རྡོ་རྗེ་གདན་པའི་ཆོས་དྲུག

༼ཅ༽

༄༅། །རྡོ་རྗེ་གདན་པའི་ཆོས་དྲུག་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྟོག་པའི་འཆིང་རྣམས་བཅད། །རྒྱ་ཆེ་རབ་ཟབ་ཐུགས་མངའ་བ། །ཀུན་ཏུ་ཐུགས་རྗེའི་འོད་ཟེར་གྱིས། །ཀུན་ནས་འདྲེན་ལ་ཕྱག་འཚལ་ལོ། །གང་ཞིག་རིན་ཆེན་གྲགས་པའི་གསུང༌། །སྙིང་རྗེ་ཆེན་པོ་ལས་རྙེད་པ། །བདུད་རྩི་ལྟ་བུའི་མངོན་རྟོགས་རྣམས། །འདིར་ནི་རྣམ་པར་བཤད་པར་བྱ། །སྡོམ་ལ། ཕྱི་ནང་དགྲ་བགེགས་ཞི་བ་དང༌། །རིམས་ནད་ཞི་དང་འཆི་བ་བསླུ། །ཚེ་བསྲིང་སྡིག་པ་དག་པ་བྱ་སྟེ། །རྣམ་པ་དྲུག་གིས་བསྡུས་པ་ཡིན། །དེ་ལ་ཕྱིའི་བར་དུ་གཅོད་པ་ཆོམ་རྐུན་དང་སྟག་ལ་སོགས་པའི་གནོད་པ་ཞི་བར་བྱ་ཞིང༌། སྡིག་པ་དག་པར་བྱ་བའི་ཕྱིར། འཕགས་མ་འོད་ཟེར་ཅན་བསྒོམ་པར་བྱའོ། །དེ་ལ་རྣལ་འབྱོར་པ་གང་དག་ལྷ་མོ་འོད་ཟེར་ཅན་བསྒྲུབ་པར་འདོད་པ་དེས་སྔ་དྲོའི་དུས་སུ་ཁ་ཤར་ཕྱོགས་སུ་བལྟ་བར་བྱའོ། །ཕྱི་དྲོའི་དུས་སུ་ནུབ་ཕྱོགས་སུ་བལྟ་བར་བྱའོ། །གློ་བུར་བ་རྣམས་ལ་ནི་གང་དང་གང་དུ་དམིགས་པ་དེ་དང་དེར་ཁ་བལྟ་བར་བྱས་ལ། ལུས་ཁྲུས་བྱས་ཏེ། སྟན་ནང་ཚངས་ཅན་ལ་སྐྱིལ་ཀྲུང་གིས་གནས་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་བར་དུ་གཅོད་པ་ཞི་བར་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱ་སྟེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ལ་མཚན་མོ་ཡིན་ན་སྙིང་གར་ཟླ་བ། ཉིན་མོ་ཡིན་ན་ཉི་མ་ལ། ཨོཾ་དཀར་པོ་དམིགས་ཏེ། དེ་ལས་འོད་དཀར་པོ་བྱུང་སྟེ། རང་གི་ལུས་འོད་དུ་གྱུར་པ་ལས་རང་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། དཀའ་ཐུབ་ཀྱི་ཆ་ལུགས་ཅན་གོས་དམར་པོ་གྱོན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་དུ་བསྐྱེད་པ་དེའི་བ་སྤུའི་བུ་ག་ནས་འོད་བྱུང་སྟེ། འོད་ཀྱི་རྭ་བ་ཟླུམ་པོ་ཆེ་བར་བྱས་ཏེ། དེའི་མ་མོ་ལ་མྱ་ངན་མེད་པའི་མཆོད་རྟེན་བུམ་པ་ཡན་ཆད་བསམ་མོ། །ལམ་དུ་འགྲོ་བ་ཡིན་ན་ཇི་ཙམ་འགྲོ་བའི་ཚད་དུ་རྭ་བ་བྱའོ། །གཉིས་པ་དེའི་ནང་དུ་རང་གི་བསྲུང་བ་བྱ་བ་རྣམས་བསམ་པར་བྱའོ། །མདུན་ན་ཕ་མ་གཡས་སུ་སྤུན་དང༌། སྲིང་མོ་ཞང་པོ་རྣམས། བླ་མ་དང་ཆོས་སྤྱི་བོ། རྒྱབ་ཏུ་བྲན་དང་ནོར། གཡོན་དུ་བུ་དང་ཆུང་མ་རྣམས་བསམས་ཏེ། དེ་རྣམས་གང་མེད་ཀྱང་དེའི་ས་རྣམས་སྟོང་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བ་ལ་མྃ་བསམས་ལ། དེ་ལས་མྱ་ངན་མེད་པའི་ཡལ་ག་མྃ་གྱིས་མཚན་པའོ། །དེ་གྱུར་པ་ལས་འོད་ཟེར་ཅན་མ་གསེར་གྱི་མདོག་ཅན་སྐེམ་པ་གཡས་ཁབ། གཡོན་སྐུད་པ་བསྣམས་པ་བཞེངས་ནས་བཞུགས་པ་དེ་གཡས་པའི་སྣ་བུག་ནས་བྱུང་ནས་མདུན་ན་གནས་པ་དེའི་མཐུས་གདུག་པ་ཅན་རྣམས་རྭ་བའི་ནང་དུ་བཀུག་ལ། དེ་ནས་ལྷ་མོ་དེ་ལས་ལྷ་མོ་དེ་འདྲ་བ་དཔག་ཏུ་མེད་པ་སྤྲོས། གདུག་པ་ཅན་རྣམས་ཀྱི་ཁ་དང༌། མིག་རྣམས་བཙེམས་ནས་རྭ་བའི་ཕྱིར་བསྐྱུར་བར་བསམ། དེ་ནས་ཕྱོགས་བཞི་དང་མཚམས་བཞི་དང༌། སྟེང་འོག་གཉིས་ཏེ་བཅུར་བདག་རྒྱལ་བར་བསམ་མོ། །དེ་ནས་འདི་སྐད་བདག་གིས་ཞེས་པ་ནས། གསུངས་པ་ལ་མངོན་པར་བསྟོད་དོའི་བར་ཚར་གཅིག་བཟླས་སོ། །འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ། དེ་ནས་སྭ་བྷཱ་ཝའི་བར་ལན་བདུན་བརྗོད་ལ་དེའི་བར་དུ་ཕྱག་རྒྱ་མ་ཞིག་པར་བྱའོ། །དེ་ནས་ནང་དུ་འཇུག་པའི་རླུང་དང་བསྟུན་ནས་སྣ་བུག་གཡོན་ནས་འོད་ཟེར་ཅན་མ་བཀུག་སྟེ་སྙིང་གར་ཐིམ་པ་ལས་རང་འོད་ཟེར་ཅན་དུ་གྱུར་པར་བསམ། དེའང་གསེར་གྱི་མདོག་ཅན་གཡས་པ་མཆོག་སྦྱིན་པ། གཡོན་གྱིས་མྱ་ངན་མེད་པའི་ཡལ་ག་བཟུང་བ། ཤིང་རྟ་ཕག་པ་དམར་སེར་བཞིས་དྲངས་པའི་ཁྲི་ལ་བཞུགས་པར་བསམ་མོ། །དེ་ནས་རང་དང་ཕག་པ་ལས་འོད་བྱུང་བ་ལས། ཕག་མཆེ་བ་གཙིགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། མིག་ལ་སོགས་པ་བཙེམས་པའི་སེམས་ཅན་དེ་རྣམས་ཟོས་ནས་རོ་ཐམས་ཅད་ཞུ་སྟེ་གསེར་གྱི་སར་བསམས་ལ་ཕག་པ་རྣམས་མཚུལ་བ་ཕྱིར་བསྟན་པའི་རྭ་བ་ཆེན་པོར་གྱུར་པར་བསམ་མོ། །དེ་ནས་གཟུངས་སྔགས་བཟླས་པར་བྱ། འགྲོ་བ་ཡིན་ན་འགྲོ་ཞིང་བཟླས་སོ། །གལ་ཏེ་དེས་ཡིད་སྐྱོ་བར་གྱུར་ན། དེ་དག་མི་དམིགས་པར་བྱའོ། །ཉི་མ་དང་ཟླ་བའི་མདུན་ནི་སྔ་དྲོ་དང་དགོངས་མོའི་ཁ་ལྟ་ཕྱོགས་ཏེ་སྔ་དྲོ་ཤར། དགོངས་མོ་ནུབ་ཏུ་བལྟའོ། །ལམ་དུ་འགྲོ་བར་བྱེད་པ་ན། གང་འགྲོ་ཕྱོགས་སུ་བལྟས་ལ་རང་གི་སྤྱི་བོར་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ། སྙིང་པོ་ལན་གསུམ་བརྗོད་དོ། །དེ་ནས་ཆོས་གོས་ལ་སོགས་པའི་གྲྭ་ལ་ཟླ་བའི་དཀྱིལ་འཁོར་ལ་མྃ་སེར་པོ་བསམས་ཏེ། གདུག་པ་ཅན་རྣམས་མྃ་གྱི་འོད་ཀྱིས་བཀུག་ལ་མྃ་ལ་གཞུག་གོ །དབུགས་མ་ཤོར་བར་མདུད་པ་གསུམ་བྱའོ། །ཡང་ན་སྐུད་པ་བྱས་ལ་གོས་ཀྱི་མཐའ་མའམ་སྐ་རགས་ལ་གདགས་སོ། །ཟླ་བ་གཅིག་ཏུ་མདུད་པར་བསམ་མོ། །གྲོལ་བ་ལ་ནི་ཉིན་མཚན་དེ་ཉིད་ལ་དགྲོལ་བར་བྱའོ། །ཡང་ཤིང་བུ་སོར་བཞི་པ་གཉིས་རྣ་ལྟག་གཡས་གཡོན་དུ་བཅུག་ལ་གླང་པོ་ཆེའི་མཆེ་བར་བསམས་ཏེ་འཇིགས་པ་བསྲུང་ངོ༌། །གཏོར་མ་དང་མཎྜལ་དང༌། སྲུང་བའི་འཁོར་ལོ་དང༌། རབ་གནས་རྣམས་གཞུང་ཉིད་དུ་གསལ་ལོ། །དེ་ལྟར་ཕྱིའི་བར་དུ་གཅོད་པ་ཞི་བའི་ཐབས་བཤད་ནས། ནང་གི་བགེགས་ལྷའི་བུའི་བདུད་ལ་སོགས་པ་ཞི་བར་བྱ་བའི་ཕྱིར། གཏུམ་པོའི་སྒྲུབ་ཐབས་ཞིབ་ཏུ་མ་ཡིན་པ་འདིར་མངོན་རྟོགས་དྲུག་པོ་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ཡང་ཟླ་བ་ཡར་ངོའི་ཚེས་གཅིག་ནས་བཟུང་སྟེ། དྲི་ཞིམ་པོས་ལུས་ལ་བྱུགས་ལ། གོས་གསར་པ་གྱོན་ཅིང་ཟས་དཀར་གསུམ་ལ་བརྟེན་ཏེ། ཤ་ཆང་སྒོག་པ་རྣམས་སྤང་བར་བྱའོ། །དེ་ནས་སྟན་ནང་ཚངས་ཅན་ལ་འདུག་སྟེ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་བྱང་ཆུབ་ཀྱི་བར་དུ་གཅོད་པའི་བདུད་དང༌། བླ་མ་དང་དཀོན་མཆོག་གསུམ་ལ་ཞེ་སྡང་བའི་སེམས་དང༌། ཁྱད་པར་དུ་རང་གི་རྒྱུད་ལ་བདུད་བཞི་སྐྱེད་པར་བྱེད་ཅིང་བདུད་བཞིས་བར་དུ་གཅོད་པ་ཚར་བཅད་པ་དང༌། སྡིག་པ་ཞི་ཞིང་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་གཏུམ་པོ་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་དེ། དེ་ཉིད་ཡོངས་སུ་གྱུར་པ་ལས། སྙིང་གར་པྃ་རྃ་པད་ཉི་བསམ། །དེ་སྟེང་ཧཱུྃ་ལས་འོད་འཕྲོས་པས། །རང་ལུས་ཐོག་མའི་སྡིག་དག་སྟེ། །འོད་དཔུང་འབར་བ་འགྱུར་པར་བསམ། །དེ་ནས་རྡོ་རྗེ་གཏུམ་པོ་ནི། །ཆར་སྤྲིན་ལྟར་གནག་ཞབས་གཡས་ནི། །པུས་ཚུགས་པད་ཉིའི་སྟེང་དུའོ། །ཕྱག་གཡས་རལ་གྲི་འབར་བ་སྟེ། །གཡོན་པ་སྡིགས་མཛུབ་ཞགས་པ་འཛིན། །སྟག་གི་པགས་པས་སྨད་དཀྲིས་ཤིང༌། །ཀེང་རུས་མགོ་བོ་ལྔས་དབུ་བརྒྱན། །མི་བསྐྱོད་རྡོ་རྗེས་སྤྱི་བོར་བརྒྱན། །སྤྱན་གསུམ་མེ་མདག་ལྟར་དམར་བ། །མཆེ་བས་མ་མཆུ་རྣམས་མནན་ཅིང༌། །ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པར་བསམ། །དེ་འདྲ་དམ་ཚིག་སྙིང་གར་ནི། །ཡེ་ཤེས་སེམས་དཔའ་རང་འདྲ་བ། །དེ་སྟེང་པྃ་རྃ་པད་ཉིའི་སྟེང༌། །དབང་པོ་རབ་འབྲིང་གི་མངོན་པར་རྟོགས་པ་བཟླས་པའི་རྣལ་འབྱོར་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་སྐུ། དེ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ་གསང་སྔགས་བཟླས་པར་བྱའོ། །འཕགས་པ་མི་གཡོ་བའི་སྒྲུབ་པའི་ཐབས་ལ་དོན་བརྒྱད་ཀྱིས་བསྡུས་ཏེ། དབང་པོ་རབ་འབྲིང་གི་མངོན་པར་རྟོགས་པ་བཟླས་པའི་རྣལ་འབྱོར་དང་བཅས་པ་དང༌། ཉིན་ཞག་གཅིག་གི་སྲུང་བའི་བྱེ་བྲག་བསྟན་པ་དང༌། ཐུན་མཚམས་སུ་མཎྜལ་བྱ་བ་དང༌། གཏོར་མའི་རྣལ་འབྱོར་དང༌། འཁོར་ལོའི་ཆོ་ག་དང༌། བྲིས་སྐུའི་ཆོ་ག་དང༌། སྦྱིན་སྲེག་གི་ཆོ་ག་དང༌། ལས་ཐོར་བུ་བ་བསྟན་པའོ། །འདི་དག་རྒྱས་པར་ལོགས་སུ་ཤེས་པར་བྱའོ། །དེ་ལྟར་དགྲ་བགེགས་ཀྱི་བར་དུ་གཅོད་པ་ཞི་བའི་ཐབས་བརྗོད་ནས་རང་དང་གཞན་གྱི་ནད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སྤྱན་གྱི་རྣལ་འབྱོར་བཤད་པར་བྱ་སྟེ། དེའང་ཁྲུས་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། རང་གི་འདོད་ཆགས་ལ་སོགས་པའི་ནད་ཞི་བར་བྱའོ་སྙམ་དུ་སེམས་བསྐྱེད་ལ་མཎྜལ་ཁྲུ་གང་གྲུ་བཞི་པ་བྱས་ཏེ། བའི་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་ལ་དེའི་དབུས་སུ་མཎྜལ་ཟླུམ་པོ་ཙནྡན་དཀར་པོས་བྱུགས་ལ། དེ་ཟླ་བའི་དཀྱིལ་འཁོར་དུ་དམིགས་ལ་དེའི་དབུས་སུ་སྲིན་ལག་གིས་ཙནྡན་ནམ་གུར་གུམ་གྱིས་ལྃ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་གསང་སྔགས་གཡས་སྐོར་དུ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་མཎྜལ་གྲུ་བཞི་པ་ལ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་སིལ་མར་དགྲམ་མོ། །མཆོད་པ་ཡང་བྱའོ། །དེ་ནས་སྔགས་བརྒྱའམ་སྟོང་ལ་སོགས་པ་བཟླས་པ་སྐྱོ་ན་ལག་པས་བསྡུས་ལ་སྔགས་དང་མེ་ཏོག་དང་བཅས་པས་སྤྱི་བོར་བཞག་སྟེ་ཐིམ་པས་ན་ནད་ཐམས་ཅད་དྲི་ཆེན་གྱི་ལམ་ནས་བྱུང་སྟེ། ལུས་ཤེལ་དག་པ་དང་འདྲ་བར་བསམ་མོ། །གཅིག་གོ །ཡང་ན་སྙིམ་པའི་ནང་དུ་མེ་ཏོག་དཀར་པོ་བླུགས་ཏེ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་དབུས་སུ་ལྃ་གྱི་མཐའ་མ་ནས་ཕར་སྔགས་གཡས་སྐོར་དུ་བསམས་ལ་སྔགས་བཟླས་པར་བྱའོ། །དེ་ནས་བརྒྱ་འམ་སྟོང་ལ་སོགས་པ་ཅི་ནུས་སུ་བཟླས་ཏེ་སྐྱོ་ན། མེ་ཏོག་དེ་རྣམས་སྤྱི་བོར་བཞག་པས་ཞུ་ནས་ཐིམ་པས་ནད་ཐམས་ཅད་ཕྱིར་བྱུང་བར་བསམ་མོ། །ཡང་ན་སྙིང་གར་ཟླ་བ་ལ་ལྃ་གྱི་མཐའ་མར་སྔགས་གཡས་སྐོར་དུ་བསམས་ཏེ། བརྒྱའམ་སྟོང་བཟླས་པར་བྱས་ལ། སྐྱོན་དེ་རྣམས་དེར་ཐིམ་པས། ནད་ཐམས་ཅད་ཐུར་དུ་བྱུང་བར་བསམ་མོ། །ཡང་ན་གང་དང་གང་ན་བའི་སར། དེ་ལྟར་བསམས་ལ་བཟླས་པ་བྱ་སྟེ། ཐིམ་པས་ནད་རྣམས་ཐམས་ཅད་ཞི་བར་འགྱུར་ཏེ་རང་བསྲུང་བའོ། །གཞན་བསྲུང་ན་དང་པོར་དཀྱིལ་འཁོར་གྲུ་བཞི་པ་བའི་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་ཏེ། དབུས་སུ་བུམ་པ་གསར་པ་གཅིག་བཞག་ལ་དེ་རྙིང་པ་ཡིན་ན་མེས་བསྲེག་གོ །དེ་ལ་མེ་ཏོག་དཀར་པོའི་ཕྲེང་བས་བུམ་པའི་ཁ་དཀྲི། ཆུ་གཙང་མས་དགང༌། ཆུ་དེ་ཡང་རང་གིས་མཐོང་བར་བྱ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ལྃ་གྱི་མཐའ་མར་སྔགས་གཡས་སྐོར་དུ་བསམས་ལ། དེ་ནས་སྔགས་བཟླས་པར་བྱའོ། །སྐྱོ་ན་དེ་རྣམས་ཆུར་ཐིམ་པར་བསམ་མོ། །འབུམ་ཕྲག་གཅིག་གི་ཚད་དུ་བཟླས་སོ། །དེ་ནས་ནད་པའི་སྤྱི་བོ་ནས་མར་བླུགས་ཤིང༌། ལུས་བཀྲུ་བ་དང་ཁར་ཡང་བཏུང་བར་བྱའོ། །དང་པོ་ལུས་ཁྲུས་བྱས་ལ་རང་ཡང་བཏུང་ངོ༌། །གཅིག་གོ །ཡང་ན་ནད་པའི་ནད་གསར་པ་གང་ན་བའི་ས་རུ་ཟླ་བའི་དཀྱིལ་འཁོར་བསམ། ལྃ་གྱི་མཐའ་མར་སྔགས་གཡས་སྐོར་དུ་བསམས་ལ་བརྒྱའམ་སྟོང་དུ་བཟླས་སོ། །སྐྱོ་ན་དེར་ཐིམ་པས་ནད་རྣམས་འཁྲུད་པར་བསམ་མོ། །ཡང་ན་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལ། ཨརྒའི་ཐང་ཆུ་དང༌། ཙནྡན་དཀར་པོ་བའི་འོ་མ་བྱིས་པའི་ཆུ་རྣམས་བསྲེས་ལ་ཨརྒའི་ཤིང་ལ་སྨྱུ་གུས་ཐིག་ལེའམ་ལྃ་དང་བཅས་པའི་སྔགས་བྲི། དེའི་དུས་སུ་ཤིང་ལོ་ནི་ཆོས་འབྱུང༌། སྨྱུག་ཤིང་ནི་རྡོ་རྗེ། སྣག་ཚ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། བྲི་བའི་དུས་ནི་སྙོམས་འཇུག་བྱེད་པར་བསམས་ལ་བྲིས་ཏེ་འོ་མས་བཀྲུས་ལ་བྱའོ། །ཤིང་ལོ་གཞན་ལའང་བྲིས་ཏེ། དེ་བཞིན་དུ་ཆུས་བཀྲུས་པ་ཡང་དང་ཡང་དུ་བྱས་ལ་ཆུ་དེས་ནད་པ་ལ་ཁྲུས་བྱ་བ་དང་ཁར་ཡང་བཏུང་བར་བྱས་ན། ནད་ཞི་བར་བྱེད་དོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་རུ་རུ་ཕུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦ་ཨརྠ་ས་དྷ་ནི་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱའོ། །ནད་ཞི་བར་བྱ་བའི་ཆོ་ག་བརྗོད་ནས་དུས་མ་ཡིན་པར་འཆི་བ་དང་རྨི་ལམ་ངན་པ་བཟློག་པའི་ཕྱིར་ཐུགས་རྗེ་ཆེན་པོ་ཡི་གེ་ཕྱེད་དང་བཞི་པའི་རྣལ་འབྱོར་གྱི་ཐབས་བཤད་པར་བྱའོ། །དེ་ཡང་འདི་ཟླ་བ་ཡར་ངོ་ལ་གནས་ཡིད་དུ་འོང་བར་བསྙེན་གནས་ཁྲུས་དང་གཙང་སྦྲ་དང་བཅས་ཏེ་གོས་གསར་པ་གྱོན་ལ་ཟས་དཀར་གསུམ་ལ་བརྟེན་ཏེ། ཐ་མལ་པ་དེ་ཉིད་ཀྱིས། གསང་སྔགས་བཟླས་ཏེ་གྲངས་བཟུང་བའམ། ཡང་ན་གྲངས་ངེས་པ་མེད་པར་ཅི་ནུས་པར་བཟླས་པར་བྱའོ། །དེ་ལ་སྔགས་ལ་འཇུག་པའི་དུས་སུ་ཨོཾ་ཞེས་སྔགས་གཅིག་ལ་འཇུག་གོ །ལྷག་མ་རྣམས་ལ་མི་བྱ་སྟེ་དེ་ཡང་སྔགས་ནི་འདི་ཡིན་ཏེ། ཨ་རོ་ལིཀ་བྱ་བ་ཡིན་ནོ། །དེ་ལྟར་བྱས་པས་མཚན་མ་བཟང་པོ་འབྱུང་སྟེ། འཕགས་པ་སྤྱན་རས་གཟིགས་ཉིད་དམ་དགེ་སློང་ཆོས་གོས་སྔོན་པོ་གྱོན་པའི་གཟུགས་སུ་རྨི་ལམ་དུ་འོངས་ནས་སྐྱེས་བུ་ཁྱོད་ཀྱི་སྔར་སྡིག་པ་བྱས་པ་ཐམས་ཅད་དག་པར་བྱས་པ་ད་མ་བྱེད་ཅིག་ཅེས་པའམ། ཁྱོད་ཀྱི་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །གཞན་ཡང་དེའི་ཕན་ཡོན་ནི། ཚེ་ནོར་ཤེས་རབ་འཕེལ་བ་དང༌། །ནད་སོགས་ཞི་བ་ཚེ་འདི་ཡི། །མ་འོངས་མྱུར་དུ་འཚང་རྒྱར་འགྱུར། །ཞེས་བྱའོ། །དེ་ལྟར་དུས་མ་ཡིན་པ་འཆི་བའི་བར་དུ་གཅོད་པ་ཞི་བར་བྱེད་པའི་ཆོ་ག་བརྗོད་ནས་ཚེའི་ཚད་ལས་ལྷག་པར་བྱ་བའི་ཕྱིར། མེ་རུ་སི་ཀ་ར། ཞེས་བྱ་བའི་གཟུངས་ཀྱི་ཆོ་ག་བཤད་པར་བྱའོ། །དེའང་འདི་ལྟར་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ནང་པར་ནམ་ལེགས་པར་ལངས་ནས་བརྩམས་ཏེ། ཉི་མ་མ་ཤར་གྱི་བར་དུ་བྱ་བ་ཡིན་ཏེ་ལུས་ཁྲུས་བྱས་ལ་ཁ་ཤར་དུ་བལྟས། ཙོག་པུར་འདུག་ལ་ཐལ་མོ་སྦྱར་བས་ཕྲེང་བ་བཟུང་སྟེ། མདུན་གྱི་ནམ་མཁའ་དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མདོག་གསེར་བཙོ་མ་ལྟ་བུ་བྱང་ཆུབ་ཀྱི་ཤིང་ལ་རྒྱབ་བརྟེན་ནས་བཞུགས་པ། ཞབས་སྐྱིལ་ཀྲུང་ཕྱག་གཡོན་པས་ཆོས་གོས་ལྟེ་བའི་ཐད་སོར་བཟུང་བ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་རང་གི་སྤྱི་བོར་རེག་པའི་ཚེ་བྱིན་གྱིས་རློབ་པར་དམིགས་ཏེ། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་རྫོགས་པའི་སངས་རྒྱས་དེ་འོད་དུ་ཞུ་བར་གྱུར་ནས། རང་གི་སྤྱི་བོར་ཐིམ་པར་བསམ་མོ། །དེ་ལ་འདིའི་དམ་ཚིག་ནི་སྐྱེ་བོ་གཞན་ལ་གསང་བར་བྱ་སྟེ། དེ་དག་གིས་མི་ཤེས་པར་བྱས་ན་ཚེ་ཚད་ལས་ལྷག་པར་འགྱུར་རོ། །དེ་ལ་གསང་སྔགས་ནི་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། མེ་རུ་ས་ཀ་ར་ཀུ་ཏ་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མེ་རུ་མེ་རུ། མ་ཧཱ་ཡ་མེ་རུ་ཡེ་སྭཱ་ཧཱ། ཞེས་པའོ། །དེ་ལྟར་ཚེ་རིང་བར་འགྱུར་བའི་ཆོ་ག་བརྗོད་ནས་ད་ནི་ཁྱད་པར་ལས་ཀྱི་སྒྲིབ་པ་ཟད་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་པའི་རྣལ་འབྱོར་ལ་གནས་པར་བྱའོ། །དེ་ལས་འདི་ལྟར་སྔར་བརྗོད་པ་རྣམས་ཀྱིས་ཀྱང་ལས་ཀྱི་སྒྲིབ་པ་འདག་ཅིང་མངོན་པར་བྱང་ཆུབ་པར་འགྱུར་མོད་ཀྱི་གཙོ་བོར་སྡིག་པ་འདག་པར་བྱེད་པ་ཡིན་པས་འདི་ལ་འབད་པར་བྱས་ན་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་རོ། །དེའང་འདི་ལྟར་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ནང་པར་ནས་བརྩམས་ཏེ། གནས་ཡིད་དུ་འོང་ཞིང་གཙང་ལ་དྲི་ཞིམ་པོ་དང་ལྡན་པའི་སར། ཁྲུས་དང་གཙང་སྦྲ་ལ་གནས་པས་ཨ་མོ་གྷ་པཱ་ཤ་ལ་སོགས་པའི་གསོ་སྦྱོང་དང་ལྡན་པས་རང་བཞིན་གྱིས་ཁ་ན་མ་ཐོབ་ལ་སོགས་པ་དང༌། ཤ་དང་ཆང་སྤངས་ཏེ། དཀར་གསུམ་ལ་གནས་དེས་དྲི་ཞིམ་པོའི་ཆུས་མཎྜལ་ལེགས་པར་བྱུགས་ཏེ། དེའི་སྟེང་དུ་སྟེགས་བུ་ཅུང་ཟད་མཐོ་བའི་སར་ཤཱཀྱ་ཐུབ་པའི་སྐུ་ལུགས་མ་ལ་སོགས་པ་བཞག་ལ། དེའི་མདུན་དུ་རང་ཅུང་ཟད་དམའ་བའི་སྟན་ལ་པུས་མོ་གཉིས་བཙུགས་ཏེ་བསྡད་ལ། བདག་གི་སྡིག་པ་དག་པར་བྱས་ལ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། །ཞེས་སེམས་བསྐྱེད་པར་བྱའོ། །ཡན་ལག་བདུན་པ་བཟང་སྤྱོད་བཞིན་བྱ་གསུང་ངོ༌། །དེ་ནས་སྐུ་དེ་ཉིད་དམིགས་ཏེ་གསང་སྔགས་བཟླ་བར་བྱ་བ་ཡིན་ཏེ། དེ་ལ་སྔགས་རེ་རེའི་སྔོན་ལའང་གུས་པ་དང་བཅས་པས་བཏུད་དེ་ཕྱག་བྱའོ། །དེ་ལྟར་སྔགས་རེ་རེ་ལ་ཕྱག་རེ་རེ་མཆོད་པ་བཟང་པོ་ཉིན་མོ་ལན་གསུམ་དུ་བྱ་ཞིང་བཟླའོ། །མཚན་མོ་ལན་གསུམ་མ་གྲུབ་ནའང་སྲོད་དང་ཐོ་རངས་གཉིས་སུ་བྱའོ། །དེ་ལྟར་མཆོད་པ་དང༌། ཕྱག་དང་བཟླས་པ་རྣམས་ཀྱི་ཚུལ་གྱིས་ཉིན་མཚན་མེད་པར་བྱས་ན་མཚན་མ་འབྱུང་བར་ཐེ་ཚོམ་མེད་དོ། །དེ་ལ་མཚན་མ་ནི་དངོས་སུའམ། རྨི་ལམ་དུ་དགེ་སྦྱོང་གི་གཟུགས་སམ་སྐུ་ཉིད་དམ་གང་ཡང་རུང་བའི་གཟུགས་སུ་འོངས་ནས་རིགས་ཀྱི་བུ་ཁྱོད་ལ་སྡིག་པ་མེད་དོ་ཞེས་སྨྲ་བར་འགྱུར་རོ། །མཚན་མ་འབྱུང་བའི་དུས་ནི་ཞག་བཅུའམ་ཟླ་བ་གཅིག་གམ་གཉིས་སམ་གསུམ་ལ་སོགས་པ་ན་མཚན་མ་འབྱུང་སྟེ། ཇི་སྲིད་མཚན་མ་མ་བྱུང་གི་བར་དུ་བྱ་སྟེ། མཚན་མ་འབྱུང་བ་ལ་ཐེ་ཚོམ་མི་ཟའོ། །ཟླ་བ་ལ་སོགས་པ་ལ་བྱེད་ནའང་འདི་ནི་ཡར་ངོ་ལ་བྱའི་མར་ངོ་ལ་མི་བྱའོ། །ངེས་པའི་རྟགས་འབྱུང་བ་ཡིན་ནོ། །འདི་ལ་བདེ་བར་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་མེད་དུ་མི་བཏུབ་བོ། །དེ་ལ་གསང་སྔགས་འདི་ཡིན་ཏེ། ན་མ་སྟྲཻ་ཡཱ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་པཱཔྟི་དྷརྨ་ཏཱ་བ་ལི་ནཱཾ། ཨ་ས་མ་ས་མ་ས་མནྟ་ཏོ྅་ནནྟྲཱ་པཱཔྟི་ཤཱ་ས་ནི། ཧ་ར་ཧ་ར་སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝཱཾ་མ་ཧཱ་ཝ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །ཛེ་ཏཱ་རི་དང་རྡོ་རྗེ་གདན། །རིན་ཆེན་གྲགས་པ་ཉིད་དང་ནི། །སྙིང་རྗེ་ཆེན་པོ་ཞེས་བྱ་བས། །སེམས་ཅན་རྣམས་ལ་ཕན་ཕྱིན་བསྟན། །དེ་ཡི་ཚུལ་གྱི་མངོན་རྟོགས་ཀྱི། །རིམ་པ་གང་ཞིག་འདི་བྱས་པའི། །དགེ་བ་དེས་ནི་འགྲོ་བ་རྣམས། །ཀུན་གྱིས་བྱང་ཆུབ་ཐོབ་པར་ཤོག །བླ་མ་རྡོ་རྗེ་གདན་པའི་ཐུགས་དམ་ཆོས་དྲུག་ཕྱོགས་གཅིག་ཏུ་བསྡེབས་པའི་བརྗེད་བྱང་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*