གུར་གྱི་ཐིག་ཆོག་རབ་ཏུ་གསལ་བ།

༼ཇ༽

༄། །གུར་གྱི་ཐིག་ཆོག་བཞུགས།།

༄༅། །རྒྱ་གར་སྐད་དུ། སཱུ་ཏྲ་བི་དྷི་ཨཱ་ལོ་ཀ་ནཱ་མ། བོད་སྐད་དུ། ཐིག་གི་ཆོ་ག་རབ་ཏུ་གསལ་བ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་རྡོ་རྗེ་མཁའ་འགྲོ་ཡི། །ཞབས་རྡུལ་བླངས་ཏེ་རྒྱུད་ཀྱི་རྒྱལ་པོ་མཆོག །རྡོ་རྗེ་གུར་གྱི་དཀྱིལ་འཁོར་ཆོ་ག་ཡི། །ཐིག་གི་རིམ་པ་གསལ་བར་བཤད་པར་བྱ། །ལེགས་པར་བརྟགས་པའི་ས་གཞི་ལ། །མཁས་པས་ཐིག་གི་ཆོ་ག་བྱ། །མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་བདག་གམ་གཞན་གྱི་དོན་དུ་བསྙེན་པ་དང་སའི་ཆོ་ག་སྔོན་དུ་སོང་ནས། རྡོ་རྗེ་གུར་ནས་འབྱུང་བའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །དེའང་སར་པ་ལེགས་པར་བཀལ་བ་དང༌། ཤིན་ཏུ་ཚད་མས་མཛེས་པར་གདབ། སྲད་བུ་དེའང་དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པ་འཇུར་མདུད་དང་བྲལ་བ། ཆུ་ལ་དཀྱིལ་འཁོར་གྱི་ཉིས་འགྱུར་སྦོམས་སུ་སྒོའི་ཉི་ཤུ་ཆ་ཡོད་པ་རྡོ་རྒྱུས་ཀྱིས་བསྒོས་པའམ་ཁ་དོག་ཐ་དད་དུ་བསྒྱུར་བས་གདབ་པར་བྱའོ། །ཚད་ཇི་ཙམ་ཞེ་ན་བཤད་པ། རྡོ་རྗེ་དཀྱིལ་འཁོར་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །སྣང་བྱེད་ལ་ནི་ཁྲུ་ལྔ་ཡིན། །པདྨ་གར་དབང་དྲུག་པ་སྟེ། །ལྕགས་ཀྱི་རྒྱལ་པོ་དེ་བཞིན་བདུན། །དེ་དག་ནི་དཀྱིལ་འཁོར་སོ་སོའི་ཚད་ཡིན་མོད་ཀྱང་བསྡུས་པའི་དཀྱིལ་འཁོར་ལ་ཡང་ཤེས་པར་བྱའོ། །ཚད་དེ་དག་ཚུལ་ཇི་ལྟར་གདབ་པར་བྱ་ཞེ་ན། བཤད་པ། དང་པོར་ཚངས་པའི་ཐིག་དང་ནི། །གཉིས་པ་མཚམས་ཀྱི་ཐིག་ཉིད་དང༌། །གསུམ་པ་དངོས་གཞི་ཡི་ནི་ཐིག །སྲད་བུས་རབ་ཏུ་གདབ་པར་བྱ། །དང་པོ་ཁོ་ནར་ས་མཉམ་ཞིང་ཡིད་དུ་འོང་བར་ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་ནས་མཚམས་ཀྱི་ཐིག་གཉིས་དང་ཕྱོགས་ཀྱི་བཞི་བཏབ་ནས། དེ་དག་ཀྱང་ཕྱེད་ཕྱེད་དུ་གདབ་པས་གཡས་གཡོན་གཉིས་སུ་བརྒྱད་བརྒྱད་དེ་བཅུ་དྲུག་ཏུ་འགྱུར་རོ། །དེ་ལྟར་ན་ཆ་ཆེན་བཅུ་དྲུག་ཏུ་གྱུར་ནས་བཅུ་དྲུག་པོ་དེ་སོ་སོར་ཕྱེ་བའི་ཕྱིར་བཤད་པ། ཚངས་ཐིག་ཆ་གཉིས་བོར་ནས་ནི། །ཆ་དྲུག་ཏུ་ནི་གདབ་པར་བྱ། །དེ་ནས་སྒོ་ཡི་ཚད་བོར་ནས། །དགུ་ཡི་ཆར་ནི་རབ་ཏུ་གདབ། །དེའི་དོན་ཡང་འདི་ལྟར་རྟོགས་པར་བྱ་སྟེ། དཀྱིལ་འཁོར་གྱི་ཕྱོགས་གཅིག་ཆ་བརྒྱད་དུ་གནས་པའི་ཆ་ཆེན་གཉིས་བོར་ནས་ཆ་དྲུག་ཏུ་གདབ་པར་བྱ་སྟེ། དེས་ནི་དོན་གྱི་ཆ་ཆེན་པོ་བརྒྱད་དུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ནང་ནས་འཇལ་བའི་ཆ་གསུམ་གྱི་ཕྱི་རོལ། སྒོའི་ཚད་ཅེས་བྱ་བ་ནི་ཆ་གཅིག་ཡིན་ལ། བོར་བ་ནི་ཕྱི་རོལ་དུ་བཞག་པའོ། །དེ་ནི་ལྷའི་སྣམ་བུར་འགྱུར་རོ། །གཞུང་དེའང་གཞན་དུའང་རུང་མོད་ཀྱི་འདིར་མ་སྤྲོས་སོ། །དགུའི་ཆ་ཞེས་བྱ་བ་ནི་ནང་གི་ཆ་གསུམ་པོ་ལ། ཆ་གསུམ་གསུམ་དུ་བཏབ་པས་དགུར་འགྱུར་རོ། །དགུ་པོ་དེ་དག་ཀྱང་བླ་མའི་མན་ངག་གིས་དཀྱིལ་འཁོར་ལྔར་དབྱེ་བར་བྱ་སྟེ། དེའང་ཆ་ཆེན་གཉིས་གཉིས་ལས་དཀྱིལ་འཁོར་རེ་རེ་འབྱུང་ལ། དེའང་ཕྱོགས་བཞི་དབུས་དང་ལྔ་སྟེ། དབུས་ཀྱི་དཀྱིལ་འཁོར་གྱི་ཚངས་ཐིག་ནི་ཕྱིའི་དཀྱིལ་འཁོར་ཉིད་ཀྱིའོ། །ཕྱོགས་བཞིའི་དཀྱིལ་འཁོར་གྱི་ཚངས་ཐིག་རེ་རེ་ནི་ཕྱིའི་ཉིད་ཀྱི་ཡིན་ལ། ཚངས་ཐིག་གཉིས་པ་ནི་ཕྱིའི་དཀྱིལ་འཁོར་གྱི་ཚངས་ཐིག་ལ་ཆ་ཆེན་གཉིས་བོར་བའི་ཆ་ཆེན་གྱི་རི་མོའོ། །ཕྱོགས་ཀྱི་དཀྱིལ་འཁོར་རྣམས་ལ་ཟུར་ཐིག་བརྒྱད་དོ། །གཞན་ཡང་ཚངས་ཐིག་ལས་ཆ་ཆེན་གཅིག་གི་ཕྱི་རོལ་གྱི་རི་མོ་ནི་དཀྱིལ་འཁོར་ཀུན་གྱི་བར་མཚམས་སོ། །སྤྱིར་ནི་དཀྱིལ་འཁོར་རྣམས་ཀྱི་ཕྱིར་ཕྱེད། ནང་ཕྱེད་ཡིན་མོད་ཀྱང་འདིར་ནང་གི་དཀྱིལ་འཁོར་རྣམས་ལ་རྟ་བབས་མེད་པས་ཕྱིར་སུམ་ཆ་ལ་ནང་དུ་སུམ་གཉིས་སོ། །དེ་ལ་དཀྱིལ་འཁོར་ཆུང་ངུའི་ཕྱོགས་རེ་རེ་ལ་ཆ་གསུམ་གསུམ་དུ་གནས་པ་ལས། ཆ་དང་པོ་ལ་པདྨའི་ལྟེ་བ་དང་ཟེའུ་འབྲུའོ། །གཉིས་པ་ལ་འདབ་མའོ། །གསུམ་པ་ལ་རྩིག་པ་ནས་ནམ་མཁའ་སྟོང་པའི་བར་ཏེ། དེ་དག་གི་ཆ་དབྱེ་བའང་ཕྱིའི་དཀྱིལ་འཁོར་ལྟར་ཤེས་པར་བྱའོ། །ཕྱི་ཡི་དཀྱིལ་འཁོར་ཉིད་བཤད་པ། །འཁོར་ལོ་ཡི་ནི་བརྒྱད་ཉིད་ཀྱི། །ཆ་ཡི་སྒོ་ནི་རབ་ཏུ་གྲགས། །སྒོ་ཁྱུད་དང་ནི་སྣམ་བུ་ནི། །སྒོ་ཡི་ཚད་ཀྱི་ཚད་དུ་བྱ། །སྒོ་ཡི་ཕྱེད་ཀྱི་ཆ་རུ་ནི། །ཡ་ཕུབ་དང་ནི་འགྲམ་ཉིད་དོ། །རིག་ཕྱེད་ཉིད་ཀྱང་དེ་བཞིན་བྱ། །དྲྭ་བའི་སྣམ་བུ་རིག་བྱེད་ཕྱེད། །ཕ་གུ་མདའ་ཡབ་དེ་ཡི་ཕྱེད། །རྩིག་པ་ཡང་ནི་དེ་ཡི་ཚད། །ནམ་མཁའ་སྟོང་པའི་ཆ་ཡང་དེ། །ཕྱི་རོལ་རྟ་བབས་ཅི་མཛེས་སོ། །དེ་དག་ནི་དཀྱིལ་འཁོར་གྱི་ཕྱི་དང་ནང་གི་ཆ་རབ་ཏུ་དབྱེ་བ་སྟེ། སྔོན་ཆད་ལས་ཀྱི་ཆོ་ག་མཐོང་བས་རྟོགས་པར་འགྱུར་བས་དེའི་རྣམ་པར་རྒྱས་པར་མ་སྤྲོས་སོ། །དེ་ལྟར་ལས་ཐིག་གིས་ཆ་ཕྱེ་ནས་ཡེ་ཤེས་ཀྱི་ཐིག་གིས་བྱིན་གྱིས་བརླབ་པ་བཤད་པ་ལ། མཁས་པས་སྣལ་མ་དགུའམ་ལྔ། །གཅིག་ཏུ་བསྒྲིལ་ལ་ལྔ་ཡི་གྲངས། །སངས་རྒྱས་ལྔ་ཡི་སྦྱོར་བ་ཡིས། །རྡོ་རྗེ་འགྲོས་ཀྱིས་གདབ་པར་བྱ། །དེའང་སྣལ་མ་དགུ་གཅིག་ཏུ་བགྲིལ་བ་ལྔའམ། ལྔ་ལྔ་གཅིག་ཏུ་བསྒྲིལ་བ་ལྔ་རང་རང་གི་མདོག་ཏུ་འགྱུར་ལ། སློབ་དཔོན་ཤར་དང་སློབ་མ་ནུབ་ཏུ་བལྟས་ཏེ་སོ་སོར་བརྐྱང་ལ་གཅིག་ཏུ་བསྒྲིལ་ཏེ་བསྐོར་ཕྱོགས་མ་འཁྲུལ་བས་ངག་ཏུ་ཨོཾ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བྱ་བ་དང༌། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ཅིང་ལུས་ཀྱིས་ཐིག་སྐུད་སྦྲེང་ཞིང་ཡིད་ཀྱིས་ནམ་མཁའ་ལ་ཐིག་རྗེས་བྱུང་བར་བསམ་མོ། །ཐིག་གི་ཆོ་གའོ།།  །།དེ་ལྟར་ཐིག་བཏབ་ནས་ཚོན་དགྱེ་བའི་ཆོ་ག་ནི། རྡོ་རྗེའི་དབང་པོ་སྔོན་པོ་སྟེ། །ཟླ་བ་ཆུ་ཤེལ་ཐུབ་ཆེན་གྱི། །མཁར་ཕྱིན་སྐྱེས་པའི་མེ་ཏོག་དམར། །པདྨ་དམར་པོ་སྤྱན་རས་གཟིགས། །རྟ་ཡི་མ་ར་ཀ་ཏ་སྟེ། །རིན་ཆེན་ལྔ་ནི་རྡུལ་ཚོན་མཆོག །དེ་དག་རྡུལ་ཚོན་མཆོག་ཡིན་ཏེ། །འབྲིང་དང་ཐ་མ་ནི་རྩ་བའི་རྒྱུད་ལས་འདིར་མ་གསུངས་སོ། །དེ་ལྟར་ཁ་དོག་ལྔ་པོ་དེ་དག་ཀྱང་རང་རང་གི་ཁ་དོག་ལྔ་ལྔར་འགྱུར་ཏེ། འདི་ལྟར། ཐམས་ཅད་བསྡུས་པའི་དཀྱིལ་འཁོར་ནི། །ཉི་ཤུ་ལྔ་ཡི་དབྱེ་བ་ཡིས། །རྡུལ་ཚོན་གྱིས་ཀྱང་བྲི་བར་བྱ། །རྡུལ་ཚོན་དེ་དག་ཀྱང་འོག་ནས་འབྱུང་བའི་ཆོ་གས་བྱིན་གྱིས་བརླབས་ལ་ཐོག་མར་རྡོ་རྗེ་སློབ་དཔོན་གྱི་ཁུ་ཚུར་གཡོན་པས། འདི་ནི་ཆོས་དབྱིངས་དག་པ་སྟེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ཅིང་དབང་ལྡན་གྱི་རྩིག་པ་ལྔ་བྲི་བར་བྱའོ། །ཇི་ལྟ་བུ་ཞིག་བྲི་བར་བྱ་ཞེ་ན། སྲུང་བའི་དམ་ཚིག་དབུས་གནས་པར། །དཀྱིལ་འཁོར་ལྔ་ནི་བསྒོམ་པར་བྱ། །ལྔ་ལྔའི་བདག་ཉིད་རྫོགས་སངས་རྒྱས། །ཡེ་ཤེས་ལྔ་ཡི་རྣམ་པར་བསྒོམ། །འདོད་པའི་ཡོན་ཏན་ལྔ་དང་ལྡན། །འོད་ཟེར་སྣ་ཚོགས་ཀུན་ཏུ་ཁྱབ། །དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང༌། །ཁྲོ་བོ་ཆེན་པོ་བཅུ་དང་ལྡན་པའི་སྲུང་བའི་འཁོར་ལོའི་དབུས་སུ་རིགས་ལྔའི་དཀྱིལ་འཁོར་ལྔ་རྩིག་པ་ལྔ་དང་ལྡན་ཞིང་འདོད་ཡོན་ལྔས་བརྒྱན་པར་བསྒོམ་པར་བྱའོ། །དཀྱིལ་འཁོར་ལྔ་པོ་དེ་ཇི་ལྟར་བསྒོམ་ཞེ་ན། ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །དམར་བ་ཉིད་ཀྱི་ཆ་ཉིད་དུ། །བྱང་དུ་ལྗང་སེར་ཡང་དག་ལྡན། །ཞེས་བྱ་སྟེ། དབུས་ཀྱི་དཀྱིལ་འཁོར་གྱི་ཤར་ནི་འདྲ་ལ། ཕྱོགས་ཀྱི་དཀྱིལ་འཁོར་རྣམས་ཀྱི་ཤར་ནི་དབུས་ཡིན་ནོ། །ཇི་ལྟར་བྲི་བའི་དབྱིབས་ཀྱང༌། སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་སྟེ། །རྡོ་རྗེ་ཅན་གྱི་ཟླ་ཕྱེད་མཚུངས། །རྡོ་རྗེ་ཆོས་ཀྱི་པདྨ་འདྲ། །ཉི་མའི་ཡིད་བཞིན་ནོར་བུ་བཞིན། །རྟ་མཆོག་ཅེས་བྱ་དེ་ཡི་ནི། །ཐམས་ཅད་དུ་ནི་གྲུ་གསུམ་མོ། །འདི་དག་ཀྱང་རིགས་སོ་སོ་བ་ལ་སྲུང་འཁོར་གྱི་ཕྱི་རོལ་གྱི་རི་མོ་རྐྱང་པའི་དབྱིབས་སམ། གཞལ་ཡས་ཁང་གི་ཕྱིའམ། །ནང་གིའམ། ལྷ་སོ་སོའི་གདན་གྱི་དཀྱིལ་འཁོར་དངོས་ཀྱི་མ་ཡིན་ཏེ། དངོས་ནི་ཐམས་ཅད་གྲུ་བཞི་པ་ཁོ་ན་ཡིན་ནོ། །རི་མོའི་དབྱིབས་སོ་སོ་ལ་ཡང་ལུས་ཀྱི་དཀྱིལ་འཁོར་གྱི་དབྱེ་བས་དེ་ལྟར་འབྱུང་བ་ཡིན་ནོ། །མཚན་མ་འགོད་པ་ཡང༌། སངས་རྒྱས་མགོན་པོའི་དཀྱིལ་འཁོར་ནི། །ཤར་གྱི་སྒོར་ནི་རབ་ཏུ་གྲགས། །གཡས་སུ་རྡོ་རྗེ་ཉི་མ་ཡི། །ནུབ་ཏུ་འདོད་ཆགས་རྡོ་རྗེ་སྟེ། །བྱང་དུ་རྟ་ཡི་རྒྱལ་པོའོ། །དབུས་སུ་རྡོ་རྗེ་སེམས་དཔའོ། །དེ་ལྟར་དེ་དག་ནི་མི་བསྐྱོད་པ་གཙོ་བོར་བྱས་པ་ཡིན་གྱི། རྣམ་སྣང་ལ་སོགས་པ་སོ་སོ་རང་རང་གི་གཙོ་བོ་བྱས་ནས་ནི་དེ་དང་དེའི་དཀྱིལ་འཁོར་དུ་འགྱུར་ཏེ། འདི་ལྟར། སངས་རྒྱས་མགོན་པོ་གང་ཉིད་ཀྱི། །དཀྱིལ་འཁོར་དབུས་སུ་གྱུར་བ་ནི། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བརྗོད། །སྙིང་པོ་ཡོངས་གཟུང་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔ་རུ། །གང་ཚེ་བསྡུས་པའི་དཀྱིལ་འཁོར་གྱི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང༌། །ལྕགས་སྒྲོག་དེ་བཞིན་དྲིལ་བུ་ཉིད། །འཇུག་པའི་སྒོ་སྲུང་དགོད་པར་བྱ། །རིགས་བསྡུས་པའམ་རྒྱས་འབྲིང་གང་རུང་ངམ། སོ་སོ་བ་ཡང་སྟེ་ལྷ་དངོས་སམ་ཕྱག་མཚན་ནམ་བརྡ་ཙམ་བྲི་བར་བྱ་སྟེ། ཇི་སྐད་དུ། དང་པོ་གཟུགས་སུ་བྲི་བར་བྱ། །གཉིས་པ་མཚན་མའི་ཕྱག་རྒྱར་བྲི། །གསུམ་པ་བརྡར་ནི་བྲི་བར་བྱ། །དེ་ཡང་མཚན་མའི་ཕྱག་རྒྱ་བྲི། །ཞེས་འབྱུང་བས་སོ། །དེའང་ཕྱོགས་ཀྱི་གཙོ་བོ་རྣམས་ཀྱི་ཞལ་དབུས་ཀྱི་གཙོ་བོ་ལ་གཟིགས་ལ། འཁོར་རྣམས་ནི་རང་རང་གི་གཙོ་བོ་ལ་གཟིགས་པ་ཡིན་ནོ། །ཕྱི་ཡི་མཚན་མ་ཡང་བཤད་པ། །མཚམས་ཀྱི་ཆ་ནི་ཐམས་ཅད་དང༌། །སྒོ་རྣམས་ཀྱི་ནི་སྒོ་རྒྱུད་དུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན། །སྣ་ཚོགས་སྣང་བ་རྣམས་ཀྱིས་མཛེས། །སྒོ་དང་སྒོ་ཁྱུད་རྟ་བབས་ལ་སོགས་པ་རྣམས་སུ་རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། ཟླ་ཕྱེད་རྡོ་རྗེ་དང་བུམ་པ་ལོ་མ་ཅན་དང༌། གདུགས་གསེར་གྱི་ཡུ་བ་ཅན་དང༌། འཁོར་ལོ་དང༌། རི་དྭགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པ་ཇི་ལྟར་མཛེས་ཤིང་དགོས་པ་རྣམས་བྲི་བར་བྱའོ། །དེ་ལྟར་བྲི་བ་རྣམས་ཀྱི་ཡང་སྔོན་དུ་ཐིག་དང་ཚོན་བྱིན་གྱིས་བརླབས་པ་དགོས་པས་དེ་བཤད་ལ། རང་རང་གནས་སུ་རང་རང་གི །ས་བོན་ལས་འཁྲུངས་ཐུབ་པ་མཆོག །ཆོ་ག་བཞིན་དུ་བསྒོམ་བྱས་ནས། །ཞུ་བའི་རྡུལ་དུ་བསམ་པར་བྱ། །གནས་སོ་སོར་རྡུལ་ཚོན་དང་ཡེ་ཤེས་ཀྱི་ཐིག་བཞག་ལ། སོ་སོའི་ས་བོན་བྲིས་ཏེ། རྟེན་དེ་ལ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་མཆོད་པས་མཆོད་དེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་མཐེ་བོང་སྲིན་ལག་གིས་ཐིག་ཚོན་མཉེ་ལྷ་རྣམས་ཞུ་བའི་ཐིག་ཚོན་དུ་མོས་པར་བྱའོ། །གཞུང་འགའ་ཞིག་ལས། ཐིག་ཚོན་བྱིན་གྱིས་བརླབ་པ་སོ་སོར་བྱ་བར་བཤད་མོད་ཀྱང་ཆོ་ག་མཐུན་པས་བླ་མ་གོང་མ་དག་ཅིག་ཅར་དུ་མཛད་དོ། །རྨོངས་པ་འགའ་ཞིག་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལྔར་མི་འདོད་པ་དེ་དག་ནི་གོང་མའི་ཚིག་དེ་དག་དང་ལུང་གཞན་གྱིས་ཀྱང་སུན་དབྱུང་བར་བྱའོ། །རྡོ་རྗེ་གུར་ནི་རྡོ་རྗེ་ལྟར། །ཚིག་གིས་ཆ་ཤས་དབྱེ་དཀའ་ཡང༌། །རྫོགས་སངས་རྒྱས་ཀྱི་མན་ངག་མཆོག །འཛིན་པ་བདག་གིས་འདི་ཕྱེའོ། །གསང་སྔགས་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་དུ། །འགྲོ་ལ་ཕན་ཕྱིར་བཏུས་ཏེ་ཕྱེ་བ་འདིས། །སྐྱེ་བོ་རྣམས་ལ་མ་ལྟར་ཕན་པར་ཤོག །རྫོགས་སངས་རྒྱས་ཀྱི་གསུང་ལ་མཐའ་གཅིག་ཏུ། །རྣམ་པར་ཕྱེ་ལ་འགལ་བ་ཅུང་ཟད་ཙམ། །གལ་ཏེ་གནས་ན་དཔལ་ལྡན་བླ་མ་དང༌། །རྡོ་རྗེ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ཐིག་གི་ཆོ་ག་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི་གསང་སྔགས་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བར་རྫོགས་སོ།།  །།མངྒ་ལཾ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*