱ། །དེ་ལ་ཤ་དང་ཆང་དག་དང༌། །འབྲས་ཆན་ལ་དུ་འཁུར་བ་དང༌། །དེ་བཞིན་བཟའ་བ་བཅའ་བ་དང༌། །བཏུང་བ་དེ་བཞིན་ལྡག་པ་དང༌། །མྱང་བ་ལ་སོགས་འབྱོར་པའི་ཚད། །ཚོགས་ཀྱི་འབྱོར་པ་སྟ་གོན་བྱ། །རོ་ཡི་སྟན་ནམ་འཇམ་པ་སོགས། །ཚད་དང་མཐུན་པར་ཅི་རིགས་གཞག །ཚོགས་ཀྱི་བདག་པོ་དགེ་སློང་ལ། །རྒྱུད་རྣམས་མང་པོ་ཤེས་གྱུར་ཅིང༌། །དགེ་སྦྱོར་བརྩོན་ལ་རྟོག་པ་སྤང༌། །དེ་ཉིད་བཅུ་ཤེས་སྙིང་རྗེ་ཆེ། །དམ་ཚིག་བསྟེན་ལ་འདོད་ཆུང་སོགས། །མཚན་ཉིད་ལྡན་པའི་བླ་མ་ལ། །སེམས་བསྐྱེད་པ་ལ་སྙན་གསན་དབབ། །དེ་ནས་གཞན་ཡང་དམ་ཚིག་ཅན། །བླ་མ་ལ་གུས་རྟོག་པ་ཆུང༌། །འཁོན་གཅུགས་མེད་ཅིང་རབ་དད་པ། །ལྷ་གྲངས་ལ་སོགས་མི་གསོལ་གདབ། །དབྱུག་སྔོན་ང་རྒྱལ་འཛིན་པ་ཡི། །སློབ་མ་སྒོ་དྲུང་དག་ཏུ་བཞག །ཆོ་ག་ནི། དངོས་གཞི་ཚིམ་པ་དྲུག་ཏུ་གོ་བར་བྱའོ། །ཚོགས་ཀྱི་མིང་རྣམས་སྒོ་དྲུང་དུ་ལྷགས་པ་དང༌། དབྱིག་པ་སྔོན་པོ་ལ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱི་དམ་ཚིག་ལ་ནི་ཁྲོ་བོ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱིག་ཏོ་དང་ནི་རིན་ཆེན་བཅིངས་པ་འཛིན། །དཔལ་ལྡན་དཔའ་བོ་འདུ་བ་འཁོར་སྒྲོལ་ཁུམས་མཁས་མཛེས། །རྣལ་འབྱོར་མ་ཡི་ནང་དུ་བདག་ཐོང་ཤོག །ལན་བརྗོད་པ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་དང༌། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་བརྗོད་དེ། བརྡ་དང༌། བརྡའི་ལན་ནོ། །དེ་རྣམས་མ་ཤེས་པར་གྱུར་པ་ནི་འོང་དུ་མི་གཞུག་གོ །ནང་དུ་བྱུང་བ་རྣམས་ལ་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་བརྗོད་ཅིང་བུམ་ཆུས་གཏོར་བར་བྱའོ། །དེ་ནས་སོ་སོས་བླ་མ་ལ་མཎྜལ་ཕུལ་ལ་གྲལ་རིམ་གྱིས་འདུག་པར་བྱས་ཏེ་དེ་སྐད་དུ། དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་དྲན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པར་ལྡན། །རྒན་པའི་རིམ་པ་བཞིན་དུ་འདོད། །དབང་མ་ཐོབ་པར་མི་རིགས་པས། །སྒྲུབ་པོས་འཁོར་ལོ་དེ་བྱའོ། །ཞེས་བྱས་ཏེ་དབང་བསྐུར་ཐོབ་པའི་རྒན་རིམ་མོ། །དེ་ནས་ལས་ཀྱི་རྡོ་རྗེར་སློབ་མས་སྤྱིར་མཎྜལ་ཕུལ། སོ་སོར་མེ་ཏོག་གི་ཕྲེང་བ་ཕུལ་ལ། ཕྱག་བྱས་ཏེ་པུས་མོ་བཙུགས་ལ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་གི་ཚོགས་ཀྱི་ཁྱད་པར་འདི། །དང་བའི་སེམས་ཀྱིས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །གལ་ཏེ་དེ་མི་ཤེས་པར་གྱུར་ན་ལྷའི་རྣལ་འབྱོར་ལ་ཐུགས་གཏད་པར་ཞུ། ཞེས་གསོལ་བ་གདབ་བོ། །དེ་ནས་གཞན་རྣམས་ཀྱི་མེ་ཏོག་བསྡུས་ལ་མཎྜལ་བྱས་པ་བླ་མ་ལ་དབུལ། བླ་མའི་མེ་ཏོག་བླ་མ་གོང་མ་ལ་ཡིད་ཀྱིས་དབུལ་ལོ། །དེའི་རྗེས་ལ་ཡི་གེ་བརྒྱ་པ་བརྗོད་པས་དམ་ཚིག་གི་ལྷག་ཆད་སྦྱང༌། ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་པ་ཡང་ཕྱག་བཞེས་ལ་མཛད། དེའི་རྗེས་ལ་མངོན་པར་རྟོགས་པ་རྒྱས་པར་བསྒོམ་པར་བྱའོ། །དེའི་རྗེས་ལ་བཟླས་པ་ཅི་རིགས་པར་བྱའོ། །དེའི་རྗེས་ལ་བདག་ཉིད་ཀྱི་དཀྱིལ་འཁོར་ལ་རྒྱས་པར་མཆོད་པར་བྱ་སྟེ། དེ་ལ་ཕྱིའི་མཆོད་པ་ནི་བདག་གི་སློབ་དཔོན་གྱིས་ཀྱེའི་རྡོ་རྗེའི་ལས་དང་པོ་པས་ནང་ནུབ་ཏུ་བྱ་བའི་ཆོ་ག་མཛད་པ་ལས་ཤེས་པར་བྱའི་འདིར་མ་སྤྲོས་སོ། །ནང་བདུད་རྩིའི་མཆོད་པ་ནི་གཏོར་མ་བཞིན་བྱིན་གྱིས་བརླབས་ལ་ཐོག་མར་བླ་མ་རྣམས་ལ་དབུལ་ཏེ། རང་གི་རྩ་བའི་བླ་མ་ལ་ཐོག་མར་རོ། །དེ་ཡང་མཚན་བརྗོད་པ་སྔོན་དུ་འགྲོ་བས་མངོན་སུམ་ལྟ་བུས་གསོལ་བར་བསམས་ལ་དབུལ་ལོ། །དེ་ནས་བརྒྱུད་པ་རྣམས་ལ་སྟེ། པདྨ་བཛྲའི་བརྒྱུད་པ་ལྟ་བུ་ལ། ཕྱག་ན་རྡོ་རྗེ་བི་ལཱ་སྱ་ནི་བཛྲི་དང༌། །ཡན་ལག་མེད་པའི་རྡོ་རྗེ་པདྨའི་མྱུ་གུ་དང༌། །ཨིནྡྲ་བྷཱུ་ཏི་ནག་པོ་སྤྱོད་པ་ཞེས་བྱ་དང༌། །བྲམ་ཟེ་དཔལ་འཛིན་ག་ཡ་དྷ་ར་ཉིད། །མི་བསྐྱོད་རྡོ་རྗེ་ཞེ་སྡང་རྡོ་རྗེ་དང༌། །རོལ་པའི་རྡོ་རྗེ། ཞེས་བྱ་བས་བརྒྱུད་པ་ལ་མཚན་ནས་བརྗོད་པ་སྔོན་དུ་འགྲོ་བས་མངོན་སུམ་གསོལ་བ་ལྟ་བུར་དམིགས་ནས་དབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་སོ། །བིརྺ་པའི་བརྒྱུད་པ་ལ། བདག་མེད་མ་དང་བིརྺ་པ། །ནག་པོ་ཌཱ་མ་རུ་པ་པ། །ཨ་བ་དྷཱུ་ཏཱི་ཞེས་བྱ་དང༌། །མཚན་མཆོག་ག་ཡ་དྷ་ར་དང༌། །མི་བསྐྱོད་ཞེ་སྡང་རྡོ་རྗེ་རོལ་པའི་རྡོ་རྗེ་དང༌། །བླ་མ་རྣམས་ལ་གུས་པས་མཆོད། །བིརྺ་པའི་སློབ་མ་ཌོཾ་བི་པའི་རྗེས་འབྲང་ལ། ཌོཾ་བི་པ་དང་ཨ་ལ་ལ་བཛྲ། །ནགས་ཁྲོད་གརྦྷ་རི་པ་བསོད་སྙོམས་པ། །ཐུབ་དཀའ་ཟླ་བ་དཔའ་བོ་རྡོ་རྗེ་དང༌། །མི་བསྐྱོད་ཞེ་སྡང་རོལ་པའི་རྡོ་རྗེ་ལའོ། །དེ་རྣམས་ཀུན་གྱི་ཐོག་མར་རང་གི་རྩ་བའི་བླ་མའི་མཚན་བརྗོད་པ་སྔོན་དུ་འགྲོ་བས་མཆོད་དོ། །གཞན་ཡང་བླ་མ་དང་བརྒྱུད་པའི་མཚན་བརྗོད་པ་དང་སྔགས་ཀྱིས། གཙོ་བོ་ལ་རྩ་སྔགས་སྙིང་པོ་ཉེ་སྙིང་གིས། །བདག་མེད་མ་ལ་ཕྲེང་སྔགས་དང་སྙིང་པོས། འཁོར་རྣམས་ལ་རང་སྔགས་ཀྱིས། དུར་ཁྲོད་བརྒྱད་ལ་འབྲུ་གསུམ་གྱིས་སོ། །གཞན་ཡང་རང་གི་ཆོས་སྐྱོང་ལ་སོགས་པ་ལའོ། །དེའི་རྗེས་ལ་སྙིང་གར་བདུད་རྩི་མྱང་བར་བྱའོ། །དེའི་རྗེས་ལ་རྡོ་རྗེ་དྲིལ་བུ་གསིལ་ཞིང༌། ལྷ་མོ་བརྒྱད་ཀྱིས་མཆོད། བསྟོད་པ་གཉིས་ཀྱིས་བསྟོད། དེའི་རྗེས་ལ་ལྷ་དང་འབྱུང་པོ་ལ་གཏོར་མ་སྦྱིན་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའང་རང་གི་ཕྱོགས་སྐྱོང་ལ་སྦྱིན་པ་སྟེ། དེ་ཡང་གཞན་ལོགས་ན་ཡོད་པ་དང་ལས་ཀྱི་ཆོ་ག་མཐོང་བས་སོ། །ཕྱག་བཞེས་ལ་སྒྲོལ་མ་དང་མི་གཡོ་བ་གཉིས་ལའང་མཛད་དོ། །གཞི་བདག་ལའང་སྐབས་སུའོ། །དེ་ནས་ཚོགས་ཀྱི་ཡོ་བྱད་མདུན་དུ་འོངས་ལ་གཏོར་མ་བཞིན་བྱིན་གྱིས་བརླབས་ལ་ཕུད་བླ་མ་ལ་དབུལ། གཏོར་མ་ལ་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ཐོག་མར་ཏྲི་པི་ཏ། བ་ལ། མ་ད་ན། མ་ལ་ཨིནྡྷ་ན། བཟའ་བ་དང༌། ཀླད་པ་སྣ་ཚོགས་དབུལ་ལོ། །དེ་ནས་དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཚོགས་ཀྱི་ཁ་ཟས་ཀྱིས་ཚིམ་པར་བྱ་བ་ནི། སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་ལ། །པདྨ་བསྐོར་བའི་ལག་པ་ཡིས། །བླ་མ་སོགས་ལ་དབུལ་བར་བྱ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་དང༌། །རང་བཞིན་གཅིག་པ་ཉིད་དུ་ཟོ། །བདེ་གཤེགས་ཆོས་ནི་རིན་ཐང་མེད། །འདོད་ཆགས་དྲི་མ་རྣམ་པར་སྤངས། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །དེ་ཡང༌། བླ་མ་ལ་ནི་སྣོད་གཉིས་དབུལ། །སྣོད་ནི་རེ་རེ་ཀུན་ལའོ། །དེ་བཞིན་བཟའ་བཏུང་ཉིས་འགྱུར་ཏེ། །གུས་པ་ཡིས་ནི་བཟའ་བཏུང་དབུལ། །དེ་ཡང་བཟའ་བའི་སྔོན་དུ། ཨེ་མའོ་ཡེ་ཤེས་ཆེན་པོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་སྲེག །འདི་འདྲའི་བདེ་བ་ཐོབ་འགྱུར་བ། །ཀུན་གྱིས་ཨ་ཧོ་སུ་ཁ་བརྗོད། །དེ་ནས་ཀུན་གྱིས་མགྲིན་གཅིག་ཏུ། །ཨ་ཧོ་སུ་ཁ་བྷ་གཱ་ནཱཾ། ལག་པ་གཡོན་པ་འོག་ཏུ་བཞག་ལ་གཡས་པས་ཁ་བཅད་ལ། ཨ་ཧོ་སུ་པྲ་ཡི་ནཾ། མ་ཧཱ་མུ་དྲཱ་པ་དྷི་ནཾ། ཏ་རནྟེ་ན་ཧཱུྃ་ཧ་ཧ་ཧ་ཧ་ཧོ། དེའི་རྗེས་སུ་ཁ་ཟས་ལོངས་སྤྱད་དེ། མང་པོས་ཅི་བྱ་དགོས་མེད་པ། །སྙིང་གའི་ས་བོན་མེ་འབར་ལ། །དེར་ནི་ག་པུར་བཏུང་བར་བྱ། །དཀྱིལ་འཁོར་པ་ལ་དེ་རབ་མཆོད། །བཏུང་བ་དེ་ཡིས་རྣལ་འབྱོར་པ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཁ་ནི་ཧོཾ་ཁུང་ལག་པ་གཟར་བུ་སྟེ། །ཡིད་ཀྱིས་མེ་ལ་སྟོབས་སོགས་བསྲེག །ནང་གི་བདག་ཉིད་སྦྱིན་སྲེག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །ལྕེ་ཧཱུྃ་དེ་ཉིད་ཁྱད་པར་ལས། །མན་ངག་ཤེས་པས་བཟའ་བྱ་སྟེ། །ལྷ་ཡི་རྣལ་འབྱོར་མེད་གྱུར་པས། །ཚོགས་ཀྱི་ཁ་ཟས་ཟོས་ན་ནི། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །གལ་ཏེ་རྣལ་འབྱོར་ལྡན་པ་ཡིས། །ཁ་ཟས་བཟའ་བར་བྱས་གྱུར་ན། །བསོད་ནམས་རྣམས་ཀྱི་མཐར་ཐུག་པ། །ཚོགས་ཀྱི་འཁོར་ལོ་ཞེས་བྱའོ། །བསོད་ནམས་འདོད་པས་དེ་ལས་གཞན། །སྨིག་རྒྱུར་ཆུ་ནི་རྙོག་པ་དང༌། །བཀྲེས་ཕྱིར་ཕུབ་མ་བརྡུང་བ་དང༌། །མར་འདོད་ཆུ་ནི་བསྲུབས་དང་མཚུངས། །གཞན་ཡང་ཚོགས་ཀྱི་དུས་ཀྱི་བསླབ་བྱ་གཞན་པྲ་ཛྙཱ་རཀྵི་ཏ་དང༌། པདྨའི་མྱུ་གུ་དང༌། ཌོཾ་བི་པ་ལ་སོགས་པས་མཛད་པ་ལས་ཤེས་པར་བྱའི་གཞུང་མངས་པས་འཇིགས་པས་འདིར་མ་བྲིས་སོ། །ཁ་ཟས་ཀྱིས་ཚིམ་པའི་རྗེས་ལ་ལྷག་མ་ཅུང་ཟད་བོར་ལ་གླུ་གར་གྱིས་ཚིམ་པའི་དོན་དུ། ཀོལླ་ལ་སོགས་ཅི་ཤེས་དང༌། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །དྲན་པ་མི་འཕྲོགས་རྣལ་འབྱོར་པས། །འདོད་ཆགས་སེམས་ཀྱིས་བསྒོམ་པའོ། །རྡོ་རྗེ་ཆོས་དང་སངས་རྒྱས་དང༌། །རྣལ་འབྱོར་མ་དང་མ་མོ་ཡིས། །གླུ་དང་གར་ལ་གོམས་བྱ་ཞིང༌། །མཆོག་ཏུ་གྲུ་དང་གར་བྱའོ། །རྒྱུན་དུ་གླུ་དང་གར་བྱེད་པ། །ཚོགས་ཀྱི་གཙོ་བོའི་མདུན་བྱས་ནས། །དེ་ལ་དྲི་ནི་མཚོན་པར་བྱ། །སྒྲ་ནི་ཕྱི་རོལ་ཚལ་དུ་མཉན། །དེའི་རྗེས་ལ་ཀུན་ཏུ་རུའི་སྦྱོར་བས་ཀྱང་ཚིམ་པར་བྱས་ཏེ། ཚིམ་པ་དྲུག་གོ །གལ་ཏེ་དེ་མེད་ན་ནི་དཔའ་བོའི་སྟོན་མོ་ཞེས་བྱའོ། །དེ་དང་ལྡན་པ་ནི་ཚོགས་འཁོར་ཞེས་བྱའོ། །དེ་ནས་ལྷག་མ་བསྡུས་ཏེ། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་བརྗོད་ལ་ལྷག་མ་ལ་དབང་བའི་འབྱུང་པོ་ནམ་མཁའ་དང་མཉམ་པ་རྣམས་ཚིམ་པར་གྱུར་ལ། བྱང་ཆུབ་ལ་མཆིས་ཀྱི་བར་དུ་བར་ཆད་ཞི་བར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཆོ་ག་ལྷག་པ་དང་མ་ཚང་བ་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་གདོན་པར་བྱའོ། །དེའི་རྗེས་སུ་བཀྲ་ཤིས་ཀྱི་ཚིག་རྣམས་ཀྱང་ཡིད་རྩེ་གཅིག་པས་གདོན་པར་བྱའོ། །དེ་ནས་མགྲོན་རྣམས་ལ་བཟོད་པར་གསོལ་བ་བྱས་ལ། ཡི་གེ་བརྒྱ་པའི་མཐར་མུཿབརྗོད་ལ་གཤེགས་སུ་གསོལ་ལོ། །དེའི་རྗེས་སུ་རིགས་སུ་སྐྱེ་དང་ཞེས་བྱ་བ་ལ་སོགས་པ་དང༌། རྡོ་རྗེ་འཛིན་སོགས་ཕྱག་འཚལ་ལོ། །ཁྱེད་ལ་རབ་ཏུ་དང་བ་ཡིས། །མཆོད་པའི་ཚོགས་ནི་རབ་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་སྤངས་ནས་ནི། །བདེ་མཆོག་རྡོ་རྗེ་འཛིན་རྒྱལ་ཤོག །ཅེས་པ་དང༌། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་ཉིད་ཐོབ་འགྱུར། །མ་བསྒྲལ་བ་ཡང་བསྒྲལ་བར་བགྱི། །མ་གྲོལ་བ་ཡང་བདག་གིས་དགྲོལ། །རྣལ་འབྱོར་སྟོབས་བྱ་བ་ཡི་དངོས། །དེ་ལྟ་བུ་ནི་ཡང་དག་བརྟགས། །ཞེས་བྱ་བ་ལ་སོགས་པ་དང༌། སྨོན་ལམ་རྣམ་པར་དག་པ་ཅི་ཡོད་པ་རྣམས་ཡོན་བདག་དང་བླ་མ་འཁོར་དང་བཅས་པས་མགྲིན་གཅིག་ཏུ་ཡིད་རྩེ་གཅིག་པས་གདོན་པར་བྱའོ། །དེ་ནས་གཏོར་མ་ནི། སྔོན་ལ་འཇིག་རྟེན་པའི་གཏོར་མ་ལྷ་ཆེན་བརྒྱད་པོ་འཁོར་བཅས་དང་བྱ་བ་ལ་སོགས་པ་བཏང༌། འདས་པའི་རྩ་སྔགས་བཟླས་ཤིང་བསྐྱལ་བར་བྱ། གལ་ཏེ་དབང་བསྐུར་ལ་སོགས་པའི་ཆོ་ག་གཞན་བྱེད་ན། འཇིག་རྟེན་པའི་གཏོར་མ་བཏང་ལ། འདས་པའི་གཏོར་མ་བར་ཆད་བསྲུང་བའི་ཕྱིར་གཞག་གོ །དེ་ལྟར་ན་དེར་ཚོགས་པ་རྣམས་ཀྱིས་ཚགས་ཀྱི་འཁོར་ལོའི་གཞུང་ནས་འབྱུང་བ་དང༌། རྡོ་རྗེའི་གླུ་ནས་འབྱུང་བའི་ཆོ་ག་དང་མི་འགལ་བ་ཆང་གི་བཏུང་བ་ལ་སོགས་པས་མྱོས་པར་མི་འགྱུར་བར་བསྲུང་བ་བྱས་ལ། བླ་མ་ལ་ཕྱག་འཚལ་ལ་རང་གི་གནས་སུ་འགྲོ་བར་བྱའོ། །དེ་ནས་ལས་ཀྱི་རྗེས་མེད་པར་བྱས་ལ་བསྲུང་བར་བྱ་སྟེ་ཅི་བདེར་གནས་སོ། །དགོས་པ་ནི། གསེབ་ཏུ་ཡང་བརྗོད་མོད་ཀྱི། འཇིག་རྟེན་དང་དེ་ལས་འདས་པའི་དངོས་གྲུབ་ཐམས་ཅད་དང་གནས་སྐབས་ཀྱི་དགོས་པ་རྣམས་ལ་སྦྱར་རོ། །དེ་ལྟ་བུའི་ལག་ལེན་ཡང་བརྒྱུད་པ་དང་ལྡན་པ་འདིའི་ཆོ་ག་མཐོང་བས་བྱ་ཡིས་དེ་མིན་ཅི་ནས་ཀྱང་དོན་ལོག་ཅིང་འཁྲུགས་པར་འགྱུར་རོ། །བིརྺའི་ཞལ་སྔ་སོགས་ལས་བརྒྱུད་འོང་ཞིང༌། །བསོད་ནམས་ཞལ་ལྔ་ལ་སོགས་དངོས་ཕྲད་པའི། །མན་ངག་གཞུང་རྣམས་དང་ནི་མི་འགལ་བ། །གཞུང་མངས་འཇིགས་པ་རྣམས་ཀྱི་དོན་དུ་བྲིས། །ཚོགས་ཀྱི་འཁོར་ལོ་འབྲིང་དུ་བྲིས་གྱུར་པ། །འདི་ལས་འགལ་བར་གྱུར་པ་ཅི་ཡོད་པ། །བསོད་ནམས་ཞལ་སྔ་སོགས་ལ་བཟོད་པར་གསོལ། །རྨོངས་པ་རྨུ་རྒོད་རྣམས་ལ་སྨྲས་ཅི་ཡོད། །འདི་ལས་ངལ་བར་གྱུར་པའི་བསོད་ནམས་ཀྱིས། །འགྲོ་བས་རྡོ་རྗེ་འཆང་ཆེན་ཐོབ་པར་ཤོག །གཞུང་གཞན་ལ་ལྟོས་པ་དང་བཅས་པའི་ཚོགས་ཀྱི་འཁོར་ལོའི་གཞུང་དང་བླ་མའི་མན་ངག་ལ་བརྟེན་ནས་འབྲིང་དུ་བྱ་བ་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*