བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་ལག་ལེན་གྱི་ཐོ་ཡིག

༼ཇ༽

༄༅། །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་ལག་ལེན་གྱི་ཐོ་ཡིག་བཞུགས་སོ།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་ལག་ལེན་གྱི་ཐོ་ཡིག དབང་གི་ཆུ་བོ་མ་ཉམས་པར་ཐོབ་པའི་སློབ་མ་རྣམས་ཀྱི་དོན་དུ་སྔོན་དུ་བསྙེན་པ་ཅི་རིགས་པ་བྱས་ལ། ཁྱད་པར་དུ་གྱུར་པའི་དུས་སུ་སའི་ཕྱོགས་དབེན་ཞིང་གཙང་བར་བྱས་ལ། ཆང་དང་བདུད་རྩི་དང་སྤོས་ཀྱིས་བྱུག སྐུ་ཚོམ་བུའི་དཀྱིལ་འཁོར་མེ་ཏོག་གི་ཚོམ་བུ་བཅོ་ལྔ་ལྷའི་གནས་བཞིན་དུ་དགོད། གཙོ་མོའི་ཚོམ་བུའི་ནུབ་ཏུ་ཐོད་པའི་ནང་དུ་ཆང་ལ་བདུད་རྩི་སྦྱར་བ་བླུགས་ལ་བྱིན་གྱིས་བརླབས་ཏེ། འབྱུང་བ་རིམ་བརྩེགས་རི་རབ་དང་གཞལ་ཡས་ཁང་དུ་མོས་པ་བྱས་ལ་བཞག དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རའམ་རམས་དང་ཤ་ཆེན་སྦྱངས་པའི་ཕྱེ་མ་དར་ལ་བཙགས་ཏེ་དེ་ལ་ཕྱི་རོལ་ཆོས་འབྱུང༌། ནང་གཞལ་ཡས་ཁང་པ་གྲུ་བཞི་པ་པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ལ། གསུང་ཡིག་འབྲུའི་དཀྱིལ་འཁོར་ལྷ་མོ་རྣམས་ཀྱི་གནས་བཞིན་དུ་ས་བོན་བཅོ་ལྔ་དགོད། ཡང་ལྟེ་བར་ཐུགས་ཕྱག་མཚན་གྱི་དཀྱིལ་འཁོར་ཞེས་བྱ་བ་གྲི་གུག་དང་ཐོད་པ་བྲི་བར་བྱའོ། །དེ་རས་དམར་པོས་ཁ་བཅད་དམ་ཡོལ་བ་ལ་སོགས་པ་བྱས་ལ་གཞལ་ཡས་ཁང་གི་ཚུལ་དུ་གཡོགས་སོ། །དེའི་སྔོན་དུ་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་གཏོར་མ་དང་བཅས་པ་ཕྱི་རོལ་དུ་ཅི་འབྱོར་བའི་ཚུལ་དུ་བཤམ་མོ། །དེ་ནས་རྣལ་འབྱོར་པ་རྣམས་འཚོགས་པ་དང༌། ལྷའི་རྣལ་འབྱོར་ལ་གནས་པའི་དོན་དུ་གསོལ་བ་གདབ་བོ། །ཡིག་གེ་བརྒྱ་པ་བཟླས་ལ་རྒྱུད་སྦྱང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྷ་མོ་བཅོ་ལྔ་བསྒོམ། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱས་པས་རྐྱེན་བྱས་ནས་ལུས་ཀྱི་དཀྱིལ་འཁོར་ལྷ་མོ་བཅོ་ལྔ་དང༌། ལྷ་བརྒྱ་ལྔ་བཅུ་རྩ་བདུན་བསྒོམ། མཆོད་བསྟོད་བདུད་རྩི་མྱང་བ་དང༌། ཁ་དོག་གི་སྒོ་ནས་ཞེན་པ་སྤང་བའི་ཕྱིར་རྒྱལ་བ་དྲུག་གི་བདག་ཉིད་ཡན་ལག་དྲུག་བསྒོམ་པའི་བར་རྫོགས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ་བཟླས་པ་ཅུང་ཟད་ཅིག་བྱའོ། །མདུན་གྱི་ཚོམ་བུའི་དཀྱིལ་འཁོར་ནི་བརྡའམ་གདན་ཙམ་ཡིན་པས་བསྐྱེད་མི་དགོས། མེ་ལོང་གི་དཀྱིལ་འཁོར་གཞལ་ཡས་ཁང་བསྐྱེད་པ་དང༌། མངོན་བྱང་ལྔ་ལས་ལྷ་མོ་བཅོ་ལྔ་བསྐྱེད་པ་དང༌། ཡན་ལག་བཞི་རྫོགས་སུ་བྱ་བ་བདག་གི་རྣལ་འབྱོར་བཞིན་བྱ། ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་བྱིན་གྱིས་བརླབ་པ་ནས་བཟུང་སྟེ་རྒྱས་པར་མཆོད། །ནང་བདུད་རྩིའི་མཆོད་པ་དང༌། ལྷ་མོ་བརྒྱད་ཀྱིས་མཆོད་པ་དང༌། བསྟོད་པའི་མཆོད་པས་མཆོད་དོ། །སློབ་མ་ལ་དབང་ཇི་ཙམ་བསྐུར་བ་བཞིན་དུ་བདག་འཇུག་རྒྱས་པར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཏང༌། ཚོགས་བཏེག་ལ་བྱིན་གྱིས་བརླབ་པར་བྱ། ཕུད་སྤྲོས་ལ་དབུལ། ཚོགས་ལ་ལོངས་སྤྱད་དོ། །ལྷག་མ་ནས་སྨོན་ལམ་གྱི་བར་དུ་ཚོགས་ཀྱི་མཇུག་གི་བྱ་བ་དང་ཆོ་ག་རྫོགས་པར་བྱ། སློབ་མ་ཉི་ཤུ་རྩ་ལྔ་ལས་མང་བ་ལ་མི་མཛད། དེའི་བར་གྱི་སློབ་མའི་གྲངས་ཀྱི་ཁ་ཡར་བ་དང་འཆམ་པ་ལ་ཉེས་པ་མེད་དེ་ཁྲུས་བྱེད་དུ་གཞུག གྲལ་གྱི་རིམ་པས་མཆོད་པའི་མཎྜལ་ཕུལ་ལ་གསོལ་བ་གདབ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རིགས་ལྔའི་སྡོམ་པ་གཟུང༌། དེ་ནས་གདོང་བཅིང༌། མི་རེ་རེ་ལ་སྒོས་ཀྱི་ཚར་བར་མི་མཛད་དེ། ཐུན་མོང་དུ་དམ་ལ་བཞག་པ་བཞིན་དུ་ལན་རེ་བ་བཞིས་དམ་ལ་བཞག ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ། གུ་གུལ་གྱི་དུད་པས་བདུག དབང་གི་ཆུ་བོ་ལྟ་བུའི་ཏིང་ངེ་འཛིན་བསྟན། ཨཱ་ལི་བཅོ་ལྔ་དབྱངས་སུ་བཟླ་ཞིང་དྲིལ་བུའམ། ཌཱ་མ་རུའི་སྒྲ་བྱ། སྐུའི་བྱིན་རླབས་ཞེས་བྱ་བ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་སྐྱེས་རུང་མ་སྐྱེས་རུང་སྟེ། སློབ་མ་རྡོ་རྗེ་བདག་མེད་མར་བྱས་པའི་མགྲིན་པར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཨཱ་ལི་ཀཱ་ལིའི་རྣམ་པས་བཞུགས་པར་བསམ་ཞིང༌། སྔ་མ་བཞིན་དུ་བདུག་པ་དང༌། རོལ་མོའི་སྒྲ་དང་ཨཱ་ལིའི་དབྱངས་བྱ། གསུང་གི་བྱིན་རླབས་ཡིན་ནོ། །ཡང་དེ་ལ་ཏིང་ངེ་འཛིན་སྐྱེས་རུང་མ་སྐྱེས་རུང་སྟེ། སློབ་མ་དེ་བདག་མེད་མའི་རྣམ་པ་གསལ་བ་དང༌། སྙིང་གར་ཐོད་པ་དང་གྲི་གུག་དམར་པོ་ཨྃ་གིས་མཚན་པ་ལས་འོད་ཟེར་དམར་པོ་བྱུང་སྟེ་ལུས་ཐམས་ཅད་དམར་ལམ་གྱིས་ཁེངས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་ཀར་འཇུག་པར་བསྒོམ་ཞིང་ཡང་སྔ་མ་བཞིན་བདུག་པ་དང་རོལ་མོ་དང་ཨཱ་ལིའི་སྒྲ་དབྱངས་བྱའོ། །དེ་ནས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གཞག་ཅིང་བརྟན་པར་བྱའོ། །དེ་ནས་འདི་ཡན་ཆད་ལ་དབང་རྫས་དངོས་སུ་མེད་ཀྱང་བླ་མའི་མན་ངག་ཏུ་བརྗོད་པའི་ཚུལ་གྱིས་བླ་མ་དང་སློབ་མས་བསྒོམ་ཞིང་བྱ་བ་ཐམས་ཅད་བྱ་སྟེ། ངག་ཏུ་བརྗོད་པ་ཐམས་ཅད་ནི་དབང་གི་ཆུ་བོ་བཞིན་དུ་རྫོགས་པར་བརྗོད་དོ། །དེ་ལའང་མེ་ཏོག་གཏོར་བ་ནི་སྔར་བདག་མེད་མའི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་ཐོབ་ན་རང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་མོ་དེ་ཉིད་ལ་ཕུལ་བར་བསམ་མོ། །རྗེ་བརྩུན་ཡབ་ཀྱི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་ཐོབ་པ་ཡིན་ན། ནང་གི་རྣལ་འབྱོར་མ་ལྔ་དང༌། སྟེང་འོག་གཉིས་པོ་བདུན་གྱི་ཡབ་ཀྱི་ཁོངས་སུ་འདུ་བ་ཡིན་པས་བདག་མེད་མ་ལ་འབུལ། ཕྱིའི་རྣལ་འབྱོར་མ་བརྒྱད་ལ་མེ་ཏོག་ཕོག་པ་ཡིན་ན་རང་རང་ལ་འབུལ་ལོ། །དེ་ལྟར་མེ་ཏོག་གི་ཕྲེང་བ་དོར་བ་དང༌། མགོ་ལ་བཅིང་བ་དང༌། གདོང་གཡོགས་དབྱེ་བ་དང༌། དམ་ཚིག་བསྟན་པར་བྱའོ། །དེ་ལ་ཕྱིའི་དཀྱིལ་འཁོར་བསྟན་པ་ནི། ཕྱི་རོལ་སྐུ་ཚོམ་བུའི་དཀྱིལ་འཁོར་སིནྡྷུ་རའི་དཀྱིལ་འཁོར་བསྟན། སྤྱི་ཁྱབ་ཏུ་ལྷ་མོ་བཅོ་ལྔའི་ཏིང་ངེ་འཛིན་གྱི་རྒྱས་གདབ་པ་བསྟན་ཏེ། ཕྱི་བརྡའི་དཀྱིལ་འཁོར་གསུམ་མོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་བསྟན་ཏེ། དེ་ནི་སྙིང་གའི་དབུས་ན་རྩ་གསུམ་མམ་ལྔ་བསྟེན་ཏེ་བདག་མེད་མ་བཞུགས། སྤྱི་བོ་དང་སྤྱི་གཙུག་ན་རྡོ་རྗེ་མ། རྣ་བ་གཡས་པ་དང་ལྟག་པར་གསང་བའི་དཀར་མོ། རྣ་བ་གཡོན་པ་དང་སྨིན་མཚམས་སུ་ཆུའི་རྣལ་འབྱོར་མ། མིག་གཉིས་དང་དཔུང་པ་གཉིས་སུ་རྡོ་རྗེ་མཁའ་འགྲོ་མ། མཆན་ཁུང་གཉིས་དང་ནུ་མ་གཉིས་སུ་པུཀྐ་སཱི། ལྟེ་བ་དང་སྣ་རྩེར་ཤ་བ་རཱི། ཁ་དང་མགྲིན་པར་ཙཎྜཱ་ལཱི། སྙིང་དང་འདོམ་དུ་ཌོམྦི་ནཱི། རྟགས་རྩེ་དང་བཤང་ལམ་དུ་གཽ་རཱི། བརླ་གཉིས་དང་བྱིན་པ་གཉིས་སུ་ཙཽ་རཱི། སོར་མོ་རྣམས་དང་བོལ་གོང་གཉིས་སུ་བེ་ཏཱ་ལཱི། མཐེ་བོང་བཞི་དང་པུས་མོ་གཉིས་སུ་གྷསྨ་རཱི། སྙིང་གའི་རྩ་བརྒྱད་ཀྱི་ཕྱི་མ་མདུན་གྱི་མཚམས་སུ་མཁའ་སྤྱོད་མ། རྒྱབ་ཀྱི་མཚམས་གཉིས་ན་ས་སྤྱོད་མ། ཕྱོགས་ཀྱི་བཞི་ནི་གཙོ་མོའི་ངོ་བོར་འདུག་གོ །དེ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་སྤྱི་དང་མཐུན་པར་བསྟན་ཏེ། དེ་ནི་རྩ་ལུས་ཀྱི་དཀྱིལ་འཁོར་རོ། །དེ་ནས་བྷ་གའི་དཀྱིལ་འཁོར་སྙིང་གི་ནང་དུ་ཧཱུྃ་གི་ཨྃ་གིས་དབང་བྱས་པའི་རྩ་དགུ། སྤྱི་བོ་ནས་པུས་མོའི་བར་དུ། པུ་ཛཱ་ཨཽ་ཨ་གོ་རཱ་དེ་མ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲ་གྲི་སཽ་སུ་ན་སི་མ་ཀུ་ཧཱུྃ་བཞི་དང་བཞིར་བཅས་པ་རྣམས་ཀྱིས་བྷ་གའི་དཀྱིལ་འཁོར་བསྟན། དེ་ཐམས་ཅད་བདུད་རྩིས་གང་བར་བསྟན་པས་བདུད་རྩིའི་དཀྱིལ་འཁོར་དང༌། དེ་ཐམས་ཅད་ལ་སྤྱི་ཁྱབ་ཏུ་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར། ཏིང་ངེ་འཛིན་གྱིས་ལྷར་བྱིན་གྱིས་བརླབ་པ་དང་བཅས་པ་རྣམས་བསྟན་པར་བྱའོ། །དེ་ནས་མཎྜལ་ཕུལ་ཏེ་དབང་གི་དོན་དུ་གསོལ་བ་གདབ་བོ། །ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། མིང༌། རྡོ་རྗེའི་བརྟུལ་ཞུགས་ཏེ་ཐུན་མོང་གི་དབང་དྲུག་བསྐུར་རོ། །དེ་ནས་ཐུན་མོང་མ་ཡིན་པའི་དབང་བསྐུར་བ་ལ་མཎྜལ་ཕུལ་ཞིང་གསོལ་བ་གདབ་ལ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར། དེ་བཞིན་དུ་གསང་དབང་ལ་སོགས་པའང་རིམ་པ་བཞིན་མཎྜལ་དང་གསོལ་བ་གདབ་པ་དང་དབང་དངོས་བསྐུར། གདོང་གཡོགས་དབྱེ་བ་དང༌། བཤད་པ་བྱ་བའི་ཚུལ་གྱིས་གསང་བ། ཤེས་རབ་ཡེ་ཤེས་དང་བཞི་པའི་བར་དུ་རྒྱུ་དུས་སུ་བསྐུར་བ་བཞིན་ཏེ། དེ་རྣམས་ཀྱི་བཤད་པ་ཡང་དབང་དང་དཀྱིལ་འཁོར་གང་ཡིན་པ་དང༌། དབང་དང་ལམ་དང༌། དམ་ཚིག་དང་ལྟ་བ་དང་འདའ་ཀ་མ་དང༌། བརྡ་དང༌། དཔེ་དང༌། གྲུབ་མཐའ་དང༌། འབྲས་བུའི་བར་དུ་རྒྱས་པར་བཤད་པར་བྱའོ། །དེའི་རྗེས་གནང་ལྷག་མ་རྣམས་ནི་གང་ཡང་མི་མཛད་དོ། །དེ་ནས་བུམ་དབང་བརྟན་པར་བྱ་བའི་དོན་དུ་མེ་ལོང་གི་རྡུལ་ཚོན་ཕྱིའི་གཞལ་ཡས་ཁང་ནས་བླངས་ལ་དཔྲལ་བར་བསྐུས་པས་སྐུའི་བྱིན་རླབས་ཞུགས་ཤིང་དབང་གི་གནས་སུ་བུམ་དབང་བརྟན་པར་བསམ། དེ་ནས་ཡིག་འབྲུ་རྣམས་ལས་རྡུལ་ཚོན་བླངས་ལ་མགྲིན་པར་བསྐུས་པས་གསུང་གི་བྱིན་རླབས་ཞུགས་པས་གསང་དབང་བརྟན་པར་བསམ། ཐུགས་ཕྱག་མཚན་ནས་བླངས་ཏེ་སྙིང་གར་བསྐུས་པས་ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་བརྟན་པར་བྱས་པར་བསམ་མོ། །དེ་ནས་དཀྱིལ་འཁོར་དེའི་འོག་གི་ཆང་བྱིན་རླབས་བྱས་ཏེ། དབང་བཞི་པ་སྦས་པའི་བརྡར་གཡོན་པའི་སྲིན་ལག་གིས་ལུས་ཐམས་ཅད་ལ་གཏོར་ཞིང་འཐུང་དུ་གཞུག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་དབང་བཞི་པ་བརྟན་པར་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དེ་བླ་མའི་ཞབས་ལ་ཕྱག་བྱ། ལུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དབུལ། སྡོམ་པ་ཐམས་ཅད་བསྡུས་ཏེ་ཁས་བླང་བར་བྱའོ། །རྡུལ་ཚོན་གྱི་ལྷ་རྣམས་མཆོད་དོ། །བདུད་རྩི་མྱང་བ་བྱ་བ་དང༌། །འདོད་པའི་དོན་གསོལ་བ་གདབ་པ་དང༌། དངོས་གྲུབ་བླང་བ་དང༌། ཡི་གེ་བརྒྱ་པ་ལན་གྲངས་མང་དུ་བརྗོད། བཟོད་པར་གསོལ་ལ་ཡི་གེ་བརྒྱ་པའི་མཐར་རྡུལ་ཚོན་དོན་དུ་གཉེར་བ་ལ་ཅུང་ཟད་སྦྱིན། རྡུལ་ཚོན་ལྷག་མ་རྣམས་ཟ་མ་ཏོག་ལ་སོགས་པར་བླུགས་ལ་མཆོད་པའི་རྟེན་ལ་སོགས་པར་བཞུགས་སུ་གསོལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བདག་ཉིད་ལ་ཡི་གེ་གསུམ་གྱིས་བསྲུངས་ལ་ཅི་བདེར་སྤྱད་དོ། །སྙན་ནས་སྙན་དུ་བརྒྱུད་པའི་གདམས་ངག་ཡི་གེར་བྲིས་པའི་འོས་མ་ཡིན་པ་རྗེ་བླ་མ་རྣམས་དང༌། དཔའ་བོ་དང༌། རྣལ་འབྱོར་མ་རྣམས་མི་བསྐྱོད་པར་བྱིན་གྱིས་བརླབ་ཏུ་གསོལ། དགེ་བ་དེས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག ལམ་གྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བའི་ལག་ལེན་གྱི་ཐོ་ཡིག་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་འདི་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*