བདག་མེད་ལྷ་མོ་བཅོ་ལྔའི་མངོན་རྟོགས།

༼ཇ༽

༄༅། །བདག་མེད་ལྷ་མོ་བཅོ་ལྔའི་མངོན་རྟོགས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །རྗེ་བཙུན་རྡོ་རྗེ་བདག་མེད་མ་བསྒྲུབ་པར་འདོད་པའི་གང་ཟག་ནི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའོ། །དེས་དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས་སུ། མཆོད་པ་ལ་སོགས་པའི་མཐུན་རྐྱེན་རྣམས་ཚང་བར་བྱས་ནས། ཐོ་རངས་ཀྱི་དུས་སུ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་བདག་མེད་མའི་ང་རྒྱལ་གྱིས་ལངས་ཏེ། ཡི་གེ་གསུམ་གྱིས་གནས་གསུམ་བསྲུངས་ལ། བསམ་གཏན་གྱི་གྲོགས་སུ་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བསམ་ཞིང་ཁྲུས་བྱས་ལ། དབང་ཐོབ་པ་ལས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །དེ་ནས་སྒྲུབ་པའི་ཁང་པ་དེ་ཉིད་དམ་གཞན་དུ་ཕྱིན་ལ་གྲུབ་ན་སྒྲུབ་པའི་མཎྜལ་ཚོམ་བུ་དགུ་པའམ་བཅོ་ལྔ་པ་བྱ། མ་གྲུབ་ནའང་འགལ་བ་མེད། ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཏོར་མ། བདུད་རྩི་དང༌། རྡོ་རྗེ་དྲིལ་བུ་དང༌། ནང་ནུབ་ཀྱི་བྱ་བ་གཞན་ནས་འབྱུང་བ་བཞིན་བྱའོ། །དེ་ནས་སྟན་བདེ་བ་ལ་བསྡད་ལ། ཡོད་ན་བདུད་རྩིའི་རི་ལུའམ། དེ་མེད་ན་ཆང་བདུད་རྩིར་བྱིན་གྱིས་བརླབས་ནས། འབྲུ་གསུམ་གྱིས་ལྕེ་ལ་བཞག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་བདག་མེད་མ་བསྒོམ་པར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་སྟེ། རང་གི་སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨྃ་སྔོན་པོ་དམིགས་ཏེ། དེ་ལས་འོད་ཟེར་ཁ་དོག་ལྔ་པ་ལྕགས་ཀྱུའི་དབྱིབས་ཅན་ནམ་མཁའི་ཕྱོགས་སུ་སྤྲོས་ཏེ་ལྷ་མོ་བཅོ་ལྔའི་བདག་ཉིད་དང་བླ་མ་མི་བསྐྱོད་པའི་ཆ་ལུགས་ཅན་སྟེང་གི་ཆ་ལ་བཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་པ་ནམ་མཁའི་ཕྱོགས་སུ་སྤྱན་དྲང་ངོ༌། །དེ་དག་གི་ཞབས་ལ་ཡིད་ཀྱིས་གུས་པས་ཕྱག་འཚལ་ཏེ། ཐུགས་ཀའི་ཨཾ་ལས་ལྷ་མོ་བརྒྱད་སྤྲོས་ལ་དེ་དག་གིས་མཆོད་པར་བྱའོ། །དེ་ལ་གཽ་རཱི་བྱང་སེམས་ཀྱིས་གང་བའི་ཐོད་པ་འཛིན་པ་དང༌། ཙཽ་རཱི་རཀྟས་གང་བའི་ཐོད་པ་འཛིན་པ་དང༌། བཻ་ཏཱ་ལཱི་རྡོ་རྗེ་ཆུས་གང་བའི་ལྷུང་བཟེད་འཛིན་པ། གྷསྨ་རཱི་གསང་བའི་སྨན་འཛིན་པ། པུཀྐ་སཱི་ཤ་སྣ་ཚོགས་ལས་གཙོར་མིའི་ཤས་གང་བའི་ཐོད་པ་འཛིན་པ་སྟེ། དེ་ལྔ་ནི་ནང་གི་མཆོད་པའོ། །ཤ་བ་རཱི་བཅུད་ཀྱིས་ལེན་གྱི་རོ་འཛིན་པ་དང༌། ཙཎྜཱ་ལཱི་སྒྲ་སྣ་ཚོགས་འབྱུང་བའི་ཅང་ཏེའུ་བརྡུང་བ་དང༌། དེ་གཉིས་ནི་ཕྱིའི་མཆོད་པའོ། །གཡུང་མོས་ལྷ་ཐམས་ཅད་ལ་འཁྱུད་པས་ལྷན་ཅིག་སྐྱེས་པ་ཟག་པ་མེད་པའི་བདེ་བས་མཉེས་པར་བསྒོམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་ནས་སྡིག་བཤགས་བྱ་སྟེ། ཚོགས་ཀྱི་ཞིང་རྟེན་གྱི་སྟོབས་ཀྱི་སྤྱན་སྔར་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པར་འདོད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང༌། ཕྱིས་སྲོག་གི་ཕྱིར་ཡང་མི་བྱེད་པར་དམ་འཆའ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་ལྡན་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཞིག་ཐོག་མ་མེད་པའི་འཁོར་བ་ནས། ངན་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་སྡིག་པའི་ལས་བགྱིས་པ་དང་བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་ཐམས་ཅད་བླ་མ་དང་བཅོམ་ལྡན་འདས་མའི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །སླན་ཆད་ཀྱང་བསྡམ་པར་བགྱིད་ལགས་སོ། །ཞེས་བརྗོད་དོ། །དེ་ནས་སྡིག་པ་དག་པར་བསྒོམ་པ་ནི་སོར་ཆུད་པའི་སྟོབས་སོ། །དེ་ནས་བསོད་ནམས་ལ་ཡི་རང་བར་བྱ་སྟེ། སོ་སོ་སྐྱེ་བོས་སྦྱིན་པ་སྣ་རེ་ཙམ་གཏོང་བ་ལ་སོགས་པའི་དགེ་བའི་རྩ་བ་དང༌། འཕགས་པ་ཉན་ཐོས་རང་དོན་དུ་བདེན་པ་བཞི་ཐུགས་སུ་ཆུད་པའི་དགེ་བའི་རྩ་བ་དང༌། རང་སངས་རྒྱས་རང་དོན་དུ་རྟེན་འབྲེལ་བཅུ་གཉིས་ཐུགས་སུ་ཆུད་པའི་དགེ་བའི་རྩ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལུས་དང་སྲོག་ལ་མི་ལྟ་བར་སེམས་ཅན་གྱི་དོན་མཛད་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་འདི་རྣམས་རེ་ལེགས་པ་ཡིན་སྙམ་དུ་ཐམས་ཅད་ལ་ཕྲག་དོག་མེད་པའི་རྗེས་སུ་ཡི་རང་བ་བསྒོམས་ཤིང་ངག་ཏུ་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སོ་སོ་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་དེ་རྣམས་ཀུན་ལ་རྒྱ་ཆེར་རྗེས་སུ་ཡི་རང་པར་བགྱིའོ། །དེ་ལྟ་བུའི་དགེ་བའི་རྩ་བ་དེ་རྣམས་བསྔོ་བར་བྱ་སྟེ། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་རྒྱུར་གྱུར་ཅིག་ཅེས་བརྗོད་དོ། །དེ་ནས་སྐྱབས་སུ་འགྲོ་བར་བྱ་སྟེ། བླ་མ་དང་གཙོ་བོ་ནི་སངས་རྒྱས་ཀྱི་ངོ་བོ། གསང་སྔགས་ཟབ་མོ་ནི་ཆོས། འཁོར་གྱི་ལྷ་མོ་ནི་དགེ་འདུན། དེ་ལྟ་བུའི་ཞིང་ནི་གཞན་པས་མཆོག་ཏུ་གྱུར་པའི་དཀོན་མཆོག་གསུམ་དུ་བསམས་ལ། འདི་སྐད་དུ་བདག་མིང་འདི་ཞེས་བགྱི་བས་དུས་ད་ནས་བཟུང་སྟེ། ཇི་སྲིད་རྡོ་རྗེ་བདག་མེད་མའི་གོ་འཕང་མ་ཐོབ་ཀྱི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་པར་བྱའོ། །དེ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཚོགས་ཀྱི་ཞིང་དང་བདག་ཉིད་དང༌། ཚོགས་ལ་སོགས་པའི་དངོས་པོ་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསྒོམ་པར་བྱའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་པའི་བདག་ཉིད་ཅན་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འདོད་པའི་བསམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཐོབ་པར་བྱའོ་ཞེས་བརྗོད་པའོ། །འཇུག་པའི་བདག་ཉིད་ཅན་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱད་པར་བྱའོ་སྙམ་པའི་བསམ་པས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་བྱ་བ་དང༌། སྤྱོད་པ་ཐམས་ཅད་བདག་གིས་སྤྱད་པར་བྱའོ། །ཞེས་བརྗོད་པར་བྱའོ། །དེ་ལྟར་ཕྱག་དང་མཆོད་པ་སྔོན་དུ་འགྲོ་བའི་ཡན་ལག་བདུན་ཏེ། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསྔོ་བ་བླ་ན་མེད་པ་དང༌། སྐྱབས་སུ་འགྲོ་བ་དང༌། དོན་དམ་བྱང་ཆུབ་སེམས་དང༌། སྨོན་པའི་བདག་ཉིད་ཅན་དང༌། འཇུག་པའི་བདག་ཉིད་ཅན་ནོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་པ་ནི་བྱམས་པའོ། །སྡུག་བསྔལ་དང་དེའི་རྒྱུ་དང་བྲལ་བར་འདོད་པ་ནི་སྙིང་རྗེའོ། །ལམ་ཁྱད་པར་ཅན་དང་འཕྲད་པར་འདོད་པ་ནི་དགའ་བའོ། །ཉེ་རིང་མེད་པ་ནི་བཏང་སྙོམས་ཏེ་དེ་ལྟར་ཚད་མེད་པ་བཞིའོ། །དེ་དག་ནི་བསོད་ནམས་ཀྱི་ཚོགས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རང་བཞིན་མེད་པར་རྟོགས་ལ། བདག་དང་ཁམས་གསུམ་སྣང་ཡང་རང་བཞིན་མེད་པར་སྟོང་པར་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྔར་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དྲན་པས་གཟུགས་སྐུར་ལངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པས་ནམ་མཁའ་སྟོང་པར་རང་གི་སེམས་ཉིད་པྃ་ལས་པདྨ། དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་དུ་འཕྲོས་པས་གུར་དང་བླ་རེ། འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི་རྣམས་རབ་ཏུ་བརྟན་པར་བསྒོམ་མོ། །དེར་སྤྲོས་པ་ལ་དགའ་བ་ན་ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་པས་ཀྱང་བརྟན་པར་བྱ་སྟེ་ཐུན་མོང་གི་སྲུང་བའི་འཁོར་ལོའོ། །དེའི་ནང་དུ་ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོའང་བསྒོམ་པར་བྱའོ། །མི་ཤེས་ན་འགལ་བ་མེད་དོ། །སྲུང་འཁོར་གཉིས་ཀྱི་བར་རམ་ཐམས་ཅད་ཀྱི་ཕྱི་རོལ་དུའང་རུང་སྟེ། དུར་ཁྲོད་ཆེན་པོ་བརྒྱད་སྐད་ཅིག་གིས་བསམ་པར་བྱའོ། །དེ་ནས་སྲུང་འཁོར་གྱི་ནང་དུ་གཞིའི་ཡན་ལག་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ་ཞབས་ཞུམ་པ་གདེངས་ཁ་གྱེན་དུ་ཕྱོགས་པར་བསམ་མོ། །དེའི་ནང་དུ་རྒྱུའི་ཡན་ལག་འབྱུང་བ་རིམ་བརྩེགས་ནི་ལྃ་ལས་འབྱུང་བ་སའི་དཀྱིལ་འཁོར་གྲུ་བཞི་པ་ལྗང་གུ་ལྃ་གྱིས་མཚན་པ་དང༌། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བྃ་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པ་དང༌། དེའི་སྟེང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་གཡོ་བའི་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བྷྲཱུྃ་གྱིས་མཚན་པའོ། །ལུགས་ལས་བཟློག་པའམ་ཡང་ན་ལུགས་འབྱུང་སྟེ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་མེའི་དཀྱིལ་འཁོར་འབར་བས་མཚན་པ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ། དེའི་སྟེང་དུ་སའི་དཀྱིལ་འཁོར་རྡོ་རྗེ་རྩེ་གསུམ་པས་མཚན་པ་སྟེ། ས་བོན་དང་དབྱིབས་དང་ཁ་དོག་དང་འཁོར་ལོ་རྣམས་ནི་སྔ་མ་དང་འདྲ་ལ་རྒྱུའི་ཡན་ལག་གོ །དེ་ནས་འདི་རྣམས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་སྙམ་དུ་བསམ་པ་ཙམ་མམ། ཡང་ན་ཨོཾ་ཨཱཿཧཱུྃ་ཧོ་དམར་པོ་གཉིས་ཀྱི་མཐའ་བརྟེན་པ་ལ་བར་དོའི་ཤེས་པ་འབྱུང་བ་ལ་ཞུགས་པར་བསམ་པ་ནི་རྐྱེན་གྱི་ཡན་ལག་གོ །དེས་རྐྱེན་བྱས་ནས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པར་བྱ་སྟེ། རྩིག་པ་ལྔའི་རང་བཞིན་དང་ལྡན་པ་གྲུ་བཞི་སྒོ་བཞི་པ། ནང་ནས་རྣལ་འབྱོར་མ་ལྔ་ལ་རྡོ་རྗེ་རྭ་བ་དང་མེ་རི་སྟེ་འཕར་མ་གཉིས་པ་ཕ་གུ་དང་མདའ་ཡབ་དང་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་ཟླ་བ་རླུང་གིས་བསྐྱོད་པ་དང་རྔ་ཡབ་རྣམས་དང༌། མེ་ལོང་དང་མེ་ཏོག་གི་ཕྲེང་བས་མཛེས་པར་བྱས་པ། སྒོ་རྣམས་སུ་རྟ་བབས་དང་སྒོ་ཁང་དུ་བླ་རེ་མུན་པ་བསལ་བར་བྱ་བའི་ཕྱིར་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱིས་བརྒྱན་པ། འདོད་ཡོན་གྱི་སྣམ་བུ་ལ་འདོད་ཡོན་གྱི་ལྷ་མོ་མཆོད་རྫས་དུ་མ་ཐོགས་པས་མཆོད་པ་བྱེད་པ། ནང་ན་ཀ་བ་བརྒྱད་པའི་སྟེང་རྡོ་རྗེའི་གདུང་གིས་མིག་མངས་རིས་སུ་བྲེས་ཤིང་སྟེང་གཙང་ཁང་ཕྱུར་བུ་ལ་རྡོ་རྗེ་རིན་པོ་ཆེས་མཛེས་པར་བྱས་པ། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ཕྱོགས་མཚམས་ཐམས་ཅད་བརྒྱན་ནས་ལྷ་མོ་ཐམས་ཅད་ཀྱི་གནས་སུ་གདན་རོ་བཅོ་ལྔ་བསྐྱེད་པར་བྱ་སྟེ་རྟེན་བསྐྱེད་པའོ། །དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི། བསྙེན་སྒྲུབ་བཞི་ལས་དང་པོ་གདན་བཅོ་ལྔའི་སྟེང་དུ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་སྐར་མའི་རྣམ་པ་ལྟ་བུ་ལ་འདི་ཉིད་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡིན་སྙམ་དུ་བསམ། དེ་ཡོངས་སུ་གྱུར་པ་ལས་ཟླ་བ་བཅོ་ལྔ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་བྱ། དེའི་སྟེང་དུ་ཀཱ་ལི་སུམ་ཅུ་རྩ་བཞི་ལས་ཡ་ར་ལ་ཝ་ཌ་ཌྷ་དྲུག་བསྣན་པས་བཞི་བཅུ་ཕྲག་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པ་བྱ། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བཅོ་ལྔ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པ་བྱ། དེ་ནས་དེ་དག་གི་དབུས་སུ་ས་བོན་བཅོ་ལྔ་བསམ་པར་བྱ་སྟེ། དབུས་སུ་ཨྃ། ཤར་དུ་ཨཱྃ། ལྷོར་ཨིཾ། ནུབ་ཏུ་ཨཱིཾ། བྱང་དུ་ཨུྃ། ཕྱི་རོལ་གྱི་དབང་ལྡན་དུ་ཨཱུྃ། མེར་རྀྃ། སྲིན་པོར་རིྃ། རླུང་དུ་ལྀྃ། ཤར་སྒོར་ལཱྀྃ། ལྷོར་ཨེྃ། ནུབ་ཏུ་ཨཻྃ། བྱང་དུ་ཨོཾ། འོག་ཏུ་ཨཽཾ། སྟེང་དུ་ཨྃ། དེ་རྣམས་ནི་ཁ་དོག་ནག་པོར་བསམ་པར་བྱའོ། །དེ་དག་ཡོངས་སུ་གྱུར་པ་ལས་གྲི་གུག་བཅོ་ལྔ་རང་རང་གི་ས་བོན་གྱིས་མཚན་པ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་ཐམས་ཅད་རང་རང་གི་གནས་སུ་ཞུ་ཞིང་འདྲེས་པར་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལས་ལྷ་མོ་བཅོ་ལྔའི་སྐུ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་འདི་ཉིད་ཡིན་སྙམ་དུ་བསམ་པར་བྱའོ། །དེ་ལ་དབུས་སུ་ནི་རྡོ་རྗེ་བདག་མེད་མའོ། །ཤར་དུ་རྡོ་རྗེམའོ། །ལྷོར་གསང་བའི་དཀར་མོའོ། །ནུབ་ཏུ་ཆུའི་རྣལ་འབྱོར་མའོ། །བྱང་དུ་རྡོ་རྗེ་མཁའ་འགྲོ་མའོ། །ནང་གི་འཕར་མའོ། །དབང་ལྡན་དུ་པུཀྐ་སཱིའོ། །མེར་རི་ཁྲོད་མའོ། །བདེན་བྲལ་དུ་ཙཎྜཱ་ལཱིའོ། །རླུང་དུ་གཡུང་མོའོ། །ཤར་སྒོར་དཀར་མོའོ། །ལྷོར་ཆོམ་རྐུན་མའོ། །ནུབ་ཏུ་རོ་ལངས་མའོ། །བྱང་དུ་གྷསྨ་རཱིའོ། །འོག་ཏུ་ས་སྤྱོད་མ་སྟེ་ཞལ་སྟེང་དུ་གཟིགས་པའོ། །དེ་ནས་སྟེང་དུ་མཁའ་སྤྱོད་མ་སྟེ་ཞལ་འོག་ཏུ་གཟིགས་པའོ། །དེ་ནས་སྐུ་མདོག་དང་ཕྱག་མཚན་གསལ་གདབ་པར་བྱ་སྟེ། དེ་ཡང་ལྷ་མོ་ཐམས་ཅད་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། མཁྲང་ཞིང་མཐོ་བའི་ནུ་མ་འབུར་བའི་བརྗིད་དང་ལྡན་པ། རབ་ཏུ་གཞོན་ཤིང་ཤ་རྒྱས་པ། དབུ་སྐྲ་དམར་སེར་གྱེན་དུ་ལངས་པ། དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། སྨིན་མ་དཔྲལ་བར་བསྡུས་པའི་ཁྲོ་གཉེར་དང་ལྡན་པ། ཅུང་ཟད་འཛུམ་པའི་མཆེ་བ་གཙིགས་པའི་ཞལ་ཅན། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་པས་རྡོ་རྗེ་གྲི་གུག་འཕྱར་ཏེ་འཛིན་པ། གཡོན་པས་རབ་ཏུ་དཀར་བའི་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་ཐུགས་ཀར་བཟུང་བ་ལ་གཡོན་དུ་འགྱིང་བའི་སྤྱན་གྱིས་ཅུང་ཟད་གཟིགས་པ། གཡོན་གྱི་གྲུ་མོར་རྡོ་རྗེ་ཁ་ཊྭཱཾ་ག་དྲིལ་བུ་དང་བ་དན་གྱིས་བརྒྱན་པ་འཛིན་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་སྟག་གི་པགས་པས་སྣམ་དཀྲིས་བྱས་པ། ཞབས་གཡོན་པའི་མཐིལ་གྱིས་རོའི་སྙིང་ག་ནས་མནན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། མེ་རི་འབར་བའི་དབུས་ན་བདེ་བ་ཆེན་པོ་དང་ཟག་པ་མེད་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་ཅིང་བཞུགས་པ་བསྒོམ་པར་བྱའོ། །བསྙེན་པའི་ཡན་ལག་སྟེ་དང་པོའོ།།  །།དེ་ནས་ཡན་ལག་གཉིས་པ་ནི། སྐྱེ་མཆེད་དང་སྐུ་གསུང་ཐུགས་ཀྱི་གནས་སུ་སྟོང་པའི་ངང་ལས་པདྨ་དང༌། ཉི་མ་དང༌། རོའི་སྟེང་དུ་ས་བོན་རྣམས་ལས་ལྷ་མོའི་སྐུར་བསྐྱེད་པར་བྱ་སྟེ། མིག་ཏུ་མྃ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྃ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣ་བུག་གི་འདོམ་པོར་པྃ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེའི་རྩ་བར་རྃ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨོཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གི་ནང་དུ་ནྃ་ལས་བདག་མེད་རྣལ་འབྱོར་མ་ནག་མོ། མཚོག་མའི་སྟེང་དུ་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་མ་ནག་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་གྲི་གུག གཡོན་པ་ན་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། སྤྱན་གསུམ་པ། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། མེ་རི་འབར་བའི་དབུས་ན་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཨྃ་ལས་གྲི་གུག་སྔོ་ནག་ཨྃ་གིས་མཚན་པ་ཙམ་བསམ་པའམ། ཡང་ན་རྗེ་བཙུན་མའི་སྐུ་ཚོན་གང་བ་ཅིག་གི་ཐུགས་ཀར་ཕྱག་མཚན་ས་བོན་གྱིས་མཚན་པ་བསྒོམས་ལ་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་སྟེ་དེ་གཉིས་གང་ཡང་རུང་བ་ཅིག་བྱའོ། །ཉེ་བར་སྒྲུབ་པ་སྟེ་ཡན་ལག་གཉིས་པའོ།།  །།དེ་ནས་ཡན་ལག་གསུམ་པ་ནི། ཐུགས་ཀའི་ཨྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ་རྗེ་བཙུན་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། དེ་ལ་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བརྒྱད་ཀྱིས་མཆོད་དེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བྱ་བ་དང༌། གཽ་རཱི་ནག་མོ་ལྕགས་ཀྱུ་ཐོགས་པས་དེ་དག་གི་ཐུགས་ཀར་རེག་པས་སྲུང་བའི་འཁོར་ལོའི་ནང་དུ་སྤྱན་དྲང་ངོ༌། །ཨོཾ་བཛྲ་ཙཽ་རཱི་པྲ་ཝེ་ཤ་ཡ་ཧཱུྃ་ཞེས་བྱ་བ་དང༌། ཙཽ་རཱི་དམར་མོ་ཞགས་པ་ཐོགས་པ་སྤྲོས་པས་དེ་དག་གི་མགྲིན་པར་རེག་པས་རྟེན་དང་བརྟེན་པ་སོ་སོ་ལ་ཐིམ་པར་བསམ། ཨོཾ་བཛྲ་བཻ་ཏཱ་ལཱི་བནྡྷ་བྃ་ཞེས་བྱ་བ་དང༌། བཻ་ཏཱ་ལཱི་སེར་མོ་ལྕགས་སྒྲོག་ཐོགས་པ་སྤྲོས་ཏེ་དེ་དག་གི་ཞབས་ལ་རེག་པས་དམ་ཚིག་པ་དང་ཡེ་ཤེས་པ་ཆུ་ལ་ཆུ་བཞག་པ་བཞིན་འདྲེས་པར་བསམ། ཨོཾ་བཛྲ་གྷསྨ་རཱི་བ་ཤངྐུ་རུ་ཧོཿཞེས་བྱ་བ་དང༌། ཐུགས་ཀའི་ཨྃ་ལས་གྷསྨ་རཱི་དྲིལ་བུ་ཐོགས་པས་ཕྱི་ནང་ཐམས་ཅད་དྲིལ་བུའི་སྒྲ་ཕྱུང་བས་དམ་ཚིག་པ་ཡེ་ཤེས་པའི་ངོ་བོར་གྱུར་པར་བསམ། གསུམ་པ་སྒྲུབ་པའོ།།  །།ཡན་ལག་བར་པ་འདི་གཉིས་སློབ་དཔོན་ཌོཾ་བི་བ་ནི་གང་ཟག་མཆོག་ལ་མི་བཞེད་པར་མངོན་ནོ། །ཞེས་ཀྱང་གསུང་མོད་ཀྱིས་འདིར་ཉམས་སུ་བླང་བར་བྱའོ།།  །།དེ་ནས་ཡན་ལག་བཞི་པ་ཐུགས་ཀའི་ཨྃ་ལས་འོད་འཕྲོས་པས་མདུན་གྱི་ནམ་མཁའི་ཕྱོགས་སུ་དབང་བསྐུར་གྱི་ལྷ་བླ་མ་དང་རྡོ་རྗེ་འཆང་ཐ་མི་དད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རིགས་དྲུག རིག་མ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག ཁྲོ་བོ་བཅུ་སྟེ་དེ་རྣམས་ནི་གཙོ་བོ་ཡིན་ལ། རང་རང་གི་རིགས་ཀྱི་འཁོར་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བ་སྤྱན་དྲངས་ལ། ཐུགས་ཀའི་ཨྃ་ལས་འོད་འཕྲོས་ཏེ། ལྷ་མོ་བརྒྱད་ཀྱིས་དེ་རྣམས་མཆོད་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །བདག་ལ་དབང་ནི་བསྐུར་དུ་གསོལ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་དེ་རྣམས་ཧེ་རུ་ཀའི་གཟུགས་ཅན་དུ་གྱུར་ཏེ་ཕྱག་ན་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱས་པའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་བཅོམ་ལྡན་འདས་མ་རྗེ་བཙུན་མ་འཁོར་དང་བཅས་པ་སྤྱི་བོའི་གཙུག་ཚངས་པའི་བུ་ག་ནས་དབང་བསྐུར་ཞིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་མཱཾ་ཞེས་གསུང་པར་བསམ་མོ། །དེའི་དུས་སུ་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ནི་རྡོ་རྗེའི་གླུ་ལེན། ཀུན་ཏུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ནི་མེ་ཏོག་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་བདག་ལ་མཆོད་པ་བྱེད། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་སྐྲོད་པས་ནམ་མཁའ་གང་བར་བསམ་མོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་དབང་བསྐུར་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང་བས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ལུས་ཀྱི་དྲི་མ་དག་པར་བསམ། མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ་ངག་གི་དྲི་མ་དག་པར་བསམ། སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སེམས་ཀྱི་དྲི་མ་དག རྐང་པའི་མཐིལ་གྱི་བར་དུ་གང་བས་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པ་བརྟན་པར་བྱས་པར་བསམས་ལ། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ་པར་བྱ་སྟེ། བདག་མེད་མའི་དབུ་ལ་མི་བསྐྱོད་པའི་རྒྱས་གདབ། དེ་བཞིན་དུ་རྡོ་རྗེ་མ་ལ་རྣམ་སྣང༌། གསང་བའི་དཀར་མོ་ལ་རིན་ཆེན་འབྱུང་ལྡན། ཆུའི་རྣལ་འབྱོར་མ་ལ་འོད་དཔག་མེད། རྡོ་རྗེ་མཁའ་འགྲོ་མ་ལ་དོན་ཡོད་གྲུབ་པ། ས་སྤྱོད་མ་ལ་རྣམ་པར་སྣང་མཛད། མཁའ་སྤྱོད་མ་ལ་འོད་དཔག་མེད་དེ། དེ་ལྟར་བདུན་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱའོ། །ཕྱིའི་འཕར་མ་ནི་གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ་སྟེ་ལུས་ལ་སེམས་ཀྱི་ཕྱག་རྒྱའོ། །ཙཽ་རཱི་དང་ཤ་ཝ་རཱི་ལ་རྣམ་པར་སྣང་མཛད་དེ་སེམས་ལ་ལུས་ཀྱི་ཕྱག་རྒྱའོ། །བཻ་ཏཱ་ལཱི་དང་ཙཎྜཱ་ལཱི་ལ་རིན་ཆེན་འབྱུང་ལྡན་ཏེ་རྒྱུ་ལ་འབྲས་བུའི་ཕྱག་རྒྱའོ། །གྷསྨ་རཱི་དང་གཡུང་མོ་ལ་འོད་དཔག་ཏུ་མེད་པ་སྟེ་འབྲས་བུ་ལ་རྒྱུའི་ཕྱག་རྒྱའོ། །དེ་ནས་སྤྲོས་པ་ལ་དགའ་ན་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ་ཁ་དོག་གི་སྒོ་ནས་ཞེན་པ་སྤང་བ་ཡན་ཆད་བསྒོམ། སྤྲོས་པ་ལ་མི་དགའ་ན་མཆོད་བསྟོད་བདུད་རྩི་མྱང་བ་མ་བྱས་ཀྱང་བཏུབ་བོ། །དེ་ཡང་གུར་གྱི་དགོངས་པ་ལྟར་ན་ཡན་ལག་དྲུག་སྟེ། གཞལ་ཡས་ཁང་བསྐྱེད་པའི་རྗེས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནི་ལཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བྱིན་གྱིས་བརླབས་ཏེ་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །ཡེ་ཤེས་པ་དགུག་གཞུག་བྱས་པའི་རྗེས་ལ་ལྷ་མོ་རྣམས་ཀྱི་རྒྱུད་ཟག་པ་མེད་པའི་བདེ་བས་གང་བར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བྱིན་གྱིས་བརླབས་ཏེ་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་གོ །རིགས་ཀྱི་བདག་པོའི་རྒྱས་གདབ་པའི་རྗེས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་གོ །དེ་ནས་མདུན་དུ་བདུད་རྩི་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་པས་བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་གོ །དེ་ནས་ཐུགས་ཀ་ནས་ལྷ་མོ་བརྒྱད་སྤྲུལ་ཏེ། བདག་དང་གསང་བའི་དཀྱིལ་འཁོར་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་གོ །དེ་ནས་དཀྱིལ་འཁོར་དང་ནམ་མཁའ་ཐམས་ཅད་ལས་ཀྱང་བསྟོད་པའི་སྒྲ་བྱུང་སྟེ་འདི་སྐད་དུ། འགྲོ་བ་བུད་མེད་འདུལ་གཟིགས་ནས། །བདག་མེད་རྣལ་འབྱོར་མར་གྱུར་གང༌། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་སྟི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །དེ་ལྟར་རྒྱས་འབྲིང་གང་ཡང་རུང་སྟེ་བསྐྱེད་པའི་རིམ་པ་ཡོངས་སུ་རྫོགས་ནས། ད་ནི་ཁ་དོག་གི་སྒོ་ནས་ཞེན་པ་སྤང་བ་དང༌། དག་པ་རྗེས་སུ་དྲན་པར་བྱས་པ་ལས། དང་པོ་ནི་ལྷའི་ཁ་དོག་དང་རིགས་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་ལྷ་མོ་ཐམས་ཅད་རྡོ་རྗེ་འཆང་གི་རིགས་ཡིན་ཞིང་དྲག་པོའི་ལས་བསྒྲུབ་པའི་ཕྱིར། དང་པོར་ནག་པོ་རབ་ཏུ་བསྒོམ། འོད་དཔག་མེད་ཀྱི་རང་བཞིན་ཡིན་ཞིང་འདོད་ཆགས་སྤང་བ་དང་དབང་གི་ལས་ཐམས་ཅད་བསྒྲུབ་པར་བྱ་བའི་ཕྱིར། གཉིས་པ་དམར་པོའི་རྣམ་པར་བསྒོམ། རིན་འབྱུང་གི་ངོ་བོ་ཡིན་ཞིང་སེར་སྣ་སྤང་བ་དང་རྒྱས་པའི་ལས་བསྒྲུབ་པའི་ཕྱིར། གསུམ་པ་ལ་ནི་སེར་པོར་བསྒོམ། དོན་ཡོད་གྲུབ་པའི་ངོ་བོ་ཡིན་ཞིང་ཕྲག་དོག་སྤང་བ་དང་བདེ་བའི་ལས་སམ་ཕྲིན་ལས་སྣ་ཚོགས་བསྒྲུབ་པའི་ཕྱིར། བཞི་པ་ལྗང་གུ་དེ་བཞིན་ནོ། །མི་བསྐྱོད་པའི་ངོ་བོ་ཡིན་ཞིང་ཞེ་སྡང་སྤང་བར་བྱ་བ་དང་བསྐྲད་པར་བྱ་བའི་ལས་བསྒྲུབ་པའི་ཕྱིར། ལྔ་པར་ཁ་དོག་སྔོན་པོ་ཡིན། རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་ཞིང་གཏི་མུག་སྤང་བ་དང་ཞི་བའི་ལས་བསྒྲུབ་པའི་ཕྱིར། དྲུག་པར་དཀར་པོའི་ལུས་ཅན་ནོ། །དེ་དག་གིས་ནི་ཞེན་པ་སྤང་བར་མ་གྱུར་ན་ལྷ་མོ་རེ་རེའི་སྐུ་ཕྱེད་དཀར་ཞིང་ཕྱེད་གནག་པ་ལྟ་བུའམ་ལུས་རེ་རེ་ལའང་ཁ་དོག་དྲུག་དྲུག་དང་ལྡན་པ་ལྟ་བུར་བསྒོམས་ལ། རིགས་དང་ཁ་དོག་ཏུ་འཛིན་པ་ཐམས་ཅད་དང་བྲལ་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་འདྲ་བ་བདག་མེད་པའི་བསམ་གཏན་ཅི་རིགས་པར་བསྒོམས་ཏེ། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །དེ་ལ་འཛིན་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པའང་རྒྱུད་རྒྱས་པ་ལས། ཇི་སྲིད་བློ་ནི་འཕེལ་འགྱུར་བ། །དེ་སྲིད་བསྒོམ་པར་འགྱུར་བ་སྟེ། །གང་ཡང་བློ་ཡི་ཡུལ་མེད་པ། །ལྷན་ཅིག་སྐྱེས་དེ་ཇི་ལྟར་བསྒོམ། །ཞེས་གསུངས་སོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྒོམ་པ་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལས། ཕྱི་རོལ་དཀྱིལ་འཁོར་གྱི་འཁོར་ལོ་ནི་རང་གི་སེམས་ཉིད་དོ། །དེའི་ཡོན་ཏན་ཆོས་ཐམས་ཅད་མཉམ་པ་ཉིད་ལས་གྲུ་བཞི་པའོ། །རྣམ་ཐར་སྒོ་བཞི་ལྡན་པས་ན་སྒོ་བཞིའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ཁྱམས་བཞིའོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞིའོ། །སྒོ་ཁྱུད་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །རྩིག་པ་ལྔ་ནི་དབང་པོ་ལྔ་དང་སྟོབས་ལྔའོ། །དར་དང་རྔ་ཡབ་དང་མེ་ལོང་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་དཀྱིལ་འཁོར་གྱི་རྒྱན་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དྲྭ་བ་ནི་ཉོན་མོངས་པ་འཇོམས་པའོ། །དྲྭ་བ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་འཇོམས་པའོ། །རྡོ་རྗེའི་གདུང་དང་ཐིག་ནི་ཆོས་ཀྱི་སྦྱོར་བ་རྗེས་སུ་དྲན་པའོ། །ཕྱི་དང་ནང་གི་རྡོ་རྗེའི་རྭ་བ་ཟླུམ་པོ་ནི་ཕྱོགས་ཐམས་ཅད་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དུར་ཁྲོད་བརྒྱད་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བུ་ག་དགུ་དག་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་དྲན་པར་བྱའོ། །དེ་ནས་ལྷའི་དག་པ་དྲན་པར་བྱ་སྟེ། དེ་ལ་མ་དག་པའི་གཟུགས་ཀྱི་ཕུང་པོ་ནི་གཟུགས་ཕུང་མ་ཡིན་ཏེ། ཡང་དག་པ་ནི་ལྷ་མོ་རྡོ་རྗེ་མ་ཡིན་ནོ་སྙམ་དུ་མོས་པར་བྱའོ། །དེ་བཞིན་དུ་ཚོར་བ་དག་པ་དཀར་མོར་བཤད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མར་གནས་སོ། །དཀྱིལ་འཁོར་བདག་མོ་འཇིགས་གཟུགས་མ། །འཇིགས་པ་ཡང་ནི་འཇིགས་པར་མཛད། །ས་ནི་པུཀྐ་སཱི་རུ་བཤད། །དེ་བཞིན་ཆུ་ནི་རི་ཁྲོད་མ། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་མོར་རབ་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རུ་བརྗོད། །རིག་ལ་ས་སྤྱོད་མར་བཤད་དེ། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །རྟག་ཏུ་ཡང་དག་རྣམ་དག་པས། །དེ་ཉིད་རྣལ་འབྱོར་མ་ཡིས་འགྲུབ། །ཡང་སྐྱེ་མཆེད་ཀྱི་དག་པ་དྲན་པ་ནི། མ་དག་པའི་མིག་ནི་མིག་མ་ཡིན་ཏེ། གཏི་མུག་རྡོ་རྗེ་མའོ་སྙམ་དུ་མོས་པར་བྱ་སྟེ། དེ་ནི་ཤར་ཕྱོགས་ཀྱི་རྡོ་རྗེ་མའོ། །དེ་བཞིན་དུ་རྣ་བ་ནི་ཞེ་སྡང་རྡོ་རྗེ་མ་སྟེ་རྡོ་རྗེ་བདག་མེད་མའོ། །སྣ་ལ་སེར་སྣ་རྡོ་རྗེ་མའོ། །དེ་བཞིན་དུ་རྣ་བ་ནི་ཞེ་སྡང་རྡོ་རྗེ་མ་སྟེ་གསང་བའི་དཀར་མོའོ། །ཁ་ལ་འདོད་ཆགས་རྡོ་རྗེ་མ་ནི་ཆུའི་རྣལ་འབྱོར་མའོ། །ལུས་ལ་ཕྲག་དོག་རྡོ་རྗེ་མ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཡིད་ལ་བདག་མེད་རྣལ་འབྱོར་མར་མོས་པར་བྱའོ། །ཡང་ཉོན་མོངས་པའི་དག་པ་ནི། ཞེ་སྡང་ཞེས་བཤད་རྡོ་རྗེ་མ་ནི་བདག་མེད་མའོ། །གཏི་མུག་རྣམ་པར་དག་པ་ནི་རྡོ་རྗེ་མའོ། །སེར་སྣ་རྣམ་པར་དག་པ་ནི་གསང་བའི་དཀར་མོའོ། །འདོད་ཆགས་རྣམ་པར་དག་པ་ནི་ཆུའི་རྣལ་འབྱོར་མའོ། །ཕྲག་དོག་རྣམ་པར་དག་པ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཡང་ལྷ་མོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་དང་རྒྱན་གྱི་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལས་མི་འགྱུར་བས་ནག་མོའོ། །སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པས་ན་སྤྱན་གསུམ་དམར་བའོ། །ལོག་པར་ལྟ་བ་སྤང་བའི་ཕྱིར་ཁྲོ་གཉེར་ནི་སྨིན་མ་ཡོན་པོའོ། །སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གོང་ནས་གོང་དུ་རྒྱས་པས་ན་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པའོ། །བྱམས་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱིས་ན་མཆེ་བ་དཀར་པོ་གཙིགས་པའོ། །དེ་བཞིན་ཉིད་དུ་རོ་གཅིག་པས་ན་ཞལ་གཅིག་པའོ། །བདེན་པ་གཉིས་དང་ལྡན་པས་ཕྱག་གཉིས་པ། བདག་མེད་པས་ཆོས་ཐམས་ཅད་མི་འཛིན་ཏེ་གཏོང་བའི་བརྡར་ཞབས་གཡས་བསྐུམ་པ། སྙིང་རྗེ་ཆེན་པོས་སེམས་ཅན་མི་གཏོང་བའི་བརྡར་གཡོན་བརྐྱང་བ། ཆོས་བདག་མེད་པས་སེམས་ཅན་གྱི་དོན་བྱེད་པའི་བརྡར་ཞབས་ཀྱིས་རོའི་སྙིང་ག་ནས་མནན་པ། ང་རྒྱལ་ལ་སོགས་པའི་རྩ་བའི་ཉོན་མོངས་པ་དྲུག་གཅོད་པའི་བརྡར་ཕྱག་གཡས་ན་གྲི་གུག དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་མགོ་གཅད་པའི་ཕྱིར་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་ནས་དེ་འཇོམས་ཤིང་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པའི་བརྡར་གསོལ་བ། །སྟོང་པ་ཉིད་དང་བདེ་བ་ཆེན་པོའི་རང་བཞིན་གྱིས་ཁ་ཊྭཱཾ་ག གཟུང་འཛིན་གྱི་རྣམ་པར་རྟོག་པ་སྤང་བའི་བརྡར་སྟག་གི་པགས་པས་སྣམ་དཀྲིས་པའོ། །ཡང་བདུད་བཞི་འཇོམས་པ་སྟེ་མི་མགོ་སྐམ་པོ་ལྔས་དབུར་བརྒྱན་པ་ནི་ཉོན་མོངས་པའི་བདུད་འཇོམས་པའོ། །གྲི་གུག་འཕྱར་བ་ནི་ལྷའི་བུའི་བདུད་འཇོམས་པའོ། །སྐྱེས་པའི་མགོ་བོ་ལྔ་བཅུའི་དོ་ཤལ་ནི་ཨཱ་ལི་ཀཱ་ལི་དག་ཅིང་འཆི་བདག་གི་བདུད་འཇོམས་པའོ། །ཁ་ཊྭཱཾ་ག་ནི་ཕུང་པོའི་བདུད་འཇོམས་པའོ། །རྒྱན་དྲུག་གི་དག་པ་ནི། སྤྱི་བོ་རུས་པའི་འཁོར་ལོ་ནི་འཁོར་ལོ་མ་ཡིན་ཏེ་མི་བསྐྱོད་པའི་ངོ་བོར་མོས་པར་བྱའོ། །དེ་བཞིན་དུ། རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་གདུབ་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །འདི་རྣམས་དག་པས་ཕྱག་རྒྱ་ལྔ། །སྐྱོན་ནི་ཡོངས་འཇོམས་འཛིན་པ་སྟེ། །རྣལ་འབྱོར་མ་ནི་རྟག་ཏུ་གཟུང༌། །ཞེས་དྲན་པར་བྱའོ། །ཡང་རྒྱན་དྲུག་གི་དགོས་པ་དྲན་པར་བྱའོ། །བླ་མ་དང་ལྷ་ལ་ཕྱག་འཚལ་བ་མི་བརྗེད་པར་བྱ་བའི་ཕྱིར་སྤྱི་བོའི་འཁོར་ལོ་སྟེ། བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །དེ་བཞིན་དུ། བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་འཛིན། །སྔགས་བཟླས་ཕྱིར་ནི་མགུལ་རྒྱན་ཉིད། །ལག་གདུབ་སྲོག་ཆགས་གསོད་པ་སྤོང༌། །ཕྱག་རྒྱ་བརྟན་པ་སྐ་རགས་ཉིད། །སངས་རྒྱས་ལྔ་ཡི་ཕྱག་རྒྱ་ནི། །རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ཅེས་དྲན་པར་བྱའོ། །དེ་ལྟར་དེ་དག་ནི་ཐབས་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་ཡོན་ཏན་ཏེ། ཕྱི་རོལ་གྱི་ཐབས་དང་ཤེས་རབ་གཉིས་སུ་མེད་ཀྱང་ནང་གི་ལ་བརྩི་བ་ནི། ཤེས་རབ་ཀྱི་ངོ་བོ་ཉིད་མོ་གཟུགས་འཇིག་རྟེན་དབང་དུ་བྱེད། ཐབས་ཀྱི་ངོ་བོ་ཉིད་ཁྲོ་མོའི་གཟུགས་ཀྱིས་སྐྲག་པར་བྱེད་པ་དང༌། ལུས་ལ་གནས་པའི་ཨཱ་ལི་ཀཱ་ལི་ཐབས་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་ནོ། །ནང་གི་རྣལ་འབྱོར་དྲན་པར་བྱའོ། །བསྐྱེད་པའི་རིམ་པ་བརྗོད་ཟིན་ཏོ།།  །།དེ་ནས་རྫོགས་པའི་རིམ་པ་འཁོར་ལོ་བཞིའི་རྣལ་འབྱོར་དྲན་པར་བྱ་སྟེ། གཞན་དུ་བརྗོད་པ་དང་མཐུན་ནོ། །དེ་ལ་ནང་གི་རྣལ་འབྱོར་གཙོར་བྱེད་པ་ནི། བསྐྱེད་པའི་རིམ་པ་ལ་སེམས་གཟུང་བའམ། གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །བཟླས་པའི་རྣལ་འབྱོར་ནི་ཐུན་གཞུག་ཏུ་མ་ཆགས་པ་ཙམ་རེ་བྱའོ། །བསྙེན་པ་བྱེད་པའི་བསྐྱེད་པའི་རིམ་པ་དག་པ་དང་བཅས་པས་ལེགས་པར་བསྒོམས་ལ་འཁོར་ལོ་བཞིའི་རྣལ་འབྱོར་དྲན་པ་ཙམ་རེ་བྱ་སྟེ། བཟླས་པའི་རྣལ་འབྱོར་གཙོར་བྱའོ། །གང་ལྟར་ཡང་རུང་སྟེ་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀའི་ཨྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་ལྟེ་བ་ནས་འཐོན་ནས་ཞལ་དུ་ཞུགས་ཏེ། ཐུགས་ཀའི་ཨྃ་ལ་ཐིམ་པའི་ཚུལ་གྱིས་ཚུར་འཁོར་གྱི་རྣམ་པའམ། ཞལ་ནས་བྱུང་སྟེ་ལྟེ་བར་ཞུགས་ནས་ཨྃ་ལ་མས་ཡར་ཐིམ་པའི་ཚུལ་ཕར་འཁོར་གྱིས་བཟླས་པ་གང་ཡང་རུང་ངོ༌། །དེ་ལ་བསྙེན་པ་དང་ཞི་བའི་ལས་བསྒྲུབ་ན་སྔགས་རྣམས་ཁ་དོག་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནི་ནག་པོའོ། །དེ་ལ་སྔགས་ནི། ཨོཾ་ཨཱཿ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བཟླས་པར་བྱ། དེ་ལ་ལྷ་རྣམས་མི་བསྡུ་ན་ལྷ་མོ་བཅོ་ལྔ་པོ་ཐམས་ཅད་ཀྱིས་ཟློས་པར་བསམ། དཀྱིལ་འཁོར་ལ་བསྡུ་ན་གཙོ་བོ་འབའ་ཞིག་གིས་ཟློས་པར་བསམས་ཏེ་བཟླས་པའི་རྣལ་འབྱོར་རོ།།  །།བསམ་གཏན་ལས་ལངས་ནས་སྤྱོད་ལམ་གྱི་རྣལ་འབྱོར་ནི། གོང་གི་བཟླས་པའི་དུས་སུ་དཀྱིལ་འཁོར་མ་བསྡུས་ན་འདིར་ཁམས་གསུམ་ནས་འཁོར་གྱི་ལྷ་མོའི་བར་དུ་བསྡུས་ལ་གཙོ་མོ་ཙམ་གྱི་ང་རྒྱལ་གྱིས་སྤྱོད་ལམ་བྱ་སྟེ། དེ་ལ་རྒྱས་བསྡུས་གཉིས་ཏེ། རྒྱས་པར་བྱེད་ན་མིག་གཏི་མུག་རྡོ་རྗེ་མར་བྱིན་གྱིས་བརླབ། ཡུལ་གཟུགས་གཽ་རཱིར་བྱིན་གྱིས་བརླབས་ལ་མིག་གིས་གཟུགས་མཐོང་བའི་དུས་སུ་གཽ་རཱིས་གཏི་མུག་རྡོ་རྗེ་ལ་མཆོད་པ་བྱེད་པར་མོས་པ་ལ་སོགས་པའི་ཚུལ་དུ་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ལ་ལོངས་སྤྱད་པར་བྱའོ། །བསྡུས་པ་ལྟར་ན་བདག་རྗེ་བཙུན་མའི་ང་རྒྱལ་བརྟན་པས་གཟུགས་མཐོང་བ་ཐམས་ཅད་ལྷ་མོའི་རྣམ་པ་སྒྲ་གྲག་པ་ཐམས་ཅད་སྔགས་ཀྱི་རྣམ་པར་གྲགས་པར་བསམ་ལ་ལོངས་སྤྱོད་པར་བྱའོ།།  །།ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་སྟེ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབ་སྟེ། སྙིང་གར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་རམ། རྗེ་བཙུན་མ་དཔའ་མོ་གཅིག་པ་ཉིད་དམ། ཡི་གེ་ཨྃ་ཙམ་ཡང་ལྷ་ཐམས་ཅད་ཀྱི་ངོ་བོར་བསམས་ལ་ལྟེ་བ་ནས་མེ་མགྲིན་པའི་བར་དུ་འབར་བའི་དབུས་ན་བཞུགས་པ་ལ་ཁ་ནི་ཐབ་ཁུང༌། ལག་པ་ནི་གཟར་བུར་བསམས་ལ་ནང་གི་སྦྱིན་སྲེག་གིས་མཆོད་པའི་ཚུལ་གྱིས་ཁ་ཟས་ལ་ལོངས་སྤྱད་པར་བྱའོ།།  །།གཏོར་མ་དང་མཆོད་པའི་རྣལ་འབྱོར་རྒྱས་པར་ནི་རྗེ་བཙུན་ཡབ་ཀྱི་ཕྱོགས་དང་འདྲ། གཏོར་མ་བསྡུས་པ་ནི་འདི་ཡིན་ཏེ། ཇི་ལྟར་འབྱོར་བའི་ཡོ་བྱད་མདུན་དུ་བཤམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་པས་བསངས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭཱ་བྷཱ་བ་ཤུདྡྷོ྅ཧྃ་ཞེས་བརྗོད་པས་སྟོང་པར་བསྒོམས་ལ། ཨོཾ་ཞེས་བརྗོད་པས་ཐོད་པའི་སྣོད་ཤིན་ཏུ་རྒྱ་ཆེ་བ་ཤ་ལྔ་བདུད་རྩི་ལྔས་གང་བ་དཔྲལ་བ་རང་ལ་བསྟན་པ་ཅིག་བསམ། ཨཱཿཞེས་བརྗོད་པས་ནང་གི་རྫས་རྣམས་ཞུ་བར་བསམ། ཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཁ་དོག་དྲི་རོ་དང་ནུས་པའི་མཐུ་ཕུན་སུམ་ཚོགས་པས་གང་བར་བསམ། དེ་ནས་སྐད་ཅིག་གིས་འཇིག་རྟེན་པ་དང་འདས་པའི་མགྲོན་སྤྱན་དྲངས་ནས་ཕྱོགས་བཅུ་གང་བར་བཞུགས་པ་ལས་ཐུགས་ཀའི་ཨྃ་ལས་འོད་འཕྲོས་ཏེ། དེ་རྣམས་ལ་ཕོག་པས་ཐམས་ཅད་ཀྱང་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་ཕྱོགས་བཅུ་ཐམས་ཅད་གང་སྟེ། ལྗགས་རྡོ་རྗེའི་སྤུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨཱ་དྱ་ནུཏྤནྣ་ཏྭཱ་ད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་མམ་བདུན་ནམ་ཉེར་གཅིག་གིས་མཉེས་པར་བསམ། ཡང་ཐུགས་ཀའི་ཨྃ་ལས་འོད་འཕྲོས་པས་མགྲོན་རྣམས་ལ་ཕོག་པས་མགྲོན་རྣམས་ཐམས་ཅད་ཐིག་ལེ་ཕྲ་མོ་གཅིག་ཏུ་གྱུར་ཏེ་དེའང་ཇེ་ཕྲ་ཇེ་ཕྲ་ལ་སྟོང་པ་ཉིད་དུ་གྱུར་ནས་མགྲོན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཤེགས་པར་བསམ། བདག་གིས་བདག་མེད་པའི་བསམ་གཏན་ཅུང་ཞིག་དྲན་པས་སྨོན་ལམ་བཏབ་ལ་གཏོར་མ་ས་གཙང་སར་བསྐྱལ་བར་བྱའོ། །ཉལ་བའི་རྣལ་འབྱོར་ནི། ཐུན་གོང་མ་གསུམ་ལ་གཙོ་མོ་མ་བསྡུས་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱ་ཞིང༌། སྲོད་ཀྱི་ཐུན་ལ་ཁམས་གསུམ་འཁོར་གྱི་ལྷ་མོ་ལ་བསྡུ་བའི་བར་ནི་གོང་དང་འདྲ་ལ། གཙོ་མོ་ཡང་ཐུགས་ཀའི་ཨྃ་ལ་བསྡུ་ཞིང་ཨྃ་ཡང་ཐིག་ལེར་བསྡུ། ཐིག་ལེ་ཡང་ཇེ་ཕྲ་ཇེ་ཕྲ་ལ་མི་དམིགས་པར་བྱས་ལ་བདག་མེད་མའི་ང་རྒྱལ་གྱིས་གཉིད་ལོག་པར་བྱའོ། །དེ་ཡང་ལྷ་མོ་བདག་མེད་མའི་ང་རྒྱལ་གྱིས་ལངས་ལ་ཐོ་རངས་ཀྱི་ཐུན་ལ་འཇུག་པར་བྱའོ། །ཞེས་བྱ་བ་འདི་ནི་གོང་མ་དང་མཚམས་སྦྱར་བར་བྱའོ། །རྗེ་བཙུན་རྡོ་རྗེ་བདག་མེད་མའི་རིམ་པ་གཉིས་འཁོར་ལོ་དང་བཅས་པའི་མངོན་པར་རྟོགས་པ་རྗེ་བཙུན་བླ་མའི་གསུང་བཞིན་དུ་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ལེགས་པར་སྦྱར་བའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།། གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*