ལས་བཞིའི་སྦྱིན་སྲེག་མདོར་བསྟན་ཅིང་རྣམ་གཞག་རྒྱས་པར་མཛད་པ།

༼ཇ༽

༄༅། །ལས་བཞིའི་སྦྱིན་སྲེག་མདོར་བསྟན་ཅིང་རྣམ་གཞག་རྒྱས་པར་མཛད་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཀྱེའི་རྡོ་རྗེའི་རྣལ་འབྱོར་པས་བསྙེན་པ་རྫོགས་ནས་གསང་སྔགས་ཀྱི་ནུས་པ་དབྱུང་བའི་ཕྱིར་རམ། ཡང་སྐབས་གཞན་དུ་རང་གི་སྡིག་པ་དང་བར་ཆད་ཞི་བར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱ་བར་འདོད་པས། དུས་ཀྱི་ཁྱད་པར་ཕྱེ་མ་རེད་ཀྱི་དུས་སུ་སྦྱོར་བ་ལ་ཆོས་དྲུག་གི་དང་པོ་ཐབ་ཀྱི་དབང་དུ་བྱས་ནས་ཕྱོགས་ཉམས་དགའ་བར་ཐབ་ཁུང་བྱས་ཏེ། དེའང་ཁུང་བུར་བྱེད་ན་རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད་བརྐོ། དེ་ནས་ཕྱིར་སོར་བཞི་བསྐྱེད་ལ་རྒྱ་དང་དཔངས་སུ་སོར་བཞི་ཡོད་པའི་ཁ་ཁྱེར་གྱིས་བསྐོར་ཏེ་ལེགས་པར་དཀར་ཞལ་གྱིས་བྱུག ཐབ་ཀྱི་ནང་དུ་པདྨ་འདབ་བརྒྱད་བྱ། དེ་ལ་ལྷ་དགུའི་མཚན་མ་དགོད། ཡང་ན་ཐིག་ལེ་ཙམ་བྱ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར། དེའི་ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་པ་བྱས་ཏེ་དེའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྱའོ། །ཐབ་ཁུང་བུར་མི་བྱེད་ན་ཚད་སྔ་མ་དང་འདྲ་སྟེ་རི་མོ་ཟླུམ་པོས་བསྐོར་རོ། །སོར་བཞི་བསྐྱེད་པའི་ཟླུམ་པོ་དང༌། སོར་བཞི་དཔངས་སུ་བྱ་བའི་དོད་ཀྱི་ཟླུམ་པོ་སྟེ་གསུམ་གྱིས་བསྐོར། ནང་དུ་པདྨ་འདབ་བརྒྱད་བྱ། རྡོ་རྗེའི་ཕྲེང་བ་ལ་སོགས་པ་སྔ་མ་དང་འདྲའོ།།  །།གཉིས་པ་བུད་ཤིང་ནི་གདུག་པ་ཅན་མ་ཡིན་པའི་ཤིང་མ་རུལ་བའམ། དེ་མེད་ན་བ་ལང་གི་ལྕི་བ་ལ་སོགས་པ་སྲོག་ཆགས་མེད་པ་ཐབ་ཁུང་བས་ཅུང་ཟད་དམའ་བ་བརྩིག་པར་བྱའོ།།  །།གསུམ་པ་སྦར་བའི་མེ་ནི་བྲམ་ཟེ་རྒྱུན་ཞག་གམ་འོ་མ་ཅན་གཙུབས་པ་ལས་བྱུང་བའོ།།  །།བཞི་པ་མཆོད་རྫས་དང༌། ལྔ་པ་བཤམ་ཐབས་ནི། སའི་ཕྱོགས་དེ་ལེགས་པར་བྱི་དོར་བྱས་ལ་བའི་རྣམ་ལྔས་བྱུག རང་ཁ་ཤར་དུ་བལྟས་པའི་གཡོན་ཕྱོགས་ནས་མཆོད་ཡོན་གྱི་སྣོད་བཞི་དགོད་དེ། ཞབས་བསིལ། ཞལ་བསིལ། བསང་ཆུ། མཆོད་ཡོན་ནོ། །དེ་བཞིན་དུ་མེ་ཏོག སྤོས། མར་མེ། དྲི་ཆབ། ལྷ་བཤོས། གཏོར་མ་རྣམས་བཤམ་མོ། །རང་གི་གཡས་ཕྱོགས་ནས་བསྲེག་རྫས་བཞག་སྟེ། དང་པོར་ཡམ་ཤིང་ཞེས་བྱ་བ་ཁྲུ་གང་བའི་ཤིང་སྦོམ་ཕྲ་མཐེ་བོང་ངམ་མཐེའུ་ཆུང་ཙམ་རྩེ་མོ་གཉིས་མར་དང་སྦྲང་ལ་སྦགས་ལ། སྦྲང་མེད་ན་མར་ལ་སྦགས་ཏེ་བརྒྱ་རྩ་བརྒྱད་ཡན་ཆད་ཅི་འབྱོར་པ་གཞག དེ་བཞིན་དུ་མར་དང༌། ཏིལ་ནག་པོའམ། ཡུངས་ཀར་དང༌། ཞོ་དང་ཕྱེ་མར་དང་སྦྱར་ཏེ་ཟས་མཆོག་དང༌། འབྲས་སོ་བ་དང༌། འབྲས་མ་ཆག་པ་དང༌། ནས་དང༌། གྲོ་དང༌། སྲན་མ་དང༌། དཱུར་བའི་མྱུ་གུ་དང༌། ཀུ་ཤ་ལ་སོགས་པ་ཅི་འབྱོར་པ་རིམ་པ་བཞིན་དུ་བཤམ། རང་གི་མདུན་དུ་རྡོ་རྗེ་དང་དྲིལ་བུའི་བར་དུ་དགང་གཟར་དང་བླུགས་གཟར་ཁ་སྦྱར་ལ་བཞག ནང་གི་མཆོད་པའང་བཤམ། རྫས་ཐམས་ཅད་ལ་བདུད་རྩི་ལྔས་བསྲེས་ལ་གཞག་པར་བྱའོ།།  །།དྲུག་པ་སྒྲུབ་པ་པོ་ནི། རང་ཁྲུས་བྱས་ཏེ་གོས་དང་རྒྱན་ལ་སོགས་པ་དཀར་པོས་མཛེས་པར་བྱས་ལ། ཞི་བའི་སེམས་དང་ལྡན་པས་སྟན་ནང་ཚངས་ཅན་ལ་ཁ་ཤར་དུ་བལྟས་ཏེ་སྐྱིལ་ཀྲུང་ངམ། ཡང་ན་པུས་འཁྱུད་ཡངས་པར་བཅས་ལ་བྲམ་ཟེ་རིག་བྱེད་འདོན་པ་ལྟར་ཙོག་པུར་འདུག་གོ །དེ་དག་ནི་སྦྱོར་བའི་ཆོ་གའོ། །དེ་ནས་དངོས་གཞི་ལ་དྲུག་གི་དང་པོ་བདག་གི་རྣལ་འབྱོར་ནི། རང་ལྷའི་རྣལ་འབྱོར་རྫོགས་པར་བྱ་ཞིང་བཟླས་པ་ཅུང་ཟད་བྱ། མཆོད་པའང་ཅི་ནུས་བྱས་ལ་རང་གི་དཀྱིལ་འཁོར་བསྡུའོ།།  །།གཉིས་པ་མེ་བཙལ་ཞིང་བསྒྲུབ་པ་ནི། ཡམ་ཤིང་གི་རྩེ་མོ་མར་ལ་སྦགས་པ་དེ་མར་མེ་ལ་བསྲེགས་ཏེ་རྩྭ་སྐམ་པོ་གཙང་མ་གཞན་དང་ཡང་བཅས་ནས་ཐབ་ལ་ཟླུམ་པོར་གཡས་ནས་བསྐོར་ཞིང༌། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བརྗོད་ཅིང་བསྐོར། ཨོཾ་ཛྭ་ལ་ཛྭ་ལ་རྃ་ཞེས་བརྗོད་དེ་ཐབ་ཁུང་དུ་ཤིང་གསེབ་དུ་བཅུག་ལ་རླུང་གཡབ་ཀྱིས་ཀྱང་ཅུང་ཟད་སྦར་ལ། ཨོཾ་ཛྭ་ལའི་སྔགས་བཟླས་ཤིང་བླུགས་གཟར་གྱིས་མར་ལན་གསུམ་གྱི་བར་དུ་བླུགས་ལ་མེ་གསོ། དེ་ནས་ཨོཾ་བཛྲ་སཏྭ་ཨ་ཞེས་བརྗོད་དེ་ཐབ་ཀྱི་ཉེ་འཁོར་ཀུན་ཏུ་ཀུ་ཤ་རློན་པའམ། མེད་ན་སྐམ་པོས་ཀྱང་བཏུབ་སྟེ་རྩེ་མོ་ཤར་རམ་གཡས་སྐོར་དུ་བསྟན་པས་གཡོགས་ལ་བསང་ཆུས་ཐམས་ཅད་བསང་ངོ༌། །ཀུ་ཤ་འབུལ་བ་འདི་ནི་མེ་ལྷ་བྱོན་ཏེ་བྱོན་ཟན་མ་ཕུལ་བའི་གོང་དུ་དབུལ་བར་བཤད་པས་དེར་བྱའོ།།  །།གསུམ་པ་ཐབ་དང་ཡོ་བྱད་བསང་བ་ནི། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ཀུ་ཤའི་ཆུན་པོའམ། རྡོ་རྗེས་བསང་ཆུ་ནས་བླངས་ལ་བདུད་རྩི་འཁྱིལ་པའི་སྔགས་སམ། ཡང་ན་ཧཱུྃ་རིང་པོ་འབའ་ཞིག་བརྗོད་ལ་ཐབ་དང་ཡོ་བྱད་བསང་ཞིང་བགེགས་བསལ་བར་བྱའོ། །གཞན་ཡང་ཨོཾ་ཤྲཱིཾ་སྭཱ་ཧཱ་མར་གྱིའོ། །ཨོཾ་ཛྲཱིཾ་སྭཱ་ཧཱ་འབྲུའིའོ། །ཨོཾ་སྭ་སྭཱ་ཧཱ་རྫས་བཀྲུ་བའིའོ། །ཨོཾ་ཀུ་རུ་ཀུ་སྭཱ་ཧཱ་ཐམས་ཅད་སྦྱང་བའིའོ།།  །།བཞི་པ་ཐབ་ཁུང་མངོན་པར་འདུ་བྱ་བ་ནི། སྭ་བྷཱ་བའམ་ཧཱུྃ་ཞེས་བརྗོད་པས་ཐབ་ཁུང་མི་དམིགས་པར་བསམས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་ཐབ་ཁུང་དཀར་པོ་དྭངས་ཤིང་ཐོགས་པ་མེད་པ་བྲིས་པ་དང་གཉིས་སུ་མེད་པར་བསྐྱེད་པར་བྱའོ། །དེ་བཞིན་དུ་མཆོད་པ་རྣམས་ཀྱང་སྦྱངས་ལ་བྱིན་གྱིས་བརླབ་བོ།།  །།ལྔ་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། མེ་གསེབ་ཏུ་པྃ་ལས་པདྨའི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་བགྲང་ཕྲེང༌། གཡོན་པས་རིལ་བ་སྤྱི་བླུགས་འཛིན་པའོ། །ཡང་ན་ཕྱག་བཞི་པ། གཡས་མཆོག་སྦྱིན་དང་ཕྲེང་བ། གཡོན་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། ཁ་དོག་དཀར་བའམ་དམར་བ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ། དྲང་སྲོག་གི་ཚོགས་ཀྱིས་བསྐོར་བ་བསྐྱེད་ལ། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཤར་ལྷོ་ནས་ཡེ་ཤེས་པ་ཅིག་སྤྱན་དྲངས་ལ། གཡས་པའི་མཐེ་བོ་གུང་མོའི་རྩར་སྦྱར་མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་ལ་གཡོན་པས་དེ་བཞིན་དུ་བྱ་བ་ནི་དབྱུག་གུའི་ཕྱག་རྒྱའོ། །དེ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྦྱོན་ཚུར་སྦྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོག་འབྱུང་པོ་ཆེ། །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ། སརྦ་ཀརྨ་པྲ་སཱ་དྷ་ཀ མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ་ས་ཏ་མ། གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏི་ཨ་ཧ་ར། ཨ་སྨིན་སནྣི་ཧི་ཏོ་བྷ་བ། ཞེས་བརྗོད་པས་སྤྱན་དྲངས་ལ་ཐབ་ཀྱི་ཤར་ལྷོ་དེར་བཞུགས་པར་བསམ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་བརྗོད་ལ་མེ་ཏོག་ཕུལ་ཏེ་པདྨའི་གདན་ལ་བཞུགས་པར་བསམ། དེ་ནས་སྔགས་དང་བཅས་པས་ཆུ་བཞི་ཕུལ་ལ་དམ་ཚིག་བསྟན་པར་བྱ་སྟེ། ལག་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་པའམ། ཡང་ན་རྡོ་རྗེ་དང་བཅས་པས་སྤོས་བཟུང་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལཱ་ཡ་བྷསྨི་ཀུ་རུ་སརྦ་དུཥྚཱཾ་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏྭཾ་ཞེས་བརྗོད་ལ་གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་བཞིས་དགུག་གཞུག་བཅིང་དབང་དུ་བྱའོ། །ཡང་ན་བཞི་པོ་དེའི་སྔགས་དང་ཕྱག་རྒྱ་སོ་སོར་བྱས་ཀྱང་འགལ་བ་མེད་དོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྒྲུབ་ཐབས་བཞིན་བྱ། ཡང་རང་གི་ས་བོན་གྱི་འོད་ཀྱིས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ཏེ་དབང་བསྐུར་བར་གསོལ་བ་གདབ། དབང་བསྐུར་བ་དང་ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རྣམ་སྣང་གིས་དབུར་བརྒྱན་པར་བསམ་མོ། །དེ་ལ་མཆོད་བསྟོད་བྱས་ཏེ་བསྲེག་རྫས་དབུལ་བར་བྱའོ། །ཞར་ལས་བྱུང་བ་ཅུང་ཟད་བརྗོད་ན། བློ་ཁོབས་ཆུང་བས་སྔར་མེ་སྦར་བའི་སྐབས་སུ་ཏིང་ངེ་འཛིན་གྱིས་སྦར་ལ། མཆོད་བསྟོད་ཡན་ཆད་ཚར་ནས་འདིར་དངོས་སུ་མེ་སྦར་ལ་བྱོན་ཟན་དབུལ་བ་ནས་བརྩམས་ཏེ་ཆོ་གས་ཐམས་ཅད་དབུལ་བར་བྱའོ། །དེ་ནས་མེ་ལྷའི་ཞལ་ཅུང་ཟད་གདངས་པར་བསམས་ལ། དེའི་ལྕེ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ། དགང་བླུགས་ཀྱི་གཟར་བུའི་ཁ་ལ་རྃ་བསམས་ཏེ་གཟར་བུས་བླངས་ལ་རིག་བྱེད་འདོན་པ་ལྟར་ཙོག་པུར་འདུག་སྟེ་པུས་མོ་གཉིས་ཀྱི་བར་དུ་གྲུ་མོ་གཉིས་ཚུད་པར་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་བརྗོད་ཅིང་བླུགས་གཟར་ལྔའམ་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་ཧཱུྃ་ཕཊ་ཅེས་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་མེ་ལྷའི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུའི་དགང་བླུགས་ལན་གསུམ་ཕུལ་ལ་བར་དེར་མེའི་ལྟས་བརྟག་སྟེ། ཡང་དག་པར་སྦྱོར་བ་ལས་འབྱུང་བ་རྟོགས་སླ་བའི་ཕྱིར་ཚིགས་བཅད་དུ་བརྗོད་ན། གདུགས་དང་རྒྱལ་མཚན་རྡོ་རྗེ་དང༌། །བུམ་པ་པདྨ་ལྕགས་ཀྱུ་དང༌། །གྲུ་གསུམ་པ་དང་གཡས་སུ་འཁྱིལ། །རྩེ་གཅིག་པ་སྟེ་དབྱིབས་མཆོག་ཡིན། །རྩེ་གཉིས་རྩེ་གསུམ་འབྲིང་དང་ཐ། །སྣུམ་དང་གཙང་དང་དབང་པོའི་གཞུ། །དབང་པོ་སྦས་དང་སེར་དང་དཀར། །བཻ་ཌཱུརྻ་རྣམས་མདོག་བཟང་ཡིན། །ངང་པའི་སྒྲ་དང་བུང་བའི་སྒྲ། །ཟབ་ཅིང་སྙན་པའི་སྒྲ་ནི་བཟང༌། །མདོར་ན་ཡིད་དུ་འོང་བ་ཡི། །དབྱིབས་དང་དྲི་དང་མདོག་རྣམས་བཟང༌། །མེ་སྟག་འཕྲོ་དང་དུ་བ་མང༌། །རིམ་གྱིས་འབར་ཞིང་མེ་ལྕེ་འཆད། །མྱུར་དུ་འབར་ཞིང་གཟི་བརྗིད་ཆུང༌། །ཚ་ཞིང་དམར་ནག་དྲག་ཏུ་འབར། །རྩེ་གསུམ་ཞིབ་མ་འདྲ་བ་དང༌། །བ་ལང་མགོ་འདྲ་དྲི་མི་ཞིམ། །མདོར་ན་ཡིད་དུ་མི་འོང་བ། །མཚན་ངན་རྣམས་ཀྱང་བརྟག་པར་བྱ། །ཞི་ལ་དཀར་དང་རྒྱས་ལ་སེར། །དབང་ལ་དམར་པོ་དྲག་ལ་གནག །འདི་ནི་རང་རང་རྟགས་སུ་བཟང༌། །འཇམ་པོ་གསུམ་ལ་འཇམ་པོ་ཡི། །རྟགས་རྣམས་ཤིས་པར་བཤད་པ་སྟེ། །ཐ་མའི་ལས་ལ་ངན་པ་བསྔགས། །རང་རང་རྟགས་དང་མི་མཐུན་ན། །བགེགས་དང་བཅས་པར་ཤེས་བྱས་ཏེ། །བདུད་རྩི་འཁྱིལ་པ་ལ་སོགས་པའི། །ཁྲོ་བོས་བགེགས་རྣམས་ཞི་བར་བྱ། །མདོར་བསྡུས་ན་ཁ་དོག་དཀར་ཞིང་སྣུམ་པ་སྒྲ་ཅུང་ཟད་དང་བཅས་པ་དུད་པ་ཆུང་བ་ནི་ཞི་བའི་ལས་ལ་དགེའོ། །དུ་བ་ཆེ་བ་དང་མེ་སྟག་རབ་ཏུ་འཕྲོ་བ་ནི་བགེགས་དང་བཅས་པ་ཡིན་པས་ཧཱུྃ་ཞེས་བརྗོད་ཅིང་བསང་ཆུས་ཕྱོགས་ཀུན་ཏུ་གཏོར་ཏེ་བགེགས་ཞི་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ལ་རྫས་རྣམས་སོ་སོར་དབུལ་བར་བྱ་སྟེ། དང་པོར་ཡམ་ཤིང༌། དེ་ནས་མར། དེ་ནས་ཏིལ། འབྲས། ཞོ། སོ་བ། ནས་དང་སྲན་མ། གྲོ། དཱུར་བ། ཀུ་ཤ གཞན་ཡང་ཡམ་ཤིང་གཞན། ཨུ་དུམྦཱ་ར་ལ་སོགས་པ་གཞུང་གཞན་ནས་བཤད་པའི་ཡམ་ཤིང་མེད་ཅིང་ཤུགས་པའམ་ལྕང་མ་ལ་སོགས་པ་ལས་མེད་ན་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་དབུལ་ལོ། །མར་གྱི་སྔགས་ནི་སྔར་བསྟན་པ་ཉིད་ཡིན་ནོ། །ཏིལ་གྱི་སྔགས་རྡོ་རྗེ་མཁའ་འགྲོ་ལས་འབྱུང་བའི་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་པའོ། །རྡོ་རྗེ་གུར་ལས་འབྱུང་བ་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་པའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ་ཞེས་པ་ནི་འབྲས་མ་ཆག་པའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ་ཞོ་དང་ཟས་མཆོག་གིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ་འབྲས་སོ་བའིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ་ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མོན་སྲན་གྲེའུའིའོ། །ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ་གྲོའིའོ། །ཨོཾ་བཛྲ་ཨཱ་ཨུ་ཥེ་སྭཱ་ཧཱ་དཱུར་བའིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ་ཀུ་ཤའིའོ། །དེ་ལྟར་ཞུ་བའི་རྫས་རྣམས་ནི་གཟར་བུས་བླངས་ཏེ་ཞལ་དུ་ཕུལ་བར་བསམ། ཁྱད་པར་ཞོ་དབུལ་ན་དགང་གཟར་གྱི་སྟེང་དུ་བཞག་སྟེ་དབུལ། གོང་བུའི་རྫས་རྣམས་ནི་ལག་པ་གཡོན་པས་སྣོད་བཟུང་ལ་གཡས་པས་བླངས་ཏེ་ཕྱག་ཏུ་ཕུལ་བར་བསམ། བསྲེག་རྫས་དེ་རྣམས་རེ་རེ་ལ་ལན་བདུན་ནམ་ཉི་ཤུ་རྩ་རེ་རེ་འབུལ་བ་ཡིན་ཏེ། རེ་རེ་རྫོགས་པ་དང་བདག་གམ་ཆེ་གེ་མོའམ་གང་གི་དོན་དུ་བྱ་བའི་སྡིག་པ་དང་སྒྲིབ་པ་ལ་སོགས་པ་གང་ཡིན་པ་དེའི་མིང་ནས་ཕྱུང་ནས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་གདགས་སོ། །དཔེར་ན་ནས་འབུལ་བའི་དུས་སུ་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ་ཞེས་བདུན་ཕུལ་ལ། ཨོཾ་མ་ཧཱ་བེ་གཱ་ཡ་ཆེ་གེ་མོའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་དེས་འགྲེའོ། །དེ་ལྟར་མེ་ལྷ་ལ་བསྲེག་རྫས་བདུན་ནམ་ཉི་ཤུ་རྩ་རེ་ཕུལ་བ་དང༌། ཨོཾ་ཨགྣ་ཡེ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པས་མེ་ཏོག དེ་བཞིན་དུ་རོལ་མོའི་བར་དུ་ཕུལ་ལ་ནང་བདུད་རྩི་དང་ལྷ་མོ་བརྒྱད་ཀྱིས་མཆོད་ལ་བསྟོད་པ་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་ལ། བསང་གཏོར་དང་ཞབས་བསིལ་ཕུལ་ལ། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་བྱ་བས་མེ་ལྷ་འབར་བའི་རྣམ་པར་གྱུར་པའམ། ཡང་ན་མེ་ལྷའི་ལྟོ་བ་ཤིན་ཏུ་ཡངས་པ་དྭངས་ཤིང་ཐོགས་པ་མེད་པར་བསམ། འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ།།  །།དེ་ནས་དྲུག་པ་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་ཆོ་ག་ནི། ཐབ་ཀྱི་དབུས་སུ་མེ་ལྷའི་ཐུགས་ཀར་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་སྲུང་བའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྐྱེད་དེ། དེའི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པའམ་མ་བསྐྱེད་ཀྱང་ཆོག་གསུང༌། དེར་ལྷ་རྣམས་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པའམ། རྡོ་རྗེ་ཆོ་ག་ཡན་ལག་གསུམ་མམ། ཡང་ན་སྒྲུབ་པའི་མཎྜལ་གྱི་སྐབས་བཞིན་སྙིང་པོ་ཚིག་ཙམ་གྱིས་ལྷ་དགུ་བསྐྱེད། དེ་ལ་ཡེ་ཤེས་པ་དགུག དེའང་སྤྲོས་པ་ལ་དགའ་ན། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་དོན་སླད་དུ། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ཅིང༌། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ས་མ་ཡ་ཨརྩ་ཙ་མ་ན་ཨརྒྷཾ་པཱ་དྱཾ་པྲ་ཏཱིཙྪ་པཱུ་ཛ་ནོ་པ་ཙརྻ་པྲ་སིདྡྷི་མེ། ཞེས་བྱ་བས་སྤྱན་དྲང་ངོ༌། །སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ཏེ་རིགས་ཀྱི་བདག་པོའི་རྒྱས་གདབ་པའི་བར་སྔར་སྒྲུབ་ཐབས་ཀྱི་སྐབས་ལྟར་བྱའོ། །དབང་བསྐུར་གྱི་དཀྱིལ་འཁོར་ཡོད་པའམ། རབ་གནས་ཀྱི་ལྷ་ལྟ་བུ་ལ་སྦྱིན་སྲེག་འབུལ་ནི་སྐྱེད་པའི་ཆོ་ག་དེ་དག་མི་དགོས། ཐབ་ཀྱི་དབུས་སུ་མེ་ཏོག་ཅིག་བསྐྱུར་ཏེ་ལྷར་བསམས་པས་ཆོག་གོ།  །།དེ་ནས་ཐབ་དང་ཡོ་བྱད་ཐམས་ཅད་ལ་ཧཱུྃ་བཟླས་ཤིང་དྲི་ཞིམ་པོའི་ཆུས་གཏོར་དེ་བསངས་ལ། མི་གཙང་བ་དང་ཉེས་པ་དག་པར་བསམ་ཞིང་བགེགས་ཐམས་ཅད་དང་བྲལ་བར་བསྒོམ་མོ། །དེ་ནས་ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པར་བསྒོམས་ཏེ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་ལན་བདུན་གྱིས་བླུགས་གཟར་གྱིས་མར་བཅུས་པས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་དཱི་བྱ་བའི་ཤུདྡྷེ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་ཆེ་གེ་མོ་ཞེས་བྱ་བའི་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ་གཟར་བུ་ཁ་སྦྱར་ལ་དབུས་སུ་དབུལ་ཏེ། ལྷ་ཐམས་ཅད་ཀྱི་ཞལ་དུ་ཕུལ་བར་བསམ། དེ་ལྟ་བུའི་དགང་བླུགས་ལན་གསུམ་མམ་བདུན་ཕུལ་ལ་ཕྱི་དང་ནང་གི་མཆོད་པ་དང༌། ཡིད་ལས་བྱུང་བ་དང༌། བསྟོད་པའི་མཆོད་པའི་བར་དུ་ཐུན་མཚམས་ཀྱི་བྱ་བ་ལྟར་དབུལ་ལོ། །དེ་ནས་ཡམ་ཤིང་ནས་བརྩམས་ཏེ་བསྲེག་རྫས་རྣམས་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་ལ་སོགས་པ་སྒྲུབ་གཡོག་གཅིག་གིས་གྲངས་འཛིན་དུ་བཅུག་ལ་སྔར་བཤད་པའི་སྔགས་ཀྱིས་དབུལ་ཏེ། དེའང་གྲངས་བདུན་བདུན་ཙམ་གྱི་མཇུག་ཏུ་ཨོཾ་སརྦ་པཱ་པཾ་ད་ཧ་ན་ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས་མཐའ་རྟེན་སྤེལ་ཞིང་དབུལ། དེ་ལ་ཡམ་ཤིང་ནི་འོད་འབར་བ་ལ་དབུལ། ཞུ་བའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་སིབ་སིབ་གསོལ་བར་བསམ་ཞིང་དབུལ། གོང་བུའི་རྫས་རྣམས་ནི་ཕྱག་ཏུའོ། །ཞུ་བའི་རྫས་རྣམས་ནི་གཟར་བུས་དབུལ། གོང་བུའི་རྫས་རྣམས་ནི་རང་གི་ལག་པ་གཡོན་པས་བཟུང་སྟེ་གཡས་པའི་མཐེ་བོང་དང་སྲིན་ལག་གིས་བླངས་ལ་འོག་ནས་བསྐོར་ཞིང་དབུལ། ཡང་སྐབས་སུ་མར་གྱི་དགང་བླུགས་གསུམ་ཙམ་དབུལ། དགང་བླུགས་གཉིས་ཀྱིས་མི་འབུལ་བའི་དུས་སུ་དགང་བླུགས་རྡོ་རྗེ་དྲིལ་བུའི་བར་དུ་ཁ་སྦྱར་ལ་བཞག་སྟེ་སོ་སོར་བཞག་ན་བར་ཆད་ཀྱི་ཆོས་ཡིན་གསུང་ངོ༌། །བསྲེག་རྫས་རྫོགས་པ་དང་ཡང་མར་གྱི་དགང་བླུགས་གསུམ་དབུལ། ཕྱི་ནང་གི་མཆོད་པ་རྒྱས་པས་མཆོད། བསྟོད་པ་བྱ། གཏོར་མ་བཏང་ལ། འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་དག་མགོན་པོས་བཟོད་པར་མཛོད། །བདག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་སེམས་ཀྱི་སྒྲིབ་པ་དང་ལྡན་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་བར་བྱིང་བ་དང་རྒོད་པའི་དབང་དུ་གྱུར་བ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་པའི་རྗེས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་ཏེ་མཐར་ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་པས་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུའོ། །དངོས་གཞིའི་ཆོ་གའོ།།  །།དེ་ནས་མཇུག་གི་བྱ་བ་ལ་དྲུག་གི་དང་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཐབ་ཁུང་དུ་མེ་ལྷ་གསལ་བཏབ་ལ་བསྲེག་རྫས་ཀྱི་ལྷག་མ་བདུན་ནམ་ཉེར་གཅིག་ལ་སོགས་པ་ཅི་ཙམ་འབྱོར་པ་གོང་གི་མེ་ལྷ་མཆོད་པའི་སྐབས་ལྟར་དབུལ་ལོ། །མཐར་མར་གྱི་དགང་བླུགས་གསུམ་གང་བའི་སྦྱིན་སྲེག་དུ་དབུལ། དེའང་ཡོན་བདག་ལ་སོགས་པ་གཞན་གྱི་དོན་བྱེད་ན་དེའི་ལག་པ་གཡས་པའི་མཐེ་བོང་བདག་གི་གཡོན་པས་དགང་གཟར་བཅས་པ་བཟུང་ལ། ཡོན་བདག་ཆེ་གེ་མོ་ཞེས་བྱ་བའི་ནད་དང༌། གདོན་དང༌། བཀྲ་མི་ཤིས་པ་དང༌། བྱུར་དང༌། སྐལ་བ་ངན་པ་ཐམས་ཅད་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ་གང་བའི་སྦྱིན་སྲེག་གསུམ་པོ་དབུལ་ལོ། །རང་གི་དོན་བྱེད་ནའང་མཐར་སྤེལ་ཚིག་དེ་བཞིན་དུ་བརྗོད་དེ་དབུལ་བར་བྱའོ།།  །།གཉིས་པ་མེ་ལྷ་འཁོར་དང་བཅས་པ་ལ་དཀར་གསུམ་གྱི་གཏོར་མ་གཅིག་ལ་ཨ་ཀཱ་རོའི་སྔགས་ཀྱིས་བྱིན་ལ་ཇི་ལྟར་འབྱོར་པས་མཆོད་ལ་བསྟོད་པ་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱི་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོག་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བྱ་བས་སོ།།  །།གསུམ་པ་ཇི་ལྟར་འདོད་པའི་དོན་གསོལ་བ་གདབ་བོ། །བཞི་པ་གཤེགས་སུ་གསོལ་བ་ནི། དེ་ལ་བསང་གཏོར་དང་འཐོར་འཐུང་ཡང་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཞེས་པ་དང༌། ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ཞེས་བརྗོད་དེ་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་དང་ལག་པ་ཕྱིར་བཀྱེད་དེ་མེ་ལྷ་སྤྱན་དྲངས་པ་གཤེགས་སུ་གསོལ། དམ་ཚིག་པ་དེ་བདག་ལ་བསྡུའོ།།  །།ལྔ་པ་ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་ཅི་ནུས་པ་བཟླས་སོ།།  །།དྲུག་པ་ལས་ཀྱི་རྗེས་ནི། དངོས་གྲུབ་སྒྲུབ་པ་ཡིན་ན་ཐལ་བ་དེ་མེ་ཤིའི་བར་དུ་མི་བསྒུལ། །མེ་ཤི་བ་དང༌། གཞན་རེག་ཏུ་མི་གཞུག་པར་རང་གིས་ཕྱགས་ལ་གནས་དབེན་པར་བསྐྱལ་ལོ། །དངོས་གྲུབ་མི་སྒྲུབ་ན་འཕྲལ་ལ་ཕྱགས་ལ་གནས་དབེན་པར་བཞག ཐབ་དང་ཉེ་འཁོར་ཐམས་ཅད་བའི་ལྕི་བ་དང་དྲི་ཞིམ་པོའི་ཆུས་ཕྱུག་པར་བྱ་སྟེ་རྗེས་ཀྱི་བྱ་བའོ།།  །།འདི་ནི་དཔལ་ཀྱེའི་རྡོ་རྗེའི་བརྟག་པ་ཕྱི་མའི་ལེའུ་དང་པོ་རབ་གནས་ཀྱི་རྗེས་སུ་སྦྱིན་སྲེག་གསུངས་པའི་དོན་ཞི་བའི་སྦྱིན་སྲེག་གི་ཕྱག་ལེན་ཙམ་བྲིས་པ་ཡིན་གྱི། རྒྱས་པ་ལ་སོགས་པའི་ལས་བཞི་ནི་འོག་ཏུ་མདོར་བསྡུས་ཏེ་རྒྱས་པར་འཆད་པ་ལས་ཤེས་པར་བྱའོ། །ཆོ་ག་འདི་ནི་སྔགས་ཀྱི་ལྷག་ཆད་ཁ་སྐོང་བ་དང༌། སྔགས་མ་གྲུབ་པ་གྲུབ་པར་བྱེད་པ་དང༌། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པར་བྱེད་པ་ཡིན་པས་རྣལ་འབྱོར་པས་དུས་དང་གནས་སྐབས་ཐམས་ཅད་དུའང་བརྩོན་པར་བྱའོ། །ཞི་བའི་སྦྱིན་སྲེག་གི་ཐབ་དང་ཁ་ལྟ་ཕྱོགས་ཀྱིས་ལས་ཐམས་ཅད་ཀྱང་འགྲུབ་སྟེ། རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །ལས་ཀུན་བྱེད་པའི་སྦྱིན་སྲེག་སྟེ། །ཚད་དང་དབྱིབས་དང་ཁ་དོག་དང༌། །ཞི་བ་དང་མཐུན་ཤར་བལྟའོ། །ཞེས་གསུངས་སོ། །ཡང༌། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ན་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང༌། །དེ་ཕྱིར་རྡོ་རྗེ་མཁའ་འགྲོ་ཡི། །སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད། །ཅེས་གསུངས་སོ། །ཞི་བ་འབའ་ཞིག་གི་ཆོ་ག་ཞིབ་ཏུ་བསྟན་ཅིང་རྣམ་པར་གཞག་པ་མདོར་བསྟན་པ་རྫོགས་སོ། །རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ད་ནི་ལས་བཞིའི་ཆོ་ག་མདོར་བསྡུས་ཏེ་རྣམ་གཞག་རྒྱས་པར་བརྗོད་ན། འདི་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཏུ་བྱ་བའོ། །དང་པོ་ལ་དྲུག་སྟེ། ཐབ་ཀྱི་དབང་དུ་བྱས་པ། བརྩིག་པ་བུད་ཤིང༌། སྦར་བ་མེ། ཡམ་ཤིང་དང་མཆོད་རྫས། བཤམ་ཐབས། སྒྲུབ་པ་པོའི་དབང་དུ་བྱས་པའོ། །དང་པོ་ལ་ལྔ། ཐབ་ཀྱི་དབྱིབས། ཚད། ཁ་དོག མཚན་མ། མུ་རན་ནོ། །ལྔ་པོ་དེ་དག་ལས་བཞི་སོ་སོ་ལ་སྦྱར་ཏེ་བརྗོད་ན། ཞི་བའི་དབྱིབས་ནི་ཟླུམ་པོ། རྒྱར་ཁྲུ་གང་ལ་ཟབས་སུ་ཁྲུ་ཕྱེད། །ཁ་དོག་ས་དཀར་རམ་ཅནྡན་དཀར་པོས་བྱུག མཚན་མ་ལ་དབུས་སུ་ལྷ་དགུའི་མཚན་མ་བྲི་བ་ནི་ལས་བཞི་ཀ་མཐུན་ལ། འདིར་ཁ་ཁྱེར་སོར་བཞི་བསྐྱེད་ལ་སོར་བཞི་དཔངས་སུ་བརྩིགས་པའི་མུ་རན་ལ་རྡོ་རྗེས་མཚན་པའོ། །རྒྱས་པའི་དབྱིབས་གྲུ་བཞི་རྒྱར་ཁྲུ་དོ་ལ་དཔངས་སུ་ཁྲུ་གང༌། ཁ་དོག་ས་སེར་པོའམ་གུར་གུམ་གྱིས་བྱུག ཁ་ཁྱེར་སོར་བརྒྱད་བསྐྱེད་ལ་སོར་བརྒྱད་དཔངས་སུ་བརྩིགས་པའི་མུ་རན་ལ་རིན་པོ་ཆེས་མཚན་པའོ། །དབང་གི་དབྱིབས་ཟླ་བ་ཕྱེད་པ། ཚད་ནི་ཞི་བ་དང་འདྲ་ལ། ཁ་དོག་ས་དམར་པོའམ་ཙནྡན་དམར་པོས་བྱུག ཁ་ཁྱེར་སོར་བཞི་བསྐྱེད་ལ་སོར་བཞི་དཔངས་སུ་བརྩིགས་པའི་མུ་རན་ལ་ལྕགས་ཀྱུས་མཚན་པའོ། །དྲག་པོའི་དབྱིབས་གྲུ་གསུམ། རྒྱར་སོར་མོ་ཉི་ཤུ་ལ་ཟབས་སུ་སོར་མོ་བཅུ། ཁ་དོག་ནག་པོ་ཁ་ཁྱེར་སོར་གསུམ་བསྐྱེད་ལ་སོར་གསུམ་དཔངས་སུ་བརྩིགས་པའི་མུ་རན་ལ་རྡོ་རྗེ་རྩེ་གསུམ་པ་གདེངས་པས་མཚན་པའོ། །ཐབ་དེ་བཞི་ཀའི་མཚམས་ཀྱི་གྲུ་བཞིར་ཟླ་ཕྱེད་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཡིན་ནོ། །ཞར་ལས་བྱུང་བ་ལས་ཐམས་ཅད་པའི་ཐབ་ཁུང་ནི། ཞི་བའི་ཐབ་ཁུང་དུ་ཁ་ཤར་དུ་བལྟས་ནས་ལྷག་མ་རྣམས་རང་རང་གི་ཆོ་ག་བཞིན་དུ་བྱས་ན་ལས་ཐམས་ཅད་འགྲུབ་བོ་ཞེས་རིན་ཆེན་འབར་བ་ལས་འབྱུང་ངོ༌། །སཾ་པུ་ཊའི་རྒྱུད་ཕྱི་མ་ལས་ནི་ཁྲུ་དོ་པ་དང་གྲུ་བཞི་སེར་པོས་བྱུགས་ལ། དབུས་སུ་ཞི་བའི་ཐབ་ཁུང་ཇི་ལྟ་བ་བཞིན་བྱས་ལ། ཟླུམ་པོའི་ནང་དུ་གྲུ་གསུམ་ནང་ནག་པོས་བྱུགས་ཤིང་དེའི་ཟླ་གམ་གསུམ་ནི་དམར་པོར་བྱས་ལ། ནག་པོའི་ནང་དུ་ལྷ་དགུའི་མཚན་མ་བྲི། ཕྱི་རོལ་སེར་པོའི་རྩེ་མོ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པར་བྱས་ན་ལས་ཐམས་ཅད་པའི་ཐབ་ཁུང་ཡིན་ཏེ་ཆོ་ག་ལྷག་མ་རྣམས་ལས་སོ་སོའི་ཆོ་ག་བཞིན་དུ་བྱའོ། །ཐབ་ཀྱི་དབང་དུ་བྱས་པའོ།།  །།གཉིས་པ་བུད་ཤིང་ནི་ཞི་བ་ལ་འོ་མ་ཅན་གྱི་རྩེ་མོ་ལས་བྱུང་བའམ། ནགས་ཀྱི་བ་ལང་གི་ལྕི་བ་ལས་བྱའོ། །རྒྱས་པ་ལ་ནི་སེར་ཞིང་དྲི་ཞིམ་པོའི་དབུས་ཀྱི་ཆ་ལས་བྱུང་བའོ། །དབང་ལ་ཁ་དོག་དམར་བའམ་རོ་སྐྱུར་བའོ། །དྲག་པོ་ལ་ནག་པོ་འཁྱོགས་པོ་རྩ་བའི་ཆ་ལས་བྱུང་བའོ། །གཞན་ཡང་བུད་ཤིང་བོང་བུ་དང་རྔ་མོའི་སྦངས་ལ་སོགས་པ་དང༌། བསྲེག་རྫས་ཁྱི་དང་མིའི་ཤ་ལ་སོགས་པ་ལས་མཐའ་ཡས་པ་རྣམས་ནི་ཡང་དག་པར་སྦྱོར་བ་ལ་སོགས་པ་རྒྱུད་སོ་སོའི་སྟེང་དུ་རྟོགས་པར་བྱའོ།།  །།གསུམ་པ་སྦར་བ་མེ་ནི། ཞི་བ་ལ་བྲམ་ཟེ་རྒྱུན་ཞག་གི་མེའམ་འོ་མ་ཅན་གཙུབས་པ་ལས་བྱུང་བའི་མེས་བྱའོ། །རྒྱས་པ་ལ་དགེ་འདུན་གྱི་བསྲོ་ཁང་ངམ་རྒྱལ་པོའི་ཁྱིམ་གྱི་མེས་བྱའོ། །དབང་ལ་སྨད་འཚོང་མའི་ཁྱིམ་གྱི་མེའམ་སྤྲང་པོས་ལམ་དུ་བུས་པའི་མེས་བྱའོ། །དྲག་པོ་ལ་ཤན་པའི་ཁྱིམ་གྱི་མེའམ་རྡོ་དང་ལྕགས་གཙུབས་པ་ལས་བྱུང་བའི་མེས་བྱའོ། །བཞི་པ་ཡམ་ཤིང་དང་མཆོད་རྫས་ནི་ཞི་བ་ལ་འོ་མ་ཅན་གྱི་རྩེ་མོ་ལས་བྱུང་བ་སྦོམ་ཕྲ་མཐེའུ་ཆུང་ངམ་མཐེ་བོང་ཙམ་རིང་ཐུང་ཁུ་ཚུར་གཉིས་བཅངས་པའི་ཚད་ཙམ་ཡིན་ནོ། །རྒྱས་པ་ལ་ཁ་དོག་སེར་ཞིང་དྲི་ཞིམ་པ་རྩེ་ཁྲུ་གང་བའོ། །དབང་ལ་ཁ་དོག་དམར་ཞིང་རོ་སྐྱུར་བ་ཚད་ཞི་བ་དང་མཐུན་ནོ། །དྲག་པོ་ལ་ཤིང་གནག་ཅིང་འཁྱོགས་པ་དྲི་མི་ཞིམ་པ་སོར་བཅུ་གཉིས་པ་ཡིན་ནོ། །མཆོད་རྫས་ནི་ཆུ་བཞི་སྔོན་དུ་འགྲོ་བ་ཅི་འབྱོར་པ་དང་གཏོར་མ་གཉིས་སོ། །བསྲེག་རྫས་གཞན་རྣམས་ནི་རང་རང་ཅི་འབྱོར་པ་ཡིན་ནའང་ཞི་བ་ལ་གཙོར་བོར་ཏིལ། རྒྱས་པ་ལ་ཐུན་མོང་དུ་ཞོ་ལས་བྱས་པའི་ཟས་མཆོག བྱེ་བྲག་ཏུ་ཚེ་རྒྱས་པ་ལ་དཱུར་བ་དང༌། ལོངས་སྤྱོད་རྒྱས་པ་ལ་འབྲུ་ལ་སོགས་པ་ཤེས་པར་བྱའོ། །དབང་ལ་ཨུཏྤལ་ལ་སོགས་པ། དྲག་པོ་ལ་ཁྲག་དང་དུག་ལ་སོགས་པ་ཡིན་ནོ།།  །།ལྔ་པ་བཤམ་ཐབས་ནི་ལས་འཇམ་པོ་གསུམ་ལ་བསྲེག་རྫས་གཡས་ལ་མཆོད་རྫས་གཡོན། དྲག་པོ་ལ་དེ་ལས་གོ་བཟློག་པ་ཡིན་ནོ། །དྲུག་པ་སྒྲུབ་པ་པོའི་དབང་དུ་བྱས་པ་ལ་དྲུག བསམ་པ་དང༌། དུས་དང༌། ཁ་ལྟ་ཕྱོགས་དང༌། རྒྱན་དང་ཆས་གོས་དང༌། འདུག་སྟངས་དང༌། ཞར་ལས་བྱུང་བ་དགང་བླུགས་སོ། །དེ་ལ་དང་པོ་ལྔ་ནི་གཟུང་བདེ་བར་བྱ་བའི་ཕྱིར་ཕྱོགས་རེར་བསྡེབས་ནས་བརྗོད་ན། སྡིག་པ་ལ་སོགས་པ་ཞི་བའི་བསམ་པས་སྲོད་ཀྱི་དུས་སུ་ཁ་ཤར་དུ་བལྟས་ཏེ་རྒྱན་དང་ཆས་གོས་དཀར་པོ་དང་ལྡན་པས་ཙོག་པུར་འདུག་སྟངས་ཀྱིས་གནས་ཏེ་ཞི་བའི་ལས་བརྩམ་མོ། །ཚེ་དང་བསོད་ནམས་ལ་སོགས་པ་རབ་ཏུ་རྒྱས་ཏེ་ཚིམ་པའི་བསམ་པས་སྔ་དྲོའི་དུས་སུ་ཁ་བྱང་དུ་བལྟས་ཏེ་རྒྱན་དང་གོས་ལ་སོགས་པ་སེར་ཞིང་རབ་ཏུ་རྒྱ་ཆེ་བའི་ཆས་དང་ལྡན་པས་བཟང་པོའི་འདུག་སྟངས་ཀྱིས་རྒྱས་པའི་ལས་བརྩམ་མོ། །རྒྱལ་པོ་ལ་སོགས་པ་དབང་དུ་བྱ་ཞིང་རྗེས་སུ་ཆགས་པའི་བསམ་པས་ཕྱེ་མ་རེད་ཀྱི་དུས་སུ་ཁ་ནུབ་ཏུ་བལྟས་ཏེ་རྒྱན་དང་གོས་དམར་པོ་དང་ལྡན་པས་པདྨའི་འདུག་སྟངས་ཀྱིས་དབང་གི་ལས་བརྩམ་མོ། །དགྲ་དང་བགེགས་གསད་པ་ལ་སོགས་དྲག་ཅིང་རྩུབ་པའི་བསམ་པས་ནམ་ཕྱེད་དམ་ཉི་མའི་གུང་ལ་ཁ་ལྷོར་བལྟས་ཏེ་རྒྱན་དང་ཆས་གོས་ནག་པོ་དང་ལྡན་པས་སྟན་མེད་པའམ། སྟན་སྲབ་མོའི་སྟེང་དུ་རྐང་པ་གཡས་པས་གཡོན་པ་མནན་པའམ། གཡས་པ་བསྐུམ་ཞིང་གཡོན་བརྐྱང་པའི་ཕྱེད་ཀྲུང་གིས་དྲག་པོའི་ལས་བརྩམ་པར་བྱའོ། །ཞི་རྒྱས་གཉིས་ཀྱི་ཁ་ལྟ་ཕྱོགས་དེའང་གཞུང་ཕལ་ཆེར་ནས་ཞི་བ་ཤར་དང་རྒྱས་པ་བྱང་དུ་བལྟ་བར་བཤད། རིན་ཆེན་འབར་བ་ལས་ནི་ཞི་བ་ལ་བྱང་རྒྱས་པ་ལ་ཤར་དུ་ལྟ་བར་བཤད་དོ།།  །།དྲུག་པ་དགང་བླུགས་ཀྱི་ཚད་ནི་གསུམ་ལས། ཐོག་མར་ཆེ་བའི་ཚད་ནི་གསེར་ལ་སོགས་པའམ་ནིམ་པ་ལ་སོགས་པའི་ཤིང་ལས་བྱས་པའི་དགང་གཟར་གྱི་ཁའི་ཆུ་དང་ཞེང་ལ་སོར་བརྒྱད་པའམ། ཆུར་བརྒྱད་ལ་ཞེང་སེར་བཞི་པའང་རུང་ངོ༌། །ཁུང་བུ་སོར་བཞི་པའི་དབུས་སུ་ཆུ་དང་དཔངས་ལ་སོར་བཞི་པའི་རྡོ་རྗེ། གྲུ་བཞི་དེའི་སྟེང་གི་ཁ་ཁྱེར་དང་འོག་གཉིས་ཀ་ལ་ཕྱོགས་རེར་སོར་གཉིས་གཉིས་བྱས་པས་སོར་བཞི་པ། སྟེང་གི་ཁ་ཁྱེར་གྱི་མཐའ་ནས་རིན་པོ་ཆེའི་ཕ་གུའམ་པདྨས་མཛེས་པར་བྱས་པ། འོག་གི་ངོས་ལ་པདྨ། དེ་གཉིས་ཀྱི་དབུས་སུ་རྐེད་པ་ཅུང་ཟད་ཕྲ་བ་ལ་ཇི་ལྟར་མཛེས་པའི་སྐ་རགས་ཀྱིས་བསྐོར་བའོ། །མདུན་ངོས་སུ་ཁུ་བཅུད་འཛག་པའི་ཁུང་བུ་མཐེའུ་ཆུང་དང་མཉམ་པ། དེའི་ཁུ་བཅུད་འཛག་པའི་རྡོ་རྗེ་རྩེ་གསུམ་པར་བྱས་པའི་དབུས་མ་སྨྱོ་བྱེད་ཀྱི་མེ་ཏོག་དང་མཚུངས་པ་སོར་བཞིའི་དཀྱུས་ཡིན་ཏེ། མཐའ་གཉིས་ནས་རྡོ་རྗེའི་རྭ་རེ་རེ་བྱས་པས་རྡོ་རྗེ་རྩེ་གསུམ་པའང་ཡིན་ནོ། །འདིའི་ཞིང་ནི་ཅུང་ཟད་ཀྱོང་བའི་ཁུ་བཅུད་འཛག་པའི་ས་དང་བཅས་པའི་ཡུ་བ་ལ་ཁྲུ་དོ་དང༌། དེའི་མཐར་རྡོ་རྗེ་རྩེ་ལྔ་པ་སོར་དྲུག་པ། རྩེ་མོ་ན་རིན་པོ་ཆེ་སོར་གཉིས་པ་ཡིན་ནོ། །བླུགས་གཟར་གྱི་ཁ་ནི་ཆུ་དང་ཞེང་དུ་སོར་དྲུག་པ་པདྨའི་འདབ་མ་ལྟ་བུ། ཞེང་དང་ཟབས་སུ་སོར་གསུམ་པའི་ཁུང་བུ་བརྐོས་ལ། དེའི་དབུས་སུ་ཆུ་དང་ཞེང་དུ་སོར་གསུམ་པའི་རྡོ་རྗེ་བྲིའོ། །ཡུ་བ་ཁྲུ་གང་དང༌། རིན་པོ་ཆེ་སོར་གཅིག་དང་རྡོ་རྗེ་སོར་གསུམ་པ་མཐར་བྱའོ། །དགང་བླུགས་ཆུང་བའི་ཚད་ནི་གཉིས་ཀའི་ཡུ་བ་ལ་ཁྲུ་གང་དང༌། རྩེ་མོ་རྡོ་རྗེ་རྩེ་ལྔ་པའམ་རྩེ་དགུ་པ་སོར་བཞི་དང༌། རིན་པོ་ཆེ་སོར་གཉིས་པ་ནི་གཉིས་ཀ་ལ་འདྲ་ལ། དགང་གཟར་གྱི་ཁ་ནི་རྒྱ་དང་ཟབས་སུ་སོར་བཞི་པའམ་སོར་དྲུག་པ་ཕྱི་གྲུ་བཞི་ནང་ཟླུམ་པོ། དེའི་དཀྱིལ་དུ་རི་མོ་གྲུ་གསུམ་བྲིས་པས་ལོགས་གསུམ་དུ་ཟླ་གམ་གསུམ་འོང་བས་ལས་བཞི་འགྲུབ་ལ། ཁ་ཁྱེར་ལ་སོར་རེ། དཀྱིལ་དུ་སོར་བཞི་པའི་རྡོ་རྗེ་བྲིའོ། །དེའི་མཐར་སོར་གསུམ་པའི་པདྨའམ་རྡོ་རྗེ་རྩེ་གསུམ་པའི་དབྱིབས། དེའི་སྟེང་ནས་ཁུ་བཅུད་འབབ་པའི་ཁུང་བུ་མཐེའུ་ཆུང་དང་མཉམ་པ་ཡིན་ནོ། །བླུགས་གཟར་གྱི་རྩེ་མོ་ནི་པདྨའི་འདབ་མའམ་བའི་མིག་ལྟ་བུ། རྒྱར་སོར་གཉིས་པ་ཟབས་སུ་སོར་གཅིག་པ་དེའི་དབུས་སུ་སོར་གཅིག་པའི་རྡོ་རྗེའམ་སྣ་ཚོགས་རྡོ་རྗེ་བྲིའོ། །ཡུ་བའི་ནང་བླུགས་གཟར་གྱི་རྩེ་མོ་ནི་ཆུ་སྲིན་གྱི་ཁ་ལས་བྱུང་བའོ་ཞེས་ཀྱང་བཤད་དོ། །དགང་བླུགས་ཤིན་ཏུ་བསྡུས་པ་ནི་ལག་པ་གཡོན་པའི་སོར་མོ་ལྔ་བཅེར་བ་ནི་དགང་གཟར་ཡིན་ལ། གཡས་པའི་སོར་མོ་གསུམ་གྱིས་ནི་བླུགས་གཟར་བྱའོ། །དགང་བླུགས་རྒྱས་བསྡུས་གསུམ་པོ་འདི་ནི་རྡོ་རྗེ་གདན་བཞིའི་རྒྱུད་རྒྱས་པ་དང་རྡོ་རྗེ་མཁའ་འགྲོ་ནས་འབྱུང་བའི་དོན་བཟང་པོ་ཡོངས་སུ་བཟུང་བ་དང༌། རིན་ཆེན་འབར་བ་ནས་འབྱུང་བ་བཞིན་བྲིས་པ་ཡིན་ལ། འབྲིང་པོ་ནི་ཡེ་ཤེས་ཐིག་ལེའི་དོན་བྲིས་པ་ཡིན་ནོ། །སྦྱོར་བའི་ཆོ་ག་བརྗོད་ཟིན་ཏོ།།  །།དངོས་གཞི་ལ་དྲུག་སྟེ། བདག་གི་རྣལ་འབྱོར་དང༌། མེ་བཙལ་ཞིང་བསྒྲུབ་པ་དང༌། ཐབ་དང་ཡོ་བྱད་བསང་བ་དང༌། ཐབ་ཁུང་མངོན་པར་འདུ་བྱ་བའི་ཁྱད་པར་དང༌། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ནི་བདག་གི་རྣལ་འབྱོར་ཡན་ལག་དྲུག་ལ་སོགས་པ་རྫོགས་པར་བསྒོམས་ལ། བཟླས་པ་ཅུང་ཟད་བྱས་ཏེ་དཀྱིལ་འཁོར་བསྡུས་ལ་གཙོ་བོའི་ང་རྒྱལ་དང་ལྡན་པས་གཉིས་པ་མེ་བཙལ་ཞིང་སྒྲུབ་པ་ནས་བཟུང་སྟེ་འདས་པའི་མེ་ལྷ་མཆོད་པའི་བར་ཐམས་ཅད་ཞི་བའི་སྐབས་སུ་བསྟན་པ་དང་འདྲ་ལ། ཁྱད་པར་ཅུང་ཟད་བརྗོད་ན། ཐབ་ཁུང་མངོན་པར་འདུ་བྱ་བའི་སྐབས་སུ་ཧཱུྃ་ལས་བྱུང་བའི་ཐབ་ཁུང་ཞི་བ་ལ་དཀར་པོ་རྒྱ་དང་ཚད་ཡོངས་སུ་མ་ཆད་པ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷའི་ཞལ་ནི་ཞི་བ་ལ་དཀར་ཞིང་འཛུམ་པ་དང༌། རྒྱས་པ་ལ་སེར་ཞིང་གཟི་བརྗིད་དང་ལྡན་པ་དང༌། དབང་ལ་དམར་ཞིང་ཆགས་པ་དང་ལྡན་པ་དང༌། དྲག་པོ་ལ་གནག་ཅིང་རབ་ཏུ་ཁྲོས་པ་ཁམས་གསུམ་ཟ་བར་ནུས་པ་བསམ་པར་བྱའོ། །བསྲེག་རྫས་རྣམས་འབུལ་བའི་སྔགས་ཀྱི་མཐའ་རྟེན་ནི། ཞི་བ་ལ་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་སྭཱ་ཧཱའི་མཐའ་དང་ལྡན་པ་ཡིན་ནོ། །རྒྱས་པ་ལ་བསོད་ནམས་རྒྱས་པ་ལ་པུ་ཎྱ་པུཥྚིཾ་ཀུ་རུ་ཨོཾ། ཚེ་རྒྱས་པ་ལ་ཨཱ་ཡུཿཔུཥྚིཾ་ཀུ་རུ་ཨོཾ། ལོངས་སྤྱོད་རྒྱས་པ་ལ་དྷཱ་ན་པུཥྚིཾ་ཀུ་རུ་ཨོཾ། ཞེས་བྱ་བ་ལ་སོགས་པ་ཨོཾ་གྱི་མཐའ་ཅན་གྱིས་བསྲེག་རྫས་ཐམས་ཅད་དབུལ་ལོ། །དབང་དུ་བྱ་བ་ལ། རྒྱལ་པོ་དབང་དུ་བྱ་བ་ལ་རྒྱལ་པོ་ཝ་ཤཾ་ཀུ་རུ་ཧོ་ཞེས་བྱ་བ་ལ་སོགས་པ་ཧོའི་མཐའ་ཅན་གྱིས་བསྲེག་རྫས་ཐམས་ཅད་དབུལ་ལོ། །དྲག་པོ་ལ་ནི་དགྲ་བོ་མཱ་ར་ཡ་ཕཊ་ཅེས་པའམ་བགེགས་མཱ་ར་ཡ་ཕཊ་ཅེས་བྱ་བ་ལ་སོགས་པའི་མཐའ་ཅན་གྱིས་བསྲེག་རྫས་ཐམས་ཅད་དབུལ་ལོ། །དངོས་གཞིའི་ཆོ་ག་བསྟན་ཟིན་ཏོ།།  །།མཇུག་གི་བྱ་བ་ལ་དྲུག འཇིག་རྟེན་པའི་མེ་ལྷ་མཆོད་པ་དང༌། གཏོར་མ་དབུལ་བ་དང༌། འདོད་པའི་དོན་གསོལ་བ་གདབ་པ་དང༌། ཆོ་ག་ལྷག་ཆད་ཁ་བསྐང་བ་དང༌། བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ་དང༌། ཙ་རུའི་བཟའ་བ་བྱ་ཞིང་ལས་ཀྱི་རྗེས་བསྡུ་བའོ། །དེ་ལ་ལྷག་མ་ཐམས་ཅད་ནི་ཞི་བའི་སྦྱིན་སྲེག་དང་འདྲ་ལ། འདོད་པའི་དོན་གསོལ་བ་གདབ་པའི་སྐབས་སུ་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་དང༌། ཚེ་དང་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ་ཞེས་པ་ལྟ་བུ་དང༌། རྒྱལ་པོ་ལ་སོགས་པ་དབང་དུ་འདུ་བར་མཛད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་དང༌། གདུག་པ་ཅན་ཐམས་ཅད་གསད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་རང་གང་འདོད་པའི་དོན་གསོལ་བ་གདབ་པར་བྱའོ། །ལས་བཞིའི་ཆོ་ག་མདོར་བསྡུས་ཤིང་རྣམ་གཞག་རྒྱས་པར་བརྗོད་ཟིན་ཏོ།།  །།ཞི་བའི་སྦྱིན་སྲེག་གི་ཆོ་ག་ཞིབ་ཏུ་བསྟན་ཅིང་རྣམ་གཞག་མདོར་བསྡུས་པ་ནི་སློབ་དཔོན་རིན་པོ་ཆེས་མཛད་ལ། ལས་བཞིའི་ཆོ་ག་མདོར་བསྟན་ཅིང་རྣམ་གཞག་རྒྱས་པར་བརྗོད་པ་འདི་ནི་རིག་སྔགས་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*