ཀྱཻ་རྡོར་དཔའ་བོ་གཅིག་པའི་མངོན་རྟོགས།

༼ཇ༽

༄༅། །ཀྱེ་རྡོར་དཔའ་བོ་གཅིག་པའི་མངོན་རྟོགས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ཀྱེའི་རྡོ་རྗེའི་རྣལ་འབྱོར་པས་ཐུན་བཞིའི་ངེས་པས་རིམ་པ་གཉིས་བསྒོམ་པར་བྱ་སྟེ། རྒྱས་པ་བསྒོམ་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱ་སྟེ་གཞན་དུ་ཤེས་པར་བྱའོ། །འདིར་ཤིན་ཏུ་བསྡུས་པ་དཔའ་བོ་གཅིག་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། དེ་ལ་དང་པོ་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ། དེའི་དོན་དུ་ཧེ་རུ་ཀ་བསྒོམ་སྙམ་དུ་བསམ། དེ་ནས་རང་གི་སྙིང་གའི་ནང་དུ་འོག་ཏུ་ཟླ་བའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཆེ་ཆུང་ཅི་རིགས་པར་བསམ། དེ་གཉིས་ཀྱི་བར་དུ་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ། ལྟེ་བ་མཐིང་ནག་ལ་ཧཱུྃ་མཐིང་ནག་གིས་མཚན་པ་ཅིག་བསམ། ཡང་ཧཱུྃ་དེ་ལས་འོད་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང་བས་དེས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག་ནས། ལུས་ཤེལ་སྒོང་དག་པ་ལྟར་དཀར་སངས་ཀྱིས་སོང་བར་བསམ་མོ། །དེའི་སྐད་ཅིག་གིས་བདག་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། ཕྱག་གཡས་པས་རྡོ་རྗེ་བསྣམས་པ། གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཡར་ཁ་ཊྭཱྃ་གས་མཚན་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་པ། རུས་པའི་རྒྱན་ཆ་དྲུག་དང་ལྡན་པ། ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། ཕྱེད་སྐྱིལ་གར་གྱིས་པད་ཉིད་དང་རོའི་སྟེང་དུ་མེ་རི་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམས་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། སྤྱི་བོར་རིགས་ཀྱི་བདག་པོ་མི་བསྐྱོད་པས་མཚན་པར་བསམས་ལ། དེ་ནས་ལྷའི་རྣམ་པ་གསལ་བར་བྱས་ལ། དེ་ལ་སེམས་ཇི་ཙམ་གནས་ཀྱི་བར་དུ་གཞག་པར་བྱའོ། །གལ་ཏེ་སྐྱོ་བར་གྱུར་ན་སྔགས་ཀྱི་བཟླས་པ་བྱ་སྟེ། དེ་ཡང་སྙིང་གའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་ནས་ལྟེ་བ་ནས་འཐོན་ནས་ཁར་ཞུགས་ནས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་བྱུང་སྟེ་རྒྱུན་མི་འཆད་པར་འཁོར་བ་ལ་དམིགས་ཏེ། མ་ཡེངས་པར་ཅི་ནུས་སུ་བཟླས་སོ། །སྔགས་ནི། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །རྫོགས་པའི་རིམ་པ་ལ་སེམས་གཟུང་བར་འདོད་ན། སྙིང་གའི་གནས་སུ་མར་མེའི་རྣམ་པ་ཤིན་ཏུ་ཆ་ཕྲ་བ་རྟ་རྔའི་ཚད་དང་མཉམ་པ། རིང་ཐུང་སོར་གཉིས་ཙམ། དེའི་རྩེ་མོ་ལ་ནོར་བུ་ལྗང་གུ་གྲུ་གསུམ་པ་སྲན་མ་ཙམ་བསྒོམས་ལ་སེམས་བཟུང༌། ཉིན་མོའི་དུས་སུ་མེ་དང་ནོར་བུ་ཀླད་པའི་སྟེང་དུ་སྤོས་ལ་སེམས་བཟུང༌། བྱིང་ན་ཚངས་པའི་བུ་གའི་སྟེང་ཙམ་དུ་དཔང་བསྟོད་ལ་བསྒོམ། རྒོད་ན་སྙིང་གི་དཀྱིལ་དུ་ཕབ་ལ་བསྒོམ། སེམས་གནས་པར་བྱེད་པ་གཟུགས་བརྙན་གྱི་སྦྱོར་བ་ཞེས་བྱ་བ་རྫོགས་པའི་རིམ་པའོ། །ཉལ་བའི་རྣལ་འབྱོར་ནི། ཉལ་བའི་དུས་སུ་བདག་ཉིད་ལྷའི་རྣམ་པར་གནས་པ་དེ་རིམ་གྱིས་སྙིང་གའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་རིམ་གྱིས་བསྡུས་ལ། སྟོང་པ་མི་དམིགས་པར་བྱས་ཏེ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ་བར་བྱའོ། །གཉིད་སད་པའི་དུས་སུ་ལྡང་བའི་རྣལ་འབྱོར་ནི། གཉིད་སད་པ་དང་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་སྟོང་པའི་ངང་ལས་སྐད་ཅིག་གིས་བདག་ཉིད་དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལྡང་བར་བྱའོ། །ཁྲུས་བྱེད་པའི་དུས་སུ་ཁྲུས་ཀྱི་རྣལ་འབྱོར་ནི་ཁྲུས་ཀྱི་ལྷ་སྤྱན་དྲངས་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་བརྗོད་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་མཛད་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །གསུངས་ནས་བུམ་པའི་ཆུ་རྒྱུན་གྱིས་སྤྱི་གཙུག་ནས་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བསམ་ཞིང་ཁྲུས་བྱའོ། །ཁ་ཟས་ཟ་བའི་དུས་སུ་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ལ་ལྷ་མཆོད་པའི་བསམ་པས་ལོངས་སྤྱད་པར་བྱའོ། །སྤྱོད་ལམ་གྱི་དུས་སུ་སྤྱོད་ལམ་གྱི་རྣལ་འབྱོར་ནི། བདག་ཉིད་ཀྱང་ལྷའི་ང་རྒྱལ་གྱིས་གནས་པར་བྱས་ལ། སྣང་བའི་དངོས་པོ་ཐམས་ཅད་ཀྱང་ལྷག་པའི་ལྷར་བྱས་ལ། སྒྲ་གྲགས་པ་ཐམས་ཅད་ཀྱང་བཟླས་པའི་སྒྲར་ཤེས་པར་བྱས་ལ། སྤྱོད་ལམ་ཐམས་ཅད་དུ་དེ་ཉིད་ཀྱིས་དུས་འདའ་བར་བྱའོ། །མཆོད་པ་དང་བསྟོད་པ་རྒྱས་བསྡུས་ཀྱང་ཅི་རིགས་སུ་བྱའོ། །ཐུན་མཚམས་སུ་གཏོར་མ་གཏང་བར་བྱ་སྟེ། ཐོད་པའམ་སྣོད་གཙང་མར་ཤ་ཟན་ནམ། འབྲས་ཆན་ལ་སོགས་པའམ། ཅི་འབྱོར་པའི་ཡོ་བྱད་བཤམས་ལ། ཆང་ཕུད་དམ་ཆུ་གཙང་གིས་སྦྱངས་ལ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བ་ལན་གསུམ་མམ། བདུན་གྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང༌། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས་ལ། ཡི་དམ་གྱི་ལྷ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཆོས་སྐྱོང་བའི་སྲུང་མ་དང༌། འགྲོ་བ་རིགས་དྲུག་ཐམས་ཅད་སྤྱན་དྲངས་ཤིང་བཀུག་ལ། དེ་རྣམས་ཐམས་ཅད་ཀྱང་ལྷག་པའི་ལྷར་བསམས་ཏེ། གཏོར་མ་གསོལ་བར་བསམ་ཞིང་སྔགས་ནི་འདིའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུད་པན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུམ་མམ་ལྔའམ་བདུན་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ། མགྲོན་རྣམས་མི་དམིགས་པར་བསམ། གཏོར་མ་ས་གཙང་སར་གཏང་ངོ༌།།  །།འདིའི་བརྒྱུད་པ་ནི་རྡོ་རྗེ་འཆང་དངོས་ཀྱིས་དྷ་བྱང་ཆུབ་སེམས་དཔའ་ལ་དེས་བ་རི་ལོ་ཙཱ་བ་ལ། དེས་རྗེ་ས་སྐྱ་པ་ཆེན་པོ་ལ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ། དེས་ས་སྐྱ་པཎ་ཆེན་ལ། དེས་བླ་མ་བློ་གྲོས་རྒྱལ་མཚན་ལ། དེས་དྲན་སྟོན་ཆོས་ཀྱི་གྲགས་པ་ལ་གནང་བའོ།། འདིར་མཛད་བྱང་མེད་པ་དང་བརྒྱུད་པ་ལ་དོགས་པ་བྱུང་ཡང་ཕྱི་མོ་ཀུན་ན་འདི་ལྟར་མཆིས་པས་དཔྱད་བྱར་བཞག།  ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*