དཔལ་ཀྱཻ་རྡོ་རྗེའི་མངོན་རྟོགས་ཡན་ལག་དྲུག་པ།

༼ཇ༽

 

༄༅། །དཔལ་ཀྱེ་རྡོ་རྗེའི་མངོན་རྟོགས་ཡན་ལག་དྲུག་པ་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །རྗེ་བཙུན་རིན་ཆེན་རྡོ་རྗེ་འཆང་དབང་གི །ཞབས་པད་དྲི་མེད་སྤྱི་བོས་བླང་བྱས་ནས། །དྲི་མེད་རྒྱུད་དོན་མངོན་པར་རྟོགས་པའི་མཆོག །མཚུངས་མེད་བརྒྱུད་པའི་གསུང་དོན་བྲི་བར་བྱ། །དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་མ་ནུབ་པར་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་དང་ལྡན་པའི་རྣལ་འབྱོར་པས་མངོན་པར་རྟོགས་པ་འབྲིང་དུ་བྱ་བ། ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པར་འདོད་ན། མདང་ནུབ་མོར་ཉལ་བའི་རྣལ་འབྱོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ། ལྡང་བའི་རྣལ་འབྱོར་ལྷག་པའི་ལྷའི་ང་རྒྱལ་གྱིས་ལངས། བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ། སྔོན་དུ་འགྲོ་བ་མཆོད་པ་དང་གཏོར་མ་སྔོན་དུ་སོང་ནས། སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་སྔོན་པོ་བསྒོམས་ལ། དེ་གཟུང་འཛིན་གཉིས་བྲལ་དུ་མོས་པ་བྱ། ཧཱུྃ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་སྟེ། ལམ་སྣ་བུག་གཡས་པ་ནས་སྤྲོས་ཏེ། མདུན་གྱི་ནམ་མཁར་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་སྟེང་གི་ཆ་ལ་བླ་མ་དང་བཅས་པ་སྤྱན་དྲངས། དེ་ལ་སྙིང་ག་ནས་སྤྲོས་ཤིང་ལྷ་མོ་བརྒྱད་ཀྱིས་མཆོད་པས་མཆོད། དེའི་སྤྱན་སྔར་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། སྐྱབས་སུ་འགྲོ་བ་དང༌། སྨོན་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཡོངས་སུ་བསྔོ་བ་སྟེ་ཡན་ལག་བདུན། རྡོ་རྗེ་གུར་གྱི་ཚིགས་སུ་བཅད་པ་བརྗོད་ཅིང་བྱ་བའམ། ཚིག་ལྷུག་པར་བརྗོད་ཀྱང་རུང་སྟེ། དེ་ལས་ཚིགས་བཅད་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བས་སོ། །ཚིག་ལྷུག་པས་བྱེད་འདོད་ན། མངོན་པར་རྟོགས་པ་རྒྱས་པ་བཞིན་དུ་བྱ་སྟེ། འོན་ཀྱང་བསྔོ་བ་གཤམ་དུ་གདོན་པར་བྱའོ། །སྔོན་དུ་འགྲོ་བ་ཡན་ལག་བདུན་ནོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་དགྲ་དང་གཉེན་མེད་པའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་བསྒོམ་པར་བྱའོ། །བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཆོས་ཐམས་ཅད་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པའི་ངོ་བོར་གཏན་ལ་ཕབ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་སྣང་བ་མི་དམིགས་པའི་སྟོང་པར་བསྒོམས་ཏེ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་ལྷ་བསྐྱེད་པར་བྱ་བའི་དོན་དུ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ནམ་མཁའ་སྟོང་པར་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་མཐིང་ནག་གིས་མཚན་པ། རྩེ་མོ་ལྔ་པ་ཅན་བསྒོམས་ལ། ལྟེ་བའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེའི་རྭ་བ་ནག་པོ་གདེངས་པ་འགྲེང་བུར་གྱུར་པ་བློས་འཁྱུད་ཚད་བསྒོམ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། འོག་ཏུ་འཕྲོས་པས་རྡོ་རྗེ་ས་གཞི། ཕྱིར་ལ་འཕྲོས་པས་བསྐལ་བའི་མེ་ལྟ་བུ་མེ་རི་རབ་ཏུ་འབར་བ་སྟེ། ཐུན་མོང་གི་སྲུང་བའི་འཁོར་ལོ་བསྒོམས་ལ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་ལ་བརྟན་པར་བྱའོ། །དེ་ནས་མོས་ན་དེའི་ནང་དུ་ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོ་ཞེས་བྱ་བ་ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་ཡང་བསྒོམ་པར་བྱའོ། །དེ་ནས་མངོན་པར་རྟོགས་པའི་དངོས་གཞི་ཡན་ལག་དྲུག་ཅེས་བྱ་བ་ནི། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཅེས་བྱའོ། །ཡང་དེ་དག་བསྙེན་སྒྲུབ་བཞིས་བསྡུས་པ་ཡིན་ཏེ། དམ་ཚིག་སེམས་དཔའ་བསྐྱེད་པ་བསྙེན་པའི་ཡན་ལག་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཉེ་བར་སྒྲུབ་པའི་ཡན་ལག་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དགུག་གཞུག་བྱ་བ་སྒྲུབ་པའི་ཡན་ལག་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོའི་རྒྱས་གདབ་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །མཆོད་བསྟོད་བདུད་རྩི་མྱང་བ་ནི་སྒྲུབ་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པའི་ཡན་ལག་ཅེས་བྱ་སྟེ་ལྔ་རུ་ཡང་དབྱེའོ། །དེ་ལ་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ནི། སྲུང་བའི་འཁོར་ལོའི་ནང་དུ་གཞིའི་ཡན་ལག་ནི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ་ཞབས་ཞུམ་ཞིང་གདེངས་ཁ་གྱེན་དུ་ཕྱོགས་པ། ཕྱོགས་གང་ནས་བལྟས་ཀྱང་གྲུ་གསུམ་པའི་ནང་དུ་རྒྱུའི་ཡན་ལག་འབྱུང་བ་རིམ་བརྩེགས་ནི། ཡྃ་ལས་འབྱུང་བ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རྃ་ལས་འབྱུང་བ་མེའི་དཀྱིལ་འཁོར་གྲུ་གསུམ་པའི་རྩེ་མོ་ཐུར་དུ་བལྟས་པ་ཁ་དོག་དམར་པོ་འབར་བས་མཚན་པའོ། །དེའི་སྟེང་དུ་བྃ་ལས་འབྱུང་བ་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལྃ་ལས་འབྱུང་བ་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ལྃ་གྱི་མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བྷྲཱུྃ་གྱིས་མཚན་པ་སྟེ་རྣམ་པར་སྣང་མཛད་ཀྱི་ཕྱག་མཚན་མཚོན་ནོ། །དེ་ནས་རྐྱེན་གྱི་ཡན་ལག་རང་གི་ཤེས་པ་ཞུགས་པ་ནི། བར་སྣང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་ཧོ་གཉིས་ཀྱིས་མཐའ་བརྟེན་པ་བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས་གཞལ་ཡས་ཁང་གདན་དང་བཅས་པ་གྲུ་བཞི་སྒོ་བཞི་པ། ལྗང་གུ་དང༌། དམར་པོ་དང༌། སེར་པོ་དང༌། དཀར་པོ་དང༌། ནག་པོ་སྟེ་རྩིག་པ་ལྔ་དང་ལྡན་པ། ཀ་བ་བརྒྱད་ལ་སོགས་པ་རྒྱན་དུ་མ་དང་ལྡན་པ་རྒྱས་པ་བཞིན་བསྒོམ་མོ། །དེ་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱི་ལཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ། གཞལ་ཡས་ཁང་ཡང་སྐུ་ཡིན་ལ། རྣམ་པར་སྣང་མཛད་ཀྱང་སྐུ་ཡིན་པའི་ཕྱིར་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ཅེས་བྱའོ། །དེ་ནས་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ནི། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དགུག་གཞུག་བྱ་བ་དང་གསུམ་ཡིན་ནོ། །དང་པོ་ལ་ཡང་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བར་བྱ་བའི་ཕྱིར་མཁའ་གསང་བྱིན་གྱིས་བརླབ་པ་དང༌། འཁོར་གྱི་ལྷ་མོ་དབྱུང་བ་དངོས་དང༌། རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་དང༌། གླུས་བསྐུལ་བ་དང༌། འབྲས་བུའི་རྡོ་རྗེ་འཛིན་པ་བཞེངས་པ་དང༌། སྣོད་བཅུད་བྱིན་གྱིས་བརླབ་པའོ། །དང་པོ་ནི་གདན་དབུ་མ་བདུད་བཞི་བརྩེགས་པའི་སྟེང་དུ་ཨཱ་ལི་བཅུ་དྲུག་ཕྲག་གཉིས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་མོས་པར་བྱ། དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པར་བྱ། དེའི་སྟེང་དུ་ཀཱ་ལི་བཞི་བཅུ་ཐམ་པ་ཕྲག་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུར་མོས་པར་བྱ། དེ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་པར་བྱ། བར་དུ་ཧཱུྃ་དང་ཨྃ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བསམ། ཨྃ་ལས་གྲི་གུག་སྔོ་ནག་ཡུ་བ་ལ་ཨྃ་གིས་མཚན་པ་བསམ། དེ་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་པར་བྱ། དེ་རྣམས་གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་མོས་པར་བྱ། དེ་ལས་བཅོམ་ལྡན་འདས་རྒྱུའི་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ། སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མོས་པར་བྱ། དེའི་ཞལ་གཡས་པ་ནི་སྔོ་བ་ཡིན་ལ། ཡུམ་བདག་མེད་མ་ནི་ནག་མོ་ཡིན་ཞིང་ལྷག་མ་ཐམས་ཅད་ནི་མངོན་པར་རྟོགས་པ་རྒྱས་པ་ཉིད་དང་འདྲ་བ་ཞིབ་ཏུ་གསལ་གདབ་པར་བྱའོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབ་པ་དང༌། སྙོམས་པར་ཞུགས་པའི་སྒྲས་དེ་བཞིན་གཤེགས་པ་སྤྱན་དྲང་བ་དང༌། ཞལ་དུ་ཞུགས་ནས་སྙིང་གར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་བ་དང༌། དབང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བརྒྱད་དུ་གྱུར་པའི་བར་དུ་རྒྱས་པ་དང་འདྲ་ལ། ཐིག་ལེ་བརྒྱད་ལས་ས་བོན་བརྒྱད་དུ་གྱུར། དེ་ལས་ལྷ་མོ་བརྒྱད་དུ་གྱུར་ནས་དབང་གི་གནས་ནས་སྐུ་ཡོངས་སུ་རྫོགས་པར་སྤྲོ་བར་བྱ་སྟེ། ཤར་ཕྱོགས་སུ་གཽ་རཱི་ཁ་དོག་ནག་མོ་གཡས་པ་ན་གྲི་གུག གཡོན་པ་ན་རོ་ཧི་ཏའི་ཉ། ལྷོ་ཕྱོགས་སུ་ཙཽ་རཱི་དམར་མོ་གཡས་ན་ཅང་ཏེའུ། གཡོན་ན་ཕག་པ། ནུབ་ཏུ་བེ་ཏཱ་ལཱི་སེར་མོ་གཡས་ན་རུས་སྦལ། གཡོན་ན་ཐོད་པ། བྱང་དུ་གྷསྨ་རཱི་ལྗང་གུ་གཡས་ན་སྦྲུལ། གཡོན་ན་ཐོད་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་ན་སེང་གེ གཡོན་ན་དགྲ་སྟྭ། ཤར་ལྷོར་ཤ་ཝ་རཱི་དཀར་མོ་གཡས་ན་དགེ་སློང༌། གཡོན་ན་འཁར་གསིལ། ལྷོ་ནུབ་ཏུ་ཙཎྜཱ་ལཱི་སྔོ་ལ་མདངས་དམར་བ། གཡས་ན་འཁོར་ལོ། གཡོན་ན་ཐོང་གཤོལ། ནུབ་བྱང་དུ་ཌོཾ་བི་ནཱི་ཁ་དོག་སྣ་ཚོགས་པ་གཡས་ན་རྡོ་རྗེ། གཡོན་པ་སྡིགས་མཛུབ། དེ་དག་ཐམས་ཅད་ཀྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་ལངས་པ། རྒྱན་དང་ཆ་ལུགས་བ་སྤུའི་བུ་གའི་བར་དུ་གསལ་གདབ་པར་བྱའོ། །དེ་ནས་ནམ་མཁའ་ནས་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་ཧོ་གཉིས་ཀྱིས་མཐའ་བརྟེན་པའི་བར་དོའི་ཤེས་པ་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས། ཡུམ་གྱི་མཁར་ཡི་གེས་སླེབ་པ་དང༌། བཅོམ་ལྡན་འདས་བདེ་བ་ཆེན་པོའི་ངོ་བོར་གྱུར་ཏེ་ཐིག་ལེའི་ངོ་བོར་ཞུ་བར་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །དེ་ནས་མཚམས་ཀྱི་ལྷ་མོ་བཞིས་གླུས་བསྐུལ་བས་ཐིག་ལེ་གཉིས་ལས་ཨྃ་ཧཱུྃ་གཉིས་སུ་གྱུར། དེ་ལས་ཡབ་ཡུམ་གྱི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དེ། སྐུ་མདོག་ནག་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞལ་གཡས་དཀར་བ། གཡོན་དམར་བ། རྩ་ཞལ་སྔོན་པོ། སྟེང་གི་ཞལ་དུ་བའི་མདོག་ཅན། ལྷག་མའི་ཞལ་བཞི་ནག་པོ། གཡས་པ་བརྒྱད་ན་གླང་པོ་ཆེ་དང༌། རྟ་དང༌། བོང་བུ་དང༌། གླང་དང༌། རྔ་མོ་དང༌། མི་དང༌། ཤ་ར་བྷ་དང༌། བྱི་ལ་རྣམས་སོ། །གཡོན་པ་བརྒྱད་ན་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ཟླ་བ་དང༌། ཉི་མ་དང༌། གཤིན་རྗེ་དང༌། ནོར་བདག་རྣམས་སོ། །ཡུམ་རྡོ་རྗེ་བདག་མེད་མ་ནི་སྐུ་མདོག་སྔོན་མོ། གཡས་གྲི་གུག་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ་སྟེ་བ་སྤུའི་བུ་གའི་བར་དུ་གསལ་གདབ་བོ། །དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་རང་རང་གི་ས་བོན་གསལ་གདབ། དེ་ནས་བཅོམ་ལྡན་འདས་དང་ལྷ་མོ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་བཅུད་ཐམས་ཅད་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པར་གྱུར་པར་བསམས་ཏེ་སྣོད་བཅུད་སྦྱང་བའོ། །དེ་ནས་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། མིག་ཏུ་མྃ་དཀར་མོ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དྃ་སྔོན་མོ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣར་པྃ་སེར་མོ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རྃ་དམར་མོ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨྃ་ལྗང་གུ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནྃ་ནག་མོ་ལས་བདག་མེད་མ་ནག་མོ། དཔྲལ་བར་ཨོཾ་དཀར་པོ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿདམར་པོ་ལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གར་ཧཱུྃ་ནག་པོ་ལས་ཐུགས་རྡོ་རྗེ་མ་ནག་མོ། དེ་ཐམས་ཅད་ཀྱི་ཕྱག་གཡས་པ་ཐམས་ཅད་གྲི་གུག གཡོན་པ་ཐམས་ཅད་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག གདན་རོའི་སྟེང་ན་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། མེ་རི་འབར་བའི་དབུས་སུ་བསྒོམ་པར་བྱའོ། །སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་འདིར་མ་བྱས་པར་དབང་དང་འབྲེལ་བའི་སྐབས་སུ་བྱས་ཀྱང་བཏུབ་བོ། །དེ་ནས་ཡང་བདག་གི་སྙིང་གའི་ཧཱུྃ་ལས་འོད་བྱུང་བས་ཡེ་ཤེས་ཀྱི་འཁོར་ལོ་ལྷ་དགུའི་རྣམ་པར་སྤྱན་དྲངས། ལྷ་མོ་བརྒྱད་ཀྱིས་མཆོད་པ་དབུལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་བྱ་བ་ལ་སོགས་པས་བསྟོད་ལ། དེ་ནས་ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བརྗོད་པས་གཽ་རཱི་ནག་མོ་ལྕགས་ཀྱུ་ཐོགས་པས་ཐུགས་ཀར་རེག་པས་སྲུང་བའི་འཁོར་ལོའི་ནང་དུ་སྤྱན་དྲངས། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད་པས་ཙཽ་རཱི་དམར་མོ་ཞགས་པ་ཐོགས་པས་མགྲིན་པ་ལ་རེག་པས་ཡེ་ཤེས་པ་རྣམས་སྨིན་མཚམས་ནས་ཐིམ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བྃ། ཞེས་བརྗོད་པས་བེ་ཏཱ་ལཱི་སེར་མོ་ལྕགས་སྒྲོག་ཐོགས་པས་ཞབས་ལ་རེག་པས་དམ་ཚིག་པ་དང་ཡེ་ཤེས་པ་ཆུ་ལ་ཆུ་བཞག་པ་བཞིན་བསམ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ ཞེས་བརྗོད་པས་གྷསྨ་རཱི་ལྗང་གུ་དྲིལ་བུ་ཐོགས་པས་ཕྱི་ནང་ཀུན་ཏུ་དྲིལ་བུའི་སྒྲ་བྱུང་བས་དམ་ཚིག་པ་རྣམས་ཡེ་ཤེས་པར་གནས་གྱུར་པ་བསམ་མོ། །རྗེས་སུ་ཆགས་པ་བདེ་བ་ཡིན་ལ། རྡོ་རྗེ་སེམས་དཔའ་ཡང་བདེ་བའི་དག་པ་ཡིན་པའི་ཕྱིར་དེ་དག་ནི་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་གོ །དེ་ནས་ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་སྐུར་གྱི་ལྷ་དེ་བཞིན་གཤེགས་པ། རིག་མ། ལྷ་མོ། རྡོ་རྗེ་ཁྲོ་བོ། བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས། ལྷ་མོ་བརྒྱད་ཀྱིས་མཆོད་པ་ཕུལ། བསྟོད་པས་བསྟོད་ལ། འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །བཅོམ་ལྡན་བདག་ཉིད་ཆེན་པོ་ཀུན། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་སྐུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་བརྗོད་ལ་གསོལ་བ་གདབ། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཧེ་རུ་ཀའི་གཟུགས་སུ་གྱུར་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་སྤྱི་གཙུག་ནས་དབང་བསྐུར་བར་བསམ་ཞིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུངས་པར་བསམ་ཞིང༌། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་དང༌། རིག་མ་རྣམས་རྡོ་རྗེའི་གླུ་ལེན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་དང༌། ལྷ་མོ་རྣམས་མཆོད་པ་བྱེད་པ་དང༌། ཁྲོ་བོ་རྣམས་བགེགས་བསྐྲད་པར་བསམ་ཞིང༌། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང་བས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ལ་དབང༌། དེའི་མཐར་ཐུག་རྒྱན་དྲུག་གི་དག་པ་དྲན་པ་ཡིན་པས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །གདུ་བུ་རྣམ་པར་སྣང་མཛད་དེ། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་བྱ་བ་དང༌། ཐལ་བ་དང་མཆོད་ཕྱིར་ཐོགས་པ་རྡོ་རྗེ་འཆང་ཆེན་པོ་ཡིན་སྙམ་དུ་མོས་པ་བྱ། ཡང་དབང་གི་ཆུ་རྒྱུན་གྱིས་མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང༌། དེའི་མཐར་ཐུག་འཁོར་ལོ་བཞིའི་རྒྱས་གདབ་པ་ཡིན་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞིའི་ཁ་དོག་སྣ་ཚོགས་ཀྱི་དབུས་ན་ཨྃ་ཡོད་པ་ནི་ལས་ཀྱི་ཕྱག་རྒྱ། སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་ཁ་དོག་སྔོན་པོ་ཁ་ཐུར་ལ་བལྟས་པའི་དབུས་ན་ཧཱུྃ་ཡོད་པ་ནི་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་འདབ་མ་བཅུ་དྲུག་ཁ་དོག་དམར་པོ་ཁ་གྱེན་ལ་བལྟས་པའི་དབུས་ན་ཨོཾ་དམར་པོ་ཡོད་པ་ནི་ཕྱག་རྒྱ་ཆེན་པོ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་དཀར་པོ་ཁ་ཐུར་ལ་བལྟ་བའི་དབུས་ན་ཧྃ་ཡོད་པ་ནི་དམ་ཚིག་གི་ཕྱག་རྒྱར་མོས་པ་བྱ། ཡང་དབང་གི་ཆུ་རྒྱུན་གྱིས་སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། དེ་ལས་མངོན་པར་ཤེས་པ་སྐྱེ་བའི་ཕྱིར་སྔར་གྱི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དྲན་པ་ཙམ་བྱ། ཡང་དབང་གི་ཆུ་རྒྱུན་གྱིས་གསང་གནས་ནས་རྐང་མཐིལ་ཡན་ཆད་ལུས་ཐམས་ཅད་གང་བས་མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག བརྟན་པར་བྱེད་པ་བསྒོམ་པ་ལ་དབང་ངོ༌། །དེས་ན་དབང་རྫོགས་པས་ལམ་རྫོགས་པ་ན་རིགས་ཀྱི་བདག་པོའི་རྒྱས་གདབ་པར་བྱ་སྟེ། ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་ཝ་རཱི་ལ་རྣམ་སྣང༌། བཻ་ཏཱ་ལཱི་དང་ཙཎྜཱ་ལཱི་ལ་རིན་ཆེན་འབྱུང་ལྡན། གྷསྨ་རཱི་དང་གཡུང་མོ་ལ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བརྗོད་དེ་བརྟན་པར་བྱའོ། །དེ་ལྟར་ན་དབང་བསྐུར་བ་ཡང་ཆུ་ཡིན་ལ་མི་བསྐྱོད་པ་ཡང་ཆུ་རྣམ་པར་དག་པ་ཡིན་པའི་ཕྱིར། དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ཅེས་བྱ་བ་ཡིན་ནོ། །དེ་ནས་བདུད་རྩི་དངོས་སུ་འབྱོར་རམ་མ་འབྱོར་ན་བསམས་ལ། གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ལྷ་དགུའི་ལྗགས་ལ་བདུད་རྩི་མྱང་བར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབས་ཏེ། བདུད་རྩི་མྱང་བ་ཡང་ལྕེའི་གནས་སུ་མྱངས་ལ། འོད་དཔག་ཏུ་མེད་པའང་གསུང་ཡིན་པའི་ཕྱིར། བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་ཅེས་བྱ་བ་ཡིན་ནོ། །དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པས་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབས་ཏེ། མཆོད་པ་ཡང་ཕྲིན་ལས་ཡིན་ལ་དོན་ཡོད་གྲུབ་པའང་ཕྲིན་ལས་ཡིན་པའི་ཕྱིར་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ཅེས་བྱ་བ་ཡིན་ནོ། །ཡང་ལྷ་མོ་དེ་དག་གིས་བདག་དང་དཀྱིལ་འཁོར་དེ་དག་ཐམས་ཅད་ལ་མཆོད་པར་བསམས་ཏེ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ཀྱི་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པས་སྙིང་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་སྟི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་བྱིན་གྱིས་བརླབས་ཏེ་བསྟོད་པ་ཡང་ཡོན་ཏན་ཡིན་ལ། རིན་ཆེན་འབྱུང་ལྡན་ཡང་ཡོན་ཏན་ཡིན་པའི་ཕྱིར་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཅེས་བྱ་བ་ཡིན་ནོ། །དེ་ནས་བསྐྱེད་པའི་རིམ་པའི་རྗེས་ལ། རྫོགས་པའི་རིམ་པ་འཁོར་ལོ་བཞི་ལ་བརྟེན་པའི་ཙཎྜཱ་ལཱི་ལ་སོགས་པ་བསྒོམ་པར་བྱ་སྟེ། སྔར་བཤད་པའི་འཁོར་ལོ་བཞི་གསལ་གདབ། དེ་ལ་བརྟན་པའི་རྩ་གསུམ་ཡང་གསལ་གདབ། དེ་ནས་འོག་རླུང་བསྐྱོད་པས་སུམ་མདོའི་མེ་སྦར། དེས་ལྟེ་བའི་ཨྃ་འབར། མེ་དེ་གཡས་རོ་མ་ནས་ཡར་སོང་ནས་སྙིང་ག་དང་མགྲིན་པའི་ཡིག་འབྲུ་བསྲེགས། སྤྱི་གཙུག་གི་ཧྃ་ལ་ཕོག་སྟེ་ཧྃ་ཞུ་བའི་བྱང་ཆུབ་ཀྱི་སེམས་གཡོན་རྐྱང་མ་ནས་བབ། མགྲིན་པ་དང་སྙིང་གའི་ཡིག་འབྲུ་རྣམས་སླར་གསོས་ཏེ་སྔར་བཞིན་རྒྱས་པར་བྱས། དེ་བཞིན་དུ་བྱོན་ནས་ལྟེ་བའི་ཨྃ་ལ་ཕོག ཨྃ་ལས་མེ་གློག་གི་ཟེར་མ་བརྒྱ་སྟོང་གི་ཚད་དང་མཉམ་པ་དབུ་མ་ནས་ཡར་སོང་ནས། སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོཾ་བཅོམ། སྤྱི་གཙུག་གི་ཧྃ་ལ་ཕོག དེ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མུ་ཏིག་གི་ཕྲེང་བའམ། འོ་མའི་རྒྱུན་ལྷར་འབབ་པས། འཛག་པའི་སྟོབས་ཇེ་ཆེ་ཇེ་ཆེར་ལྟེ་བའི་སྟེང་ངམ། ལྟེ་བ་བས་སོར་བཞི་ཙམ་གྱིས་མཐོ་བར་འབར་འཛག་ལ་བློ་གཏད་ལ། དམིགས་པ་དེ་དང་རླུང་ཁ་སྦྱོར་ཅི་རིགས་པར་བསྒོམ། འཁོར་ལོ་བཞི་ལ་བརྟེན་པའི་རྫོགས་རིམ་མདོར་བསྡུས་པའོ། །མཉམ་པར་གཞག་པའི་རྣལ་འབྱོར་རོ། །དེ་ནས་མཉམ་པ་ལས་ལྡང་བའི་རྣལ་འབྱོར་བྱེད་པར་འདོད་ན། ཐོག་མར་དག་པ་རྗེས་སུ་དྲན་པར་བྱ་སྟེ། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱི་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཅེས་བྱ་བ་དང༌། ཕྱག་རྒྱ་ལྔའི་རྒྱས་བཤད། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་གདུབ་རྣམ་པར་སྣང་མཛད་དེ། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་བྱ་བ་དང༌། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁོང་སྐེམས་མཛེ་དང་བིརྫི་ཀ །མཆིན་པ་མཆེར་པའི་ནད་རྣམས་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ས་ནི་དང་པོ་ནོར་འཛིན་མཐར། །དབང་ཕྱུག་བརྒྱད་ནི་སྩོལ་བར་མཛད། །ཅེས་བྱ་བས་ལྷའི་རྣམ་པར་དག་པ་དང༌། ཡང་གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཤ་ནི་པུཀྐ་སཱི་ཞེས་བརྗོད། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་སྟེ། །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ས་ནི་པུཀྐ་སཱི་ཞེས་བརྗོད། །དེ་བཞིན་ཆུ་ནི་རི་ཁྲོད་མ། །མེ་ཡི་ཁམས་ནི་གདོལ་པ་མོ། །རླུང་གི་ཁམས་ནི་གཡུང་མོ་ཉིད། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །གཟུགས་ལ་གཽ་རཱིར་རྟག་ཏུ་བཤད། །སྒྲ་ཡི་ཆ་ལ་ཆོམ་རྐུན་མ། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རིག་ལ་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཞེས་བརྗོད་དེ། རྣལ་འབྱོར་མའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་རྣམ་པར་དག་པ་དྲན་པར་བྱའོ། །མཉམ་པར་གཞག་པའི་རྗེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བ་ནི། སྔར་གྱི་བསྟོད་པའི་རྗེས་ལ་བསྡུས་ཀྱང་བཏུབ། རྫོགས་པའི་རིམ་པ་བསྒོམས་པའི་རྗེས་ལ་བསྡུས་ཀྱང་བཏུབ། དག་པ་དྲན་པའི་རྗེས་ལ་བསྡུས་ཀྱང་བཏུབ་སྟེ། གོང་ལྟར་ཡང་བསྡུ་བའི་རིམ་པ་ནི། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་དང་དུར་ཁྲོད་ལ་བསྡུ། དེ་གཞལ་ཡས་ཁང་ལ་བསྡུ། དེ་ལྷ་མོ་བརྒྱད་ལ་བསྡུ། དེ་ཞལ་བརྒྱད་དམ་ཐུགས་ཀའི་ཧཱུྃ་གང་རུང་ལ་བསྡུས་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་རྫོགས་རིམ་བསྒོམ་པའོ། །དེ་ཟིན་ནས་དག་པ་རྗེས་སུ་དྲན་པ་བསྒོམ་པའམ། དེ་ཡང་ཟིན་ནས་བཟླས་པའི་རྣལ་འབྱོར་ལ་འཇུག་པར་བྱའོ། །གང་ལྟར་ཡང་གཙོ་བོ་ཡབ་ཡུམ་ནི་ཉལ་བའི་རྣལ་འབྱོར་གྱི་བར་དུ་བསྡུ་བ་མེད་དོ། །སྟན་ལས་ལྡང་བའམ། བཟླས་བརྗོད་ཟིན་པའི་རྗེས་ལ་རྡོ་རྗེའི་གླུ་བླང་བ་དང༌། སྨོན་ལམ་རྣམ་པར་དག་པ་བཏབ་ལ། ཁ་ཟས་སམ་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །མངོན་པར་རྟོགས་པ་ལྷག་མ་རྣམས་ནི་མངོན་པར་རྟོགས་པ་རྒྱས་པ་རྗེ་བླ་མས་མཛད་པའི་ཡི་གེ་རྒྱས་པའི་སྟེང་དུ་རྟོགས་པར་བྱའོ། །མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་གི་རྣལ་འབྱོར་ཞེས་བྱ་བའོ། །རྫོགས་སོ།།  །། ༄༅། །འདིར་འདི་ལྟར་རྟོགས་པར་བྱ་སྟེ། མངོན་པར་རྟོགས་པ་རྒྱས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨ་བཛྲའི་དགོངས་པ་དང་ཚུལ་མཚུངས་པ་ཡིན་མོད་ཀྱི། འོན་ཀྱང་མི་འདྲ་བའི་ཁྱད་པར་ནི་འདིར་དབང་གི་དུས་སུ་རྒྱན་དྲུག་གི་དག་པ་དྲན་པ་ལ་སོགས་པ་དབང་གི་མཐར་ཐུག་རྣམས་དྲན་པར་བྱ་བ་དང༌། མཚོ་སྐྱེས་ན་མེད་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། བཟླས་པ་རྗེས་སྤྱོད་ཀྱི་རྣལ་འབྱོར་དུ་བྱེད་པ་དང༌། མཚོ་སྐྱེས་ལ་གནས་པ་བཞིས་འཆིང་བ་ལས། འདིར་མི་འཆིང་བར་བསྐྱེད་རྫོགས་གཉིས་ཀྱིས་འཆིང་བར་བྱེད་པ་རྣམས་མི་འདྲ་བའི་ཁྱད་པར་ཡིན་ནོ། །རྒྱས་པ་ལ་ཡང་འབྲིང་པོ་དང་འདྲ་བར་དབང་རྗེས་ལ་དག་པ་རྗེས་སུ་དྲན་པ་དང༌། བཟླས་པ་རྗེས་སྤྱོད་ལ་བྱེད་པ་ལ་སོགས་པ་བྱས་ན་བདེ་བས་དེ་ལྟར་བྱས་པ་ལ་ཡང་འགལ་བ་མེད་དོ། །ཞེས་གསུང་ངོ༌། །མངོན་པར་རྟོགས་པ་འབྲིང་པོ་འདི་ནི་སློབ་དཔོན་ཌོཾ་བི་ཧེ་རུ་ཀའི་དགོངས་པ་དང་ཚུལ་མཚུངས་པ་ཡིན་མོད་ཀྱི། འོན་ཀྱང་མི་འདྲ་བའི་ཁྱད་པར་ནི། བསོད་ནམས་ཀྱི་ཚོགས་བསགས་པ་ཡན་ལག་བདུན་གྱི་སྐབས་དང༌། ཡེ་ཤེས་ཀྱི་འཁོར་ལོའི་སྔོན་དུ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པའི་སྔོན་དུ་བཅུད་སྦྱང་བ་དང༌། དབང་གི་སྐབས་སུ་རྒྱན་དྲུག་གི་དག་པ་ལ་སོགས་པའི་དབང་གི་མཐར་ཐུག་རྒྱས་པར་དྲན་པ་དང༌། དེ་རྣམས་མི་འདྲ་བའི་ཁྱད་པར་རྣམས་ཡིན་ནོ། །རྒྱས་འབྲིང་གཉིས་ཀྱི་མི་འདྲ་བའི་ཁྱད་པར་བསྟན་ཟིན་ཏོ། །རྒྱས་བསྡུས་ཀུན་ལ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པའི་སྐབས་ནི་བླ་མའི་ཞལ་ལས་གཟུང་བར་བྱའོ། །མངོན་པར་རྟོགས་པའི་རིམ་པ་ཐམས་ཅད་བསྟན་ཟིན་ཏོ། །གསང་སྔགས་འཛིན་པ་གྲགས་པ་རྒྱལ་མཚན་ལ། །འཛིན་སྟོན་དགེ་སློང་རྡོ་རྗེ་ཤེས་རབ་ཀྱིས། །གསོལ་བ་བཏབ་ནས་ས་སྐྱའི་དགོན་པར་བྲིས། །དགེ་དེས་འགྲོ་ཀུན་སངས་རྒྱས་སར་འགྲོ་ཤོག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*