གཏོར་ཆེན་གྱི་ལོ་རྒྱུས་དང་ཆོ་ག

༼ཅ༽

༄༅། །གཏོར་ཆེན་གྱི་ལོ་རྒྱུས་དང་ཆོ་ག་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིའི་ལོ་རྒྱུས་ནི། བ་རི་ལོ་ཙཱ་བ་བལ་ཡུལ་དུ་བྱོན་ནས། པཎྜི་ཏ་ཅིག་སྤྱན་དྲངས་ནས་བྱོན་པ་དང༌། གསེར་མེད་ནས་པུ་རངས་སུ་བྱོན་པ་དང༌། བཙད་པོ་རྩེ་ལྡེ་དང་མཇལ་ནས། རྒྱལ་པོ་ལ་དབང་བསྐུར་བྱས་ཆོས་བཤད་པས་རྒྱལ་པོ་གསེར་གུང་སྲང་བརྒྱ་ཐམ་པ་ཕུལ་སྐད། དེ་རྣམས་པཎྜི་ཏས་ཚགས་བྱས་ནས། བླ་མ་བདག་ལའང་བག་ཙམ་ཞིག་གནང་བར་ཞུ་བྱས་པས། མ་གནང་བར་སླར་རྒོལ་བ་ལོག་པར་བྱེད་དུ་བྱུང་སྐད། ཤིན་ཏུ་སུན་ནས་པཎྜི་ཏ་བལ་ཡུལ་དུ་སྐྱེལ་དུ་བྱོན་སྐད། དེ་ནས་བལ་ཡུལ་དུ་སླེབ་ཀའི་ཡུལ་དུ་མུ་སྟེགས་ཀྱི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་ཞེས་བྱ་བ་ཅིག་དང་ཕྲད་ནས། ཁོ་ན་རེ། ཁྱོད་ཀྱིས་ངའི་ལོ་ཙཱ་བ་གྱིས་ལ་བོད་དུ་འགྲོ་དགོས་ཟེར་ནས་བྱུང་སྐད། དེ་ལ་བླ་མས་མི་བྱེད་བྱས་པས། ཁོང་ན་རེ། ངས་མུ་སྟེགས་པའི་ཆོས་མི་བཤད་པར། སངས་རྒྱས་པའི་ཆོས་བཤད་ཀྱིས་ཟེར་ཡང༌། བླ་མས་མ་གསན་པས། ཁོ་ན་རེ། ཁྱོད་ལ་མཐུ་བྱེད་ཟེར་ནས། བླ་མས་ངས་ཁྱོད་ལ་ཉེས་པ་བྱས་པ་ནི་མེད། མཐུ་བྱ་ཐབས་མེད་བྱས་ནས་རྒྱ་གར་དུ་བྱོན་སྐད། དེ་ནས་བླ་མ་རྡོ་རྗེ་གདན་པ་དང་མཇལ་ནས་ཆོས་གསན་ཅིང་ཡོད་པ་དང༌། བླ་མ་ན་རེ་ཁྱོད་ལ་མུ་སྟེགས་ཀྱང་གནོད་པ་ཡོང་བར་འདུག་གསུངས་པས། མི་ཡོང་ངམ་མིན་ལགས་ཞུས་པས། ཡོང་བར་འདུག་གསུངས། འོ་ན་བལ་ཡུལ་དུ་མུ་སྟེགས་སྐལ་ལྡན་རྒྱལ་པོ་ཞེས་བྱ་བ་དེ་དང་ཕྲད་ནས་འདི་ལྟར་བྱུང་ལགས་ཞུས་པས། བྷ་ཡ་ན་སའི་སྔགས་དང་གཏོར་མ་འདི་གནང་ནས། བྷ་ཡ་ནའི་སྔགས་བཟླས། གཏོར་ཆེན་ལན་གསུམ་བཏང་བས་ཐ་མ་ལ་ཁོ་ཤི་སྐད། དེས་ན་འདི་བྱིན་རླབས་ཆེ་བ་ཡིན་གསུང་ངོ༌།།  ༄༅། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཞིང༌། །བློ་ཆེན་དད་ལྡན་བླ་མ་དང༌། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ལ། །བཏུད་དེ་གཏོར་མའི་ཆོ་ག་བྲི། །ངན་རྟོག་སྨྲ་བའི་དྲི་བྲལ་ཞིང༌། །ཕན་པ་སྦྱིན་པར་བྱེད་པ་ཡི། །གང་ཟག་གནས་དུས་ཡོ་བྱད་དང༌། །ཆོ་ག་ཕན་ཡོན་དྲུག་སྡོམ་ཡིན། །དེ་ལ་གཏོར་མ་གཏོང་བའི་སློབ་དཔོན་དང༌། བུམ་བཟླས་བྱེད་པའི་རྣལ་འབྱོར་པ་གཉི་ག་དམ་ཚིག་དང་སྡོམ་པ་དང་ལྡན་པ་ཁྲོ་བོ་གང་རུང་གི་བསྙེན་པ་སྔོན་དུ་སོང་བས་བྱའོ། །གཏོར་གཡོག་པ་གཉིས་ཀྱང་ལྷའི་རྣལ་འབྱོར་དང་བསྲུང་བ་དང་ལྡན་པ་སྟེ། དེ་ལྟར་བཞི་ཀའང་གཏོར་མའི་བྱ་བ་མ་ཚར་བར་དུ་ངག་བཅད་པར་བྱའོ། །གཉིས་པ་གནས་ནི་མི་དང་དུད་འགྲོ་ལ་སོགས་པས་དབེན་པ་དགོས་ཏེ། གཏོར་མ་བཤམ་པའི་ས་ཕྱོགས་དེ་ཕྱག་དར་ལ་སོགས་པ་གཙང་མར་བྱ་ཞིང༌། བའི་རྣམ་ལྔས་བྱུགས་པ་དང་མེ་ཏོག་ལ་སོགས་པ་དགྲམ་པར་བྱའོ། །གསུམ་པ་དུས་ནི་གཟའ་དང་སྐར་མ་བཟང་པོ་འཛོམ་པའི་ཚེ་བྱ། བཞི་པ་ཡོ་བྱད་ནི། རྟེན་གྱི་དཀྱིལ་འཁོར་ཕྱོགས་རེ་ལ་ཁྲུ་བཞི་པ། དེ་མ་ཤོང་ནའང་ཁྲུ་གསུམ་ལས་ཆུང་ངུ་མི་རུང༌། དེ་བའི་རྣམ་ལྔ་དང་ཙནྡན་གྱིས་ལེགས་པར་བྱུགས་ལ། དེར་ཆོས་འབྱུང་བསྒྲུབ་བྱའི་སྒོ་ཕྱོགས་སུ་རྩེ་མོ་བསྟན་པ་ཚོན་རྩི་དཀར་པོས་བྲི་བར་བྱའོ། །དེའི་དབུས་སུ་གཏོར་སྣོད་ཆེན་པོ་རྫའམ་ཟངས་གང་ཡང་རུང་བ་གཞག་གོ །མཆོད་པ་ནི་མེ་ཏོག་ལ་སོགས་པ་བདུན་རིམ་པ་བཞིན་བཤམ་མོ། །གཏོར་མ་ནི་ཡུལ་གང་ཡིན་པའི་བྲིས་བཅལ་བའི་ཁལ་གཅིག་བྲེ་བཞི་ལེགས་པར་བཀྲུས་ལ། ཕྱེད་ཆན་དུ་བཙོ། ཕྱེད་ཟན་དུ་བྱའོ། །དེ་མ་འབྱོར་ན་བྲེ་བཅུ་གཉིས་ལས་སྔ་མ་བཞིན་དུ་བྱའོ། །ཟན་ལ་མཉམ་པོར་བརྒྱ་རྩ་བརྒྱད། ཆན་ལའང་དེ་བཞིན་དུ་སྣོད་མཉམ་པོ་གཅིག་གིས་བྱའོ། །གཞན་ཡང་དཀར་གསུམ། མངར་གསུམ་སྦྱར་བའི་ཨརྒྷ་བྲེ་གསུམ་མམ་བཞི་བཤམ། བུམ་པ་ཟག་རྡོལ་མེད་པ་བྲེ་གསུམ་ཤོང་བ། དེ་མ་རྙེད་ན་བྲེ་གང་ཤོང་བ། མགུལ་ཆིངས་བཅིངས། བགེགས་བསལ། ཨརྒྷ་དང་དྲི་ཆུས་དགང༌། རྩའི་སྒྲུབ་གཡོག་གི་མདུན་དུ་བཞག བཟློག་གླུད་ནི་རྗེན་ཕྱེ་བཙོས་ལ་འབྲུ་སྣ་ཚོགས་ཀྱིས་བརྒྱན་ཏེ་ནད་པ་ལ་སོགས་པ་གང་རུང་གི་ཁྲུ་གང་བྱས་ལ། ལུང་ཐང་གི་མིག་དང༌། འགྲོན་བུའི་སོ་དང༌། སྐྱེ་ཆ་སྐྲ་ཚབ་ནོར་བུ་ལ་སོགས་པའི་རྒྱན་དང༌། ཞྭ་ལ་སོགས་པ་གང་ཡིན་ལྟར་བྱའོ། །དེ་ཆོས་འབྱུང་གི་རྩེ་མོའི་ཕྱོགས་སུ་ཤིང་ལ་སོགས་པའི་སྟེང་དུ། དེས་གཏོར་སྣོད་གྱི་ནང་མཐོང་ཙམ་དུ་གཞག་གོ །གཞན་དག་བྱད་བྱེད་པ་ཡོད་ན་རང་གི་འཁོར་ཇི་ཙམ་ཡོད་པ་དང༌། གང་བསྲུང་བའི་མི་རྣམས་ལ་ཟན་ཁམ་རེ་གཏད་ལ་དེ་དག་གི་དྲི་མ་ལ་དྲིལ་བར་བྱའོ། །དེས་ནི་དཀྱིལ་འཁོར་དང་མཆོད་པ་བཤམས་པ་དང༌། གཏོར་མའི་ཡོ་བྱད་བཤམས་པ་དང༌། བུམ་པ་དང་བཟློག་གླུད་བཤམས་པ་ལྔའི་ཡོ་བྱད་བསྟན་པའོ། །ལྔ་པ་ཆོ་ག་ནི། སྔོན་དུ་ཕ་རོལ་ཏུ་ཕྱིན་པའམ། དཀོན་མཆོག་བརྩེགས་པ་ལ་སོགས་པའི་མདོ་འདོན་པ་དང༌། དཀོན་མཆོག་མཆོད་པ་ལ་སོགས་པ་དང༌། རང་གི་ཆོས་སྐྱོང་བ་རྣམས་ལ་གསོལ་མཆོད་རྒྱས་པར་བྱེད་པ་ལ་སོགས་པ་སྔོན་དུ་སོང་བས། ཉི་མ་སྣུར་མནན་སོང་བ་དང༌། གཏོར་མ་ལ་འཇུག་པར་བྱའོ། །དེ་ཡང་སྒྲུབ་པ་པོ་གང་ཟག་བཞི་ཀ་ཁྲུས་ལེགས་པར་བྱས་ལ། སློབ་དཔོན་སྟན་བདེ་བ་ལ་འདུག་སྟེ། གཏོར་གཡོགས་པ་གཉིས་ཀྱང་གཡས་གཡོན་དུ་བདེ་ཆས་སུ་འདུག་ལ། སྔགས་གཡོག་གཡས་སུ་བུམ་པའི་རྩར་འདུག་ཏུ་གཞུག དེ་ནས་རང་གི་མདུན་དུ་བུམ་པ་ཆུས་བཀང་བའི་སྟེང་དུ། ཆུ་སྙིམ་པ་གསུམ་ཤོང་བའི་སྣོད་བཞག་ལ། སློབ་དཔོན་གྱིས་སེམས་བསྐྱེད་པར་བྱ་སྟེ། བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་སྲིད་པའི་མཚོ་ལས་བསྒྲལ་བར་བྱ་སྙམ་དུ་སེམས་བསྐྱེད་ལ། ལྷ་གང་རུང་དུ་བསྐྱེད་དོ། །སྔགས་གཡོག་ཀྱང་ཁྲོ་བོ་གང་རུང་གི་ང་རྒྱལ་བྱས་ལ། བུམ་པ་ལ་ཁྲོ་བོ་གང་རུང་གི་བཟླས་པ་བྱེད་དུ་གཞུག་གོ །དེ་ནས་གཡས་ཀྱི་གཏོར་གཡོག་གིས་ཆན་དང་ཨརྒྷ་བླུགས། གཡོན་གྱི་གཏོར་གཡོག་གིས་ཟན་དང་ཆུ་བླུགས། ཡང་ན་གཡས་ཀྱི་མིས་ཟན་དང་ཆན་བླུགས། གཡོན་གྱི་མིས་ཨརྒྷ་དང་ཆུ་བླུགས་ཀྱང་འདྲའོ། །དེ་ནས་སློབ་དཔོན་གྱིས་འདི་ལ་སྦྱིན། འདི་ལ་མི་སྦྱིན་པའི་དམིགས་པ་གང་ཡང་མི་བྱེད་པར། ལག་པ་གཡོན་པ་སྙིང་གར་ཁུ་ཚུར་བཅངས་ནས། གཡས་པ་མཆོག་སྦྱིན་གྱི་མཐེ་བོང་དཀྱིལ་དུ་བཅུག་པའི་ཆོས་འབྱུང་གི་ཕྱག་རྒྱ་དང་ལྡན་པའི་དཀྱིལ་དུ་རྃ་བསམ། དེའི་སྟེང་དུ་ཨ་བསམ། རིམ་གྱིས་ཨ་མེས་ཞུ་བས་བདུད་རྩིར་སོང༌། དེ་གཏོར་སྣོད་དུ་སོང་བས་སྣོད་ཡངས་ཤིང་རྒྱ་ཆེ་བ། དེ་བདུད་རྩིས་གང་བར་བསམ་ཞིང༌། ན་མསྶརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་བདུན་བཟླས་ལ། གཡས་ཀྱི་ཕྱག་རྒྱ་ཁ་སྦུབས་ལ། མཆོད་པ་ལྔ་ལ་རེག་ཙམ་རེ་བྱའོ། །དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་པ་མེད། དེ་ནས་གཡས་ཀྱི་གཏོར་གཡོག་པས་སྣོད་ཆེན་པོར་བླུགས་ལ་བཤལ་ལོ། །དེ་ལྟར་ལྔ་བཅུ་རྩ་བཞིའི་བར་དུ་བཏང་ལ། གླུད་དེ་སྣོད་དེའི་ནང་དུ་གཞུག ཡང་ལྔ་བཅུ་རྩ་བཞིའི་བར་དུ་གཏང་ངོ༌། །མཐུ་བཟློག་པ་དང་འདྲེ་གདོན་དྲག་པོ་བཟློག་པར་འདོད་ན། གཟུགས་དེ་ལ་དྲི་མ་མི་གཏང༌། སྙིང་གར་མིང་རུས་དང་བཅས་པའི་ལིངྒ་གཞུག དགྲ་བགེགས་ཀྱི་རྣམ་ཤེས་ལིངྒར་དགུག་གཞུག་བྱ། ལིངྒ་ལ་ཁྲག་བསྐུ། དགྲ་བགེགས་བསད། སེམས་ཀྱིས་གཏོར་མ་གཏང༌། ལྔ་བཅུ་རྩ་བཞི་ཐོངས་པ་དང༌། རྟེན་དེ་གཏོར་མའི་ནང་དུ་སྤྱི་གཙུག་ཏུ་བཞག་གོ །དེའི་སྟེང་དུ་ཡང་ལྔ་བཅུ་རྩ་བཞི་པོ་གཏང་ངོ༌། །སྔར་གྱི་དང་བཅས་པའི་ཆུས། གཟུགས་དེའི་སྟེང་དུ་ཡན་ལག་ལྔ་ཁྲུས་བྱས་ལ་བླུག་གོ །མར་མེ་ལྔ་ཡང་གཟུགས་སོ། །གཞན་ལྷག་མ་རྣམས་འདྲའོ། །ཡང་འདི་འདྲ་བ་གཅིག་གསུངས་ཏེ། གདོན་ཞི་བར་འདོད་པ་གཏོར་མ་བཞི་པོ་ཐོངས་པ་དང༌། གཟུགས་དེ་གཏོར་མའི་ནང་དུ་ཡུག་རེ་བཞག ཡང་གདོན་གཏོར་མ་རྫོགས་པ་དང༌། གཞག་གསུངས་ཏེ་མི་གཙོ། ཡང་ཟན་གྱི་ལིངྒ་བརྒྱ་རྩ་བྱས་ལ། གཏོར་མ་རེ་དང་སྤེལ་གསུངས་ཏེ་མི་གཙོ། དེ་ནས་སློབ་དཔོན་གྱིས་མཉེས་པའི་དཔང་པོ་གཟུགས་པ་ཙམ་བྱས་ཏེ་མཆོད་པ་དང༌། ཟན་གྱི་ལྷག་པ་བྱུང་ན་སྣོད་དེར་བླུགས་ལ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་འགྱུར་ཤོག །ཅེས་བྱ་བ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། རྗེ་བཙུན་བླ་མ་དམ་པ་རྣམས། གསང་སྔགས་དང༌། རིག་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། དམ་ཚིག་ཅན་རྣམས་ཀྱི་བདེན་པ་དང༌། བདག་གི་བསམ་པ་རྣམ་པར་དག་པའི་བྱིན་གྱི་རླབས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ། རེག་བྱ་ཕུན་སུམ་ཚོགས་པ། འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པ་འདིས། བདག་མིང་འདི་ཞེས་བགྱི་པའི་བར་ཆད་ཐམས་ཅད་བཟློག་དུ་གསོལ། རྨི་ལམ་ངན་པ་དང༌། ལྟས་ངན་པ་དང༌། མཚན་མ་ངན་པ་དང༌། ནད་དང༌། གནོད་པ་དང༌། གདོན་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བདེན་པའི་སྟོབས་ལན་གསུམ་བརྗོད། ཁྱད་པར་དུ་ཀླུའི་གནོད་པ་བསྲུང་ན། ཀླུ་སྨན་སྣ་ཚོགས་དང༌། བའི་འོ་མ། མདུན་དུ་དུང་ལ་སོགས་པའི་སྒྲ་འགྲོ། གཏོར་མ་འཁྱེར་བ་དང་མཉམ་པོར་གཡས་ཀྱི་ངོས་ནས། བུམ་བཟླས་པས་ཁྲོ་བོ་གང་རུང་གི་སྔགས་དྲག་པོར་ཟློས་ཤིང༌། བུམ་པའི་ཆུ་སྦྲེང་ཞིང༌། ཁྲོ་བོའི་འགྲོས་ཀྱིས་འགྲོའོ། །སློབ་དཔོན་གྱིས་ཕྱི་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ལ། རྐང་པ་ཁྲོ་བོའི་འགྲོས་ཀྱིས་འགྲོའོ། །སྔགས་འདི་བཟླས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། དེ་ནས་གནོད་པའི་བགེགས་གནས་པའི་སའམ། དགྲའི་ཡུལ་མཐོང་བའི་སར་གཏོར་མ་དྲག་ཏུ་འཕང་ངོ༌། །ལྷག་མ་མ་ལུས་པར་བྱའོ། །གོས་ཐུ་བརྡབ། འོ་དོད་འབོད། བདུད་རྩི་འཁྱིལ་པའི་སྔགས་དྲག་ཏུ་བཟླས། མཁར་གྱི་ངོས་ལ་བརྒྱབ་ན་ངེས་པར་འཇིག་གོ །ཀླུའི་གནོད་པ་བཟློག་པ་ནི། ཆུ་བོར་བསྐྱལ། དེ་ནས་ཀུན་གྱིས་ཕྱིར་མིག་མི་ལྟ་བར། སློབ་དཔོན་གྱིས་རྟིང་མནན་ཏེ་བསྲུང་བའི་སྔགས་དྲག་ཏུ་བཟླས་ཤིང་ལོག་ལ། བཟའ་བཏུང་བཟང་པོས་ཚིམ་པར་བྱ། སློབ་དཔོན་ལ་སོགས་པ་ལ་ཡང་བསྙེན་བཀུར་ཡང་བྱ། དཔའ་ཟས་ཀྱི་ཚུལ་དུ་ཐམས་ཅད་མགུ་བར་བྱས་ནས། དཀྱིལ་འཁོར་གྱི་རྗེས་མི་མངོན་པར་བྱའོ། །དྲུག་པ་ཕན་ཡོན་ནི། ངེས་པར་འཆི་བ་བསླུ་བ་དང༌། གཞན་གྱི་སྦོད་གཏོང་ཕྱིར་བཟློག་པ་དང༌། གདུག་པ་ཀླུའི་ནད་སེལ་བར་བྱེད་ནུས་པ་དང༌། རིམས་ནད་བསྲུང་བ་དང༌། དགྲ་བོ་བརླག་པར་བྱེད་ནུས་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཀྱང༌། འདིར་གཙོ་བོ་རང་གི་གནོད་པ་བསྲུང་ཞིང་གཞན་གྱི་གནོད་པ་བཟློག་པའོ། །དེ་ལྟར་གཏོར་མའི་ཆོ་ག་གསལ་བར་བྱས་པ་ཡི། །དགེ་བ་དེ་ཡིས་འདི་བྱེད་པ་ཡི་སྐྱེ་བོ་རྣམས། །གདུག་པར་གནོད་པ་ལས་གྲོལ་ཚེ་རིང་ནད་མེད་དང༌། །བདེ་བ་ཕུན་སུམ་ཚོགས་པའི་འབྲས་བུ་མྱུར་འབྱིན་ཤོག །ས་མཱཔྟ། གང་ཞིག་རིན་ཆེན་གྲགས་པས་གསུངས་པ་རང་རང་གི །ངན་རྟོག་མངོན་རློམ་དུག་ཆུའི་དྲི་མའི་ཚོགས་ཆེན་གྱིས། །རྣམ་པར་སྦགས་པས་གཏོར་མའི་ཆོ་ག་ཕལ་ཆེར་ནི། །ལུས་ཉོན་མོངས་པ་ཁོ་ནར་ཟད་ཀྱི་འབྲས་མཆོག་མིན། །གང་ཞིག་བརྩེར་ལྡན་གསུང་གི་བདུད་རྩི་དག །བདག་ལ་གང་བབ་དེ་ལས་འབྲས་བུ་ནི། །མཆོག་ཆེན་རྣམ་པར་སྐྱེ་བར་བྱེད་པས་ན། །ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་གོ །ཨྀ་ཐི། ཐེག་པ་མཆོག་གི་རྣལ་འབྱོར་པ་བསོད་ནམས་རྩེ་མོས་སྦྱར་བའོ།།  །།ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨ།།  །།སརྦ་མངྒ་ལཾ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*