མི་གཡོ་བའི་ཆོས་སྐོར་རྒྱ་གཞུང་བསྟོད་པ་དང་བཅས་པ།

༼ཅ༽

༄༅། །མི་གཡོ་བའི་ཆོས་སྐོར་རྒྱ་གཞུང་བསྟོད་པ་དང་བཅས་པ་བཞུགས།། 

༄༅། །བགེགས་རྣམས་སྲེག་པའི་གཉིས་མེད་ཡེ་ཤེས་མེ་འོད་རྣམ་འཕྲོ་ཞིང༌། །སྐུ་མདོག་སྔོན་པོ་ཤེས་རབ་རལ་གྲི་ཞགས་པས་ཕྱག་གཉིས་བྲལ། །པུས་མོ་ས་ལ་བཙུགས་ཤིང་སྤྱན་གསུམ་རྣམ་འབར་མཆེ་བ་གཙིགས། །ཀླུ་ཆེན་རྒྱན་གྱིས་རྣམ་པར་བརྒྱན་པའི་གཏུམ་ཆེན་ལ་ཕྱག་འཚལ། །དཔའ་ཆེན་ཉི་མ་འབུམ་གྱི་གཟི། །སྟོན་ཀའི་ནམ་མཁའ་ལྟར་དང་བ། །འཇིག་པའི་དུས་ཀྱི་སྤྲིན་ལྟར་སྒྲོགས། །བགེགས་འཇོམས་མི་གཡོ་མགོན་ལ་འདུད། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །འཕགས་པ་མི་གཡོ་བའི་གཏམ་རྒྱུད་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པའི་ཚེ། དགེ་སློང་གཅིག་བསམ་གཏན་ལ་བཞུགས་པའི་དུས་སུ། གཞན་འཕྲུལ་དབང་བྱེད་ལྷའི་བདག་པོ་ཞེས་བྱ་བ་མི་ནག་པོ་རྟ་ནག་ལ་ཞོན་པའི་རྣམ་པས་དགུ་ཚིགས་ལྟ་བུའི་ལམ་ནས་བྱུང་སྟེ། བར་དུ་གཅོད་པ་བྱས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀ་ནས། རྡོ་རྗེ་གཏུམ་པོ་དཔག་ཏུ་མེད་པ་སྤྲོས་ཏེ། ལྷའི་དབང་པོ་དེ་ཚར་བཅད་དེ། ཞབས་ཀྱི་འོག་ཏུ་བཅུག་གོ །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀ་ནས་སྤྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྤྲུལ་པ་ཡིན་ཞེས་དྷ་བྱང་ཆུབ་སེམས་དཔས་གསུངས་སོ། །ཡང་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་ཀྱང༌། རྒྱལ་པོའི་པ་ཏྲ་མ་ཐོབ་པས། ཡུལ་དང་ཡུལ་དུ་རྒྱུ་ཞིང༌། པཎྜི་ཏ་རྣམས་ལ་རྩོད་པ་བྱེད་དེ། རྟེན་ཁྱད་པར་ཅན་རྣམས་ལ་བལྟ་ཞིང༌། མཆོད་པ་བྱེད་ཅིང་འགྲོ་བའི་དུས་སུ་ནགས་གསེབ་ཅིག་ན། ལྷ་ཁང་ཅིག་འདུག་པར་མཆོད་པའི་ཡོ་བྱད་ཁྱེར་ནས་ཕྱིན་པའི་དུས་སུ། ལྷ་ཁང་དེ་ན་རྡོ་རྗེ་གཏུམ་པོའི་སྐུ་ཤིན་ཏུ་འཇིགས་སུ་རུང་བ་ཅིག་མཐོང་ནས་མ་དད་པ་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་མཐོང་ན་མི་མཐུན་པ་མེད་པ། སྐུ་བལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བ་ཡིན་པ་ལ། འདི་ལྟ་བུ་སྲིན་པོའི་གཟུགས་ཅན་འཇིགས་སུ་རུང་བ་ནི། དེ་བཞིན་གཤེགས་པའི་སྐུ་མ་ཡིན་སྙམ་དུ་མ་དད་པ་སྐྱེས་ཏེ། མཆོད་པ་མ་བྱས་པར་སླར་ལོག་གོ །དེའི་མཚན་མོ་རྨི་ལམ་དུ། རྣམ་པར་སྣང་མཛད་གངས་ཅན་མཚོ་ཞེས་བྱ་བའི་ཐུགས་ཀ་ནས། རྡོ་རྗེ་གཏུམ་པོ་དེ་ལྟ་བུ་དཔག་ཏུ་མེད་པ་སྤྲོ་བ་དང་བསྡུ་བ་བྱེད་པ་མཐོང་ནས། གཉིད་སད་པ་དང་འགྱོད་པ་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་གདུལ་བྱའི་ངོར། སྟག་དང༌། རི་བོང་ལ་སོགས་པ་ཅིར་ཡང་སྣང་བ་ཡིན་པ་ལ། ངས་དེ་ལྟར་མ་ཤེས་པས་སྡིག་པ་བྱས་སོ་སྙམ་ན། སླར་མཆོད་པའི་ཡོ་བྱད་ཁྱེར་ཏེ། མཆོད་པ་བྱས་སོ། །ཡང་དེའི་མཚན་མོ་རྨི་ལམ་ན། དེ་བཞིན་གཤེགས་པའི་སྐུ་ལ་མ་དད་པའི་སྡིག་པ་ནི། དེ་ཙམ་གྱིས་འདག་པར་མི་ནུས་པས། །ཁྱོད་ཀྱི་སྒྲུབ་པའི་ཐབས་རྩོམས་ཤིག་ཅེས་གནང་བ་བྱིན་ནོ། །དེ་ནས་སློབ་དཔོན་གྱིས་སྒྲུབ་པའི་ཐབས་མཛད་དོ། །དེས་ན་རྣམ་པར་སྣང་མཛད་ནི་སྐུ་ཡིན་ལ། འདི་དེའི་སྤྲུལ་པ་ཡིན་པས། འདི་སྐུའི་རིགས་ཡིན་པ་དང༌། ཡང་འཇམ་དཔལ་ནི་གསུང་གི་རིགས་ཡིན་ལ། དེའི་མཚན་ཡང་དག་པར་བརྗོད་པ་དང༌། རྣམ་སྣང་མངོན་པར་བྱང་ཆུབ་པ་ལས་ཀྱང༌། མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་བྱ་བ་ལ་སོགས་པ་གསུངས་པས། གསུང་གི་རིགས་ཡིན་པར་སློབ་དཔོན་གཞོན་ནུ་སྦས་པ་ཞེས་བྱ་བ་འདོད་དོ། །ཡང་མི་གཡོ་བ་ནི་གསུམ་སྟེ། བརྐྱང་བསྐུམ་ནི་སྐུའི་རིགས་ཡིན་ལ། པུས་མོ་གཡོན་བཙུགས་པ་ནི་གསུང་གི་རིགས་ཡིན་ལ། གཡས་བཙུགས་པ་ནི། ཐུགས་ཀྱི་རིགས་ཡིན་ཞེས་རྟོག་པའི་རྒྱུད་ལེའུ་བདུན་པ་ལས་ཀྱང་གསུངས་སོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་ནོ། །སྒྲུབ་པའི་ཐབས་འདི་ནི། སློབ་དཔོན་ཛེ་ཏཱ་རིས་མཛད་པའི། སྒྲུབ་པའི་ཐབས་ཀྱི་གཞུང་ལ་བརྟེན་པའི་གདམས་ངག་ཡིན་ཏེ། སློབ་དཔོན་ཛེ་ཏཱ་རིས། བླ་མ་རྡོ་རྗེ་གདན་པ་ཆེན་པོ་ཞེས་བྱ་བ། རྟེན་དགེ་སློང་དུ་བཞུགས་པ། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པ་ལ། དེས་རྡོ་རྗེ་གདན་པ་ཆུང་བ་ཞེས་བྱ་བ། རྟེན་དགེ་སློང་དུ་ཡོད་པ་ལ། དེས་བླ་མ་བ་རི་རིན་ཆེན་གྲགས་པ་ལ། དེས་བླ་མ་ས་སྐྱ་པ་ལ་གསུངས་སོ། །གཏམ་རྒྱུད་དོ།།  །།འཕགས་པ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང༌། བྱང་ཆུབ་ཀྱི་བར་དུ་གཅོད་པའི་བདུད་བགེགས་དང༌། བླ་མ་དཀོན་མཆོག་ལ་ཞེ་སྡང་བའི་སེམས་ཅན་ཚར་བཅད་པ་དང༌། ཁྱད་པར་དུ་རང་གི་རྒྱུད་ལ་བདུད་བཞི་སྐྱེད་པར་བྱེད་ཅིང་ལུས་ངག་ཡིད་གསུམ་གྱི་དགེ་བའི་ལས་བཟློག་ཅིང༌། མི་དགེ་བའི་ལས་ལ་སྦྱོར་ཏེ། བྱང་ཆུབ་ཀྱི་བར་དུ་གཅོད་པར་བྱེད་པའི་ལྷའི་བུའི་བདུད་རྣམ་པར་གཡེང་བར་བྱེད་པ་ལ་སོགས་པ་ཞི་བར་བྱ་བའི་ཕྱིར། གཏུམ་པོ་ཆེན་པོ་བསྒྲུབ་པར་བྱའོ། །དེ་ལ་དང་པོ་ཟླ་བ་གང་ཡང་རུང་བའི་ཡར་ངོའི་ཚེས་གཅིག་ལ་སོགས་པ་ནས་ལུས་ཁྲུས་བྱས་ལ། དྲི་ཞིམ་པོས་ལེགས་པར་བྱུགས་ལ། གོས་གསར་པ་གྱོན་ཏེ། ཟས་དཀར་གསུམ་ལ་སོགས་པ་བརྟེན་ཏེ། ཤ་དང༌། ཆང་དང༌། སྒོག་སྐྱ་དང༌། བདེ་བྱེད་ལ་བྱིན་པའི་ལྷག་མ་ལ་སོགས་པ་སྤངས་ཏེ། སྟན་བདེ་བ་ལ་འདུག་ལ། ཐོག་མར་སེམས་བསྐྱེད་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལྷའི་བུའི་བདུད་ལ་སོགས་པ་ཐམས་ཅད་ཞི་བར་བྱས་ལ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བདག་གིས་འཕགས་པ་མི་གཡོ་བ་བསྒྲུབ་སྙམ་དུ་སེམས་བསྐྱེད་ནས། སེམས་ཀྱི་རྒྱུན་དེ་ཡོངས་སུ་གྱུར་པ་ལས། རང་ཐ་མལ་པའི་སྙིང་སྒོ་ང་སྟོང་པ་ལྟ་བུའི་ནང་དུ། པྃ་སེར་པོ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་རྃ་དམར་པོ་ལས། ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས། ཡི་གེ་ཧཱུྃ་མཐིང་ག་གཅིག་ཏུ་བསམས་ཏེ། དེ་ལས་འོད་བྱུང་སྟེ། མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར། ལུས་ཀྱི་ནང་བ་སྤུའི་བུ་ག་ཐམས་ཅད་འོད་ཀྱིས་ཁེངས་པས། ཚེ་ཐོག་མ་མེད་པ་ནས། ལུས་ངག་ཡིད་གསུམ་གྱིས་བསགས་པའི་སྡིག་པ་སྒྲིབ་པ་མ་ལུས་པར་དག་སྟེ། ལུས་ཤེལ་སྒོང་ཡོངས་སུ་དག་པའམ། རས་དྲི་མ་མེད་པའམ། སྐར་མའི་རྣམ་པ་འདྲ་བར་གྱུར་པར་བསམས་ལ། དེ་ཉིད་ལས་བཅོམ་ལྡན་འདས་ཀྱི་སྐུ་བསྐྱེད་པ་ནི། དབང་པོ་ཐ་མ་ཡིའོ། །དབང་པོ་འབྲིང་གི་བསྒོམ་པ་ནི། སེམས་བསྐྱེད་པ་ནས། ལུས་འོད་ཕུང་དུ་གྱུར་པའི་བར་འདྲའོ། །དེ་ནས་ཁྱད་པར་དུ་འོད་ཕུང་དེ། སྙིང་གའི་པདྨ་དང༌། ཉི་མ་དང༌། ཧཱུྃ་ལ་བསྡུ། དེ་གསུམ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་པའོ། །དབང་པོ་རབ་ཀྱི་བསྒོམ་པ་ནི། ཐོག་མར་སེམས་བསྐྱེད་པ་ནས། འོད་ཀྱི་ལུས་པད་ཉི་དང་ཧཱུྃ་ལ་བསྡུ་བའི་བར་དུ་བྱས་ལ། ཁྱད་པར་དུ་པདྨ་ཡང་ཉི་མ་ལ། དེ་ཡང་ཧཱུྃ་ལ། དེ་ཡང་ཞབས་ཀྱུ་ལ། དེ་ཧའི་ཁོག་པ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་སྟོང་པར་བྱ། དེའི་ངང་ལ་ཅུང་ཞིག་གཞག དེ་ནས་སྟོང་པའི་ངང་དེ་ལས། པྃ་སེར་པོ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་རྃ་དམར་པོ་ལས། ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་བསྐྱེད་དོ། །དེ་ལྟར་དབང་པོ་རབ་འབྲིང་ཐ་མ་གང་ཡང་རུང་བས། བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་མཐིང་ནག པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། པུས་མོ་གཡོན་བཙུགས་པ། གཡས་པ་ཅུང་ཞིག་བསྐུམ་ནས་བཞེངས་ལ་ཁད་པ། ཕྱག་གཡས་པ་ན་རལ་གྲི་འབར་བ་ཕྱར་བ། གཡོན་སྡིགས་མཛུབ་སྙིང་གར་བཅས་ཏེ། དེ་ལ་ཞགས་པ་ལན་གསུམ་དཀྲིས་པ། དེ་ཡི་རྩེ་མོར་རྡོ་རྗེ་ཕྱེད་པ་ཡོད་པ་ཕྲག་གོང་དུ་བསྐྱུར་བ། མཆེ་བས་མ་མཆུ་མནན་པ། མིག་གསུམ་གྱི་གཡས་གྱེན་དུ་ལྟ་བས། ལྷའི་བུའི་བདུད་ལ་སོགས་པ་འཆིང་བར་བྱེད་པ། གཡོན་ཐུར་དུ་ལྟ་བས། ཀླུ་དང་ལྷ་མ་ཡིན་ལ་སོགས་པ་བསྲེག་པར་བྱེད་པ། དབུས་མ་བར་སྣང་དུ་ལྟ་བས། ལུས་ལ་འོད་འབར་བས། བར་སྣང་གི་གནོད་སྦྱིན་དང༌། སྲིན་པོ་དང༌། དགྲ་དང་བགེགས་ཀྱི་ཚོགས་ཐམས་ཅད་སྲེག་པར་བྱེད་པ། སྐྲ་སེར་པོ་གྱེན་དུ་བཅིངས་པ། རལ་པ་ལྔ་གཡོན་དུ་འཕྱངས་པ། ཆུ་བདག་དབང་དུ་སྡུད་པའི་བརྡར། སྦྲུལ་དཀར་པོས་ས་རལ་ཁར་བྱས་པ། དབུ་ལ་རིན་པོ་ཆེའི་ཅོད་པཎ་དང༌། ཡན་ལག་ཐམས་ཅད་རིན་པོ་ཆེས་བརྒྱན་པ། སྨད་དར་ཁ་དོག་སྣ་ཚོགས་ཀྱིས་དཀྲིས་པ། །སྤྱི་བོར་མི་བསྐྱོད་རྡོ་རྗེས་མཚན་པའོ། །དེ་ནི་བར་ཆད་ཉེ་བར་ཞི་བ་དང༌། དངོས་གྲུབ་སྒྲུབ་པའི་ཆ་ལུགས་ཡིན་ནོ། །ཁྱད་པར་དུ་ཀླུ་གདོན་ཞི་བར་འདོད་ན། པུས་མོ་གཡས་པ་བཙུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། །དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པ། ཀླུ་ཆེན་པོ་བརྒྱད་ཀྱི་རྒྱན་ཅན། དེའི་སྤྱི་བོར་མཐའ་ཡས་སྔོན་པོ། རྣ་བར་འཇོག་པོ་དམར་པོ། མགྲིན་པར་པདྨ་སྔོ་སྐྱ། སེ་རལ་ཁར་ཀརྐོ་ཊ་ལྗང་གུ། དཔུང་བར་རིགས་ལྡན་ཁྲ་བོ། ལག་གདུབ་ལ་དུང་སྐྱོང་སེར་པོ། སྐ་རགས་ལ་ནོར་རྒྱས་དཀར་པོ། རྐང་གདུབ་ལ་པདྨ་ཆེན་པོ་སྔོ་སྐྱ། གཞན་ཐམས་ཅད་སྔ་མས་འགྲེ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པའོ། །དེའི་ཐུགས་ཀར་པྃ་ལས་པདྨ་དང༌། རྃ་ལས་ཉི་མ་བསྐྱེད་དེ། དེའི་སྟེང་དུ་ཧཱུྃ་མཐིང་ག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་སེམས་དཔའ་རང་འདྲ་བ་མཚོན་གང་བ་བསྐྱེད་དོ། །དེའི་ཐུགས་ཀར་པྃ་རྃ་ལས། པད་ཉིའི་སྟེང་དུ། ཧཱུྃ་མཐིང་ནག་གི་ཏིང་ངེ་འཛིན་སེམས་དཔའ་འོ། །དེའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་སོ། །ཡང་ན་ཡེ་ཤེས་སེམས་དཔའ་ནི། རལ་གྲི་མཚོན་གང་བ་དེའི་ཆང་ཟུང་སྟོང་པའི་ནང་དུ། ཏིང་ངེ་འཛིན་སེམས་དཔའ་དམིགས་ཏེ་གང་རུང་ངོ༌། །དེ་ལྟར་སེམས་དཔའ་སུམ་བརྩེགས་སུ་བསྒོམས་པའི་ཏིང་ངེ་འཛིན་སེམས་དཔའ་ལས་དེ་དག་དང་མཐུན་པའི་ཁ་དོག་ཅན་གྱི་སྔགས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བསྐོར་བ་ལ་དམིགས་ཏེ། སྔགས་བཟླ་བར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བཟླས་པའི་གྲངས་ནི། རྫོགས་ལྡན་གྱི་དུས་སུ། ཡི་གེའི་གྲངས་ཀྱི་འབུམ་འགྱུར་ཏེ། །མདོར་ན་འབུམ་ཕྲག་བཅུ་བཟླས་སོ། །རྩོད་པའི་དུས་སུ་ཡི་གེ་གྲངས་ཀྱི་བརྒྱད་འགྱུར་ཏེ་ཡི་གེ་རེ་རེའི་དབང་དུ་བྱས་ནས་འབུམ་ཕྲག་བརྒྱད་བརྒྱད་དེ། མདོར་ན་འབུམ་ཕྲག་བརྒྱད་ཅུ་བཟླས་ཤིང༌། བསྙེན་པ་བསྐྱལ་བར་བྱ་སྟེ་རྒྱུན་དུ་བཟླས་པའོ། །ཁྱད་པར་དུ་རྨི་ལམ་ངན་པའམ། མི་མ་ཡིན་གྱི་ཆོ་འཕྲུལ་ལ་སོགས་པ་བྱུང་ན། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླ་བར་བྱའོ། །དེ་དག་ནི་སྤྲོས་པ་ལ་དགའ་བ་དང༌། མི་དགའ་བའི་དབང་དུ་བྱས་ཏེ། དབང་པོ་རབ་འབྲིང་གི་བསྒོམ་པ་བཟླས་པའི་རྣལ་འབྱོར་དང་བཅས་པ་བསྟན་ཏོ། །དེ་ནས་ཐུན་མཚམས་སུ་གཏུམ་མོའི་མེ་སྦར་བར་བྱ་བ་ནི། ཉམ་ང་བའི་གནས་སམ། བདག་ལ་གདོན་དྲག་པོས་གནོད་ན་བཟླས་པ་ཐོན་ནས། ཐུན་འཇོག་ཁར་སྙིང་གའི་ཡེ་ཤེས་སེམས་དཔའི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་ཧཱུྃ་དེ་ཁ་དོག་དམར་པོར་སྦར། དེའི་སྟོབས་ཀྱིས་ཡི་གེ་བཅུ་འབར། དེས་ཡེ་ཤེས་སེམས་དཔའ་ཡང་མེར་འབར། དེས་རང་གི་ལུས་ཀྱི་ནང་དང་ཕྱི་ཐམས་ཅད་འབར་ཏེ། དེ་ནས་སྔར་གྱི་རང་གི་འོད་དང་འདྲེས་ཏེ། འདོམ་གང་ཚུན་ཆད་དུ་གཡས་སྐོར་དུ་འཁོར་བར་བསམ་ཞིང༌། རང་གི་སྡིག་སྒྲིབ་ཐམས་ཅད་དང་གནོད་པར་བྱེད་པའི་བགེགས་ཐམས་ཅད་བསྲེགས་པར་བསམ་ཞིང་སྔགས་བཟླའོ། །དེ་ལ་ཅུང་ཟད་བརྟན་པ་དང༌། མེ་དེ་ཇེ་ཆེ་ཇེ་ཆེར་སོང་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ། བདག་ལ་གནོད་པར་བྱེད་པའི་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་བསྲེགས་པར་བསམ་ཞིང༌། སྔགས་བཟླ་བར་བྱའོ། །དེ་ནས་ཐུན་འཇོག་ཁར་མ་འདོམ་གང་ཚུན་ཆད་དུ་བསྡུས་ལ་གཞག་གོ །ཡང་རང་གི་འདོམ་གང་ཚུན་ཆད་ཀྱི་མེ་ལས། གང་གནོད་པ་བྱེད་པ་ཡོད་པའི་སར། མེ་དེ་ལས་དམར་ནར་གྱིས་དེའི་སྟེང་དུ་སོང་སྟེ་བསྲེགས་པར་བསམ་ཞིང༌། སྔགས་བཟླའོ། །ཐུན་འཇོག་ཁར་འདོམ་གང་ཚུན་ཆད་དུ་བསྡུས་པས་སྲུང་བའི་མཆོག་ཏུ་འགྱུར་རོ། །ཁ་ཅིག་མེ་སྦར་བ་རྒྱ་ཆེར་བྱས་ན་གནོད་པ་མ་བྱས་པའི་བགེགས་ལ་གནོད་པས་མི་བྱ་གསུང༌། ཁ་ཅིག་གནོད་པར་བྱེད་པར་མ་བསམས་ན་གནོད་པའི་སྣང་བ་གཞན་ལ་མི་འཆར་བས་མི་སྟོ་གསུང༌། ལུགས་གཅིག་གོ །ཡང་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་དེ་ཁ་དོག་དམར་པོས་བསྒྱུར་ལ་དེ་ལས་མེ་སྦར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡང་ན་སྤྱི་བོར་ཉི་མའི་དཀྱིལ་འཁོར་ལ་ཧ་ཁ་དོག་དམར་པོ་ཁྲུ་གང་བ་ཅིག་བསམས་ལ། དེ་ལ་མེ་འབར་བས་ལུས་མགོ་ནས་མར་རིམ་གྱིས་འབར་བར་བསམས་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །མེ་སྦར་བ་ལུགས་གསུམ་པའོ། །དེ་ནས་སེ་གོལ་གྱིས་བསྲུང་བ་ནི། ཐུན་འཇོག་ཁའམ། དུས་ནམ་ཡང་རུང་སྟེ། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པར་བྱ་སྟེ། ལག་པ་གཡོན་པ་སྡིགས་མཛུབ་བྱས་ལ། གཡས་པས་སྤྱི་གཙུག་གམ། མུར་གོང་གཡོན་པ་ནས་སྐྲ་ཚོམ་ཅིག་བླངས་ཏེ། གཡས་སུ་ལན་ཅིག་བསྐོར་ཏེ། དེ་ནས་གཡོན་སྡིགས་མཛུབ་དང་བཅས་པས་བཟུང་སྟེ། གཡས་ཀྱིས་སེ་གོལ་གཏོགས་ཤིང༌། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ལན་ཅིག་བརྗོད་དེ། དེ་ལྟ་བུ་ལན་བདུན་བྱས་ལ། མཐར་སྐྲ་ལ་གྲོལ་མདུད་ཅིག་བྱས་ལ་གཞག་གོ །སྐྲ་མེད་པའི་མི་རྣམས་ཀྱིས་ཀྱང༌། གཡོན་པས་སྙིང་གར་སྡིགས་མཛུབ་བྱས་ཏེ། གཡས་པས་བསྐོར་ཞིང༌། སེ་གོལ་གཏོགས་ཤིང་སྔགས་ཀྱི་བཟླས་པ་ལན་བདུན་བྱས་པ་ཉིད་ཀྱིས་ཆོག་གོ །ཡང་ན་གང་ཡིན་ཀྱང༌། གཡོན་པས་སྙིང་གར་སྡིགས་མཛུབ་བཅས་ཏེ། གཡས་པའི་སེ་གོལ་དང་པོ་མདུན་དུ། དེ་ནས་གཡས་སུ། རྒྱབ་ཏུ། གཡོན་དུ། སྟེང་དུ། འོག་ཏུ། མཐར་གཡས་སུ་ལན་ཅིག་བསྐོར་ལ་མདུན་དུ་གཏོགས། དེ་ནས་མཚམས་བཅིང་སྟེ། དེ་རེ་རེ་ལ་ཡང་སྔགས་རེ་རེ་བཟླའོ། །དེ་ནས་སྡིགས་མཛུབ་ཀྱིས་བསྲུང་བ་ནི། ལག་པ་གཡོན་པ་སྙིང་གར་སྡིགས་མཛུབ་བཟུང་ལ། སེམས་ཀྱིས། སྤྱི་བོར་ཉི་མའི་དཀྱིལ་འཁོར་ཤིན་ཏུ་ཆེ་བ་ཅིག དེའི་སྟེང་དུ་ཧཱུྃ་རང་གི་ལུས་ཙམ་ཅིག་བསམས་ཏེ། དེ་ནས་གཡོན་པའི་སྡིགས་མཛུབ་ལ། གཡས་པའི་སེ་གོལ་བརྡབ་ཅིང༌། ངག་ཏུ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུྃ། ཞེས་ཕཊ་མེད་པ་ལན་ཅིག་བརྗོད་ཅིང༌། སེམས་ཀྱིས་སྤྱི་བོར་ཉི་མ་དང༌། ཧཱུྃ་དུ་བཅས་པ་ཐིམ་པར་བསམ་པའི་སྟོབས་ཀྱིས་ལུས་ཐམས་ཅད་རྡོ་རྗེ་ཕྲ་མོ་ནས་འབྲས་ཙམ་གྱིས་གང་བར་བསམ་པའམ། ཡང་ན་སྤྱི་བོ་དང༌། མཆན་ཁུང་གཉིས་དང༌། དཀུ་གཉིས་དང༌། རྐང་མཐིལ་གཉིས་སྙིང་ག་སྟེ་གནས་བརྒྱད་དུ། རྡོ་རྗེ་རྒྱ་གྲམ་རེ་རེ་བསམས་ཏེ། བརྒྱ་བྱིན་གྱིས་རྡོ་རྗེས་ཀྱང་མི་ཕྱེད་པར་བསམས་པས་ཕྱེད་པར་མི་འགྱུར་རོ། །རལ་གྲིས་བསྲུང་བ་ནི། རལ་གྲི་འོད་འབར་བ་ཆང་ཟུང་གི་ནང་སྟོང་པར་བསམས་ལ། རལ་གྲིའི་སོ་ལ་ཨོཾ། དེའི་འོག་ཏུ་ཙ་ཎ། ཆང་ཟུང་གི་དབུས་སུ་ཌ། གཡས་སུ་མ། གཡོན་དུ་ཧཱ། ཆང་ཟུང་གི་འོག་གི་དབུས་སུ་རོ། གཡས་སུ་ཥ། །གཡོན་དུ་ཎ། རིན་པོ་ཆེ་ལ་ཕཊ། ཆང་ཟུང་ལ་ཧཱུྃ། དེ་ཐམས་ཅད་ཉི་མ་ལའོ། །དེ་ནས་ཆང་ཟུང་སྟོང་པའི་ནང་དུ་རང་འདུག་པར་བསམས་ནས། རལ་གྲི་ལས་འོད་འབར་བ་གཡས་སྐོར་དུ་འཁོར་བར་བསམ་མོ། །སྲུང་བའི་མཆོག་གོ །དེ་ནས་ཐུན་ཐ་མ་སྲོད་ཀྱི་ཐུན་ཐོན་ནས། ཉལ་བའི་དུས་སུ། ཉལ་བའི་རྣལ་འབྱོར་བྱ་བ་ནི། སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་ཧཱུྃ་ལས་མེ་འབར་བས་མེ་དེ་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས་པས། སྣོད་བཅུད་ཐམས་ཅད་བསྲེགས་ནས་སྟོང་པར་བསམས། དེ་ནས་རང་གི་ལུས་ཀྱང་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ། རང་གི་ཤེས་པ་ཧཱུྃ་མཐིང་ནག་འོད་འབར་བ་ཅིག་ཏུ་བསམས། དེ་ལས་རལ་གྲི་འོད་འབར་བ་ཅིག་ཏུ་བསྒོམས་ལ། དེ་ལས་མེ་འབར་བ་ལ་ཤེས་པ་གཏད་དེ་ཉལ་ལོ། །དེ་ཡང་རལ་གྲི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཡིན་ལ། དེ་ལས་མེ་འབར་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་གསུང་ངོ༌། །དེ་ནས་ཆུས་བསྲུང་བ་ནི། ནང་པར་ལྟོ་སྟོང་གི་དུས་སུ་ཁྲུས་བྱས་པའི་རྗེས་ལ་བྱ་སྟེ། དེ་ཡང་དང་པོར་ལུང་ལེན་པའི་དུས་སུ། ནམ་མཁའ་སྐར་མ་མ་སངས་པར་བུམ་པ་ཆུ་བླངས་ལ། དེ་ཁ་བཅད་དེ། ནམ་མཁའ་མི་མཐོང་བར་བྱས་ལ། དེ་ནས་བླ་མ་རྗེ་བཙུན་གྱི་ང་རྒྱལ་བརྟན་པོ་བྱས་ལ། ལག་པ་གཡས་པས་བུམ་པ་ཁ་བཅད་ལ། སློབ་མས་ལག་པར་མེ་ཏོག་བཟུང་སྟེ། བླ་མའི་རྗེས་སུ་བཟླས་པ་ལན་ཅིག་བྱ། དེ་ནས་བླ་མས་སྔགས་ལན་བདུན་བཟླས་ཏེ། སློབ་མའི་ལག་པ་གཡས་པར་ཆུ་བླུགས་ལ། འཐུང་དུ་བཅུག་སྟེ། དེ་ལྟ་བུ་ལན་གསུམ་བྱ། དེ་ནས་སློབ་མས་བླ་མའི་རྗེས་སུ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། ཞེས་ལན་གསུམ་བརྗོད་ལ། བླ་མ་ལ་མེ་ཏོག་དབུལ། བླ་མས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ལ། སླར་སློབ་མའི་མགོར་མེ་ཏོག་སྦྱིན་ནོ། །འདིས་ནི་བླ་མ་དང་ནུས་པ་མཉམ་པར་འགྱུར་རོ། །དེ་ནས་ཕྱིས་རང་གིས་བྱེད་པའི་དུས་སུ། ནང་པར་གྱི་ཁྲུས་བྱེད་པའི་རྗེས་ལ། ལག་པ་གཡས་པར་ཆུ་བླུགས་ཏེ། གཡོན་པས་དེའི་རྒྱབ་ནས་མཉེ་ཞིང༌། སྔགས་ལན་གསུམ་བཟླས་ལ་བཏུང༌། དེ་ལྟ་བུ་ལན་གསུམ་བྱ། སྔགས་ནི། ན་མཿཙཎྜ་མཧཱ་རོ་ཥ་ཎ་ཡ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཡ། ཀྵཾ་ཏྲཾ་ཏྲཱ་ས་ཡ། ཏྲཱ་ས་ཡ། སརྦ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། འདི་མ་ཆག་ན་རིམས་དྲག་པོ་དང༌། འཇིགས་པའི་སར་ཡང་དགྲ་བགེགས་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་དག་རེ་རེས་ཀྱང་ཉིན་ཞག་གཅིག་གི་སྲུང་བར་འགྱུར་རོ། །སྲུང་བའི་བྱེ་བྲག་བསྟན་པའོ། །དངོས་གྲུབ་མྱུར་དུ་བསྒྲུབ་པར་བྱ་བ་ལ་ཚོགས་བསག་པའི་ཕྱིར། ཐུན་མཚམས་སུ་མཎྜལ་ལ་བརྟེན་ཏེ་བསྒྲུབ་པར་འདོད་ན། རང་དབང་པོ་རབ་འབྲིང་གང་ཡང་རུང་བས། ལྷའི་རྣལ་འབྱོར་དུ་གསལ་བཏབ་ལ། སེམས་བསྐྱེད་སྔོན་དུ་སོང་བས། མདུན་དུ་མཎྜལ་ཁྲུ་གང་ཟླུམ་པོ། དྲི་བཟང་པོས་ལེགས་པར་བྱུགས་ལ། དེ་ནས་ལག་པ་མ་བཏེག་པར་མེ་ཏོག་གཅིག་བཞག དེར་འཕགས་པ་མི་གཡོ་བ་སྐད་ཅིག་གིས་བསམས་ལ། དེའི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ། དེས་བར་ཆད་ཞིའོ། །དེ་ནས་སྔར་གྱི་དེ་བསལ་ལ། དབུས་སུ་མེ་ཏོག་ཚོམ་བུ་གཅིག་གཞག་གོ །དེ་ནས་ཕྱོགས་མཚམས་བརྒྱད་དུ་ཡང་བཞག་སྟེ། ཚོམ་བུ་དགུ་པར་བྱའོ། །དེ་ནས་དབུས་ཀྱི་ཚོམ་བུའི་སྟེང་དུ། པྃ་སེར་པོ་ལས་པདྨ་འདབ་བརྒྱད་དམར་པོ། དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་མཐིང་ག་དེ་དང་རང་གི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་བྱུང་བས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་ཧཱུྃ་དེ་ལ་ཐིམ་པས་ལྷ་དགུ་དུས་གཅིག་ཏུ་བསྐྱེད་དོ། །དབུས་སུ་པདྨ་དང་ཉི་མ་ལ། རྡོ་རྗེ་གཏུམ་མོ། མི་བསྐྱོད་པས་དབུར་བརྒྱན་པ། ཤར་དུ་སེང་གེའི་ཁྲི་ལ་རྣམ་པར་སྣང་མཛད། སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། གཡས་མཆོག་སྦྱིན། གཡོན་མཉམ་གཞག རྟའི་གདན་ལ་བཞུགས་པ། ནུབ་ཏུ་རྨ་བྱའི་ཁྲི་ལ་འོད་དཔག་ཏུ་མེད་པ། སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། བྱང་དུ་ནམ་མཁའ་ལྡིང་གི་ཁྲི་ལ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ། གཡས་སྐྱབས་སྦྱིན། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན་ནོ། །ཡང་ན་ཤར་དང་ནུབ་ཏུ་ཟླ་བའི་གདན། ལྷོ་དང་བྱང་དུ་ཉི་མའི་གདན་བསྒོམ་ཀྱང་ཆོག་གསུང་ངོ༌། །ཤར་ལྷོར་སྤྱན་མ་སྐུ་མདོག་དཀར་མོ། གཡས་འཁོར་ལོའི་ལྟེ་བ་ལ། མིག་གི་འབྲས་བུ་ཡོད་པ་འཛིན་པ། གཡོན་གདན་ལ་བརྟེན་པའོ། །ལྷོ་ནུབ་ཏུ་མཱ་མ་ཀཱི་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་གདན་ལ་བརྟེན་པའོ། །ནུབ་བྱང་དུ་གོས་དཀར་མོ་སྐུ་མདོག་དམར་མོ། གཡས་པདྨ། གཡོན་གདན་ལ་བརྟེན་པའོ། །བྱང་ཤར་དུ་སྒྲོལ་མ་ལྗང་གུ། གཡས་མཆོག་སྦྱིན། གཡོན་ཨུཏྤ་ལ་འཛིན་པའོ། །ལྷ་མོ་ཐམས་ཅད་པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ལྷ་ཐམས་ཅད་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། དར་ཁ་དོག་སྣ་ཚོགས་ཀྱི་ཤམ་ཐབས་ཅན། འོད་འབར་བར་བསམ་མོ། །ཡང་ལྷ་མོ་བཞི་མེད་དེ། ལྷ་ལྔར་བྱས་ཀྱང་བཏུབ་གསུང་ངོ༌། །དེ་ནས་དེའི་མདུན་དུ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་བཤམས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎའི་སྔགས་ཀྱི་རྗེས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་པས་མེ་ཏོག ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཞེས་པས་བདུག་སྤོས། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་དབུལ། དེ་བཞིན་དུ་ལྷ་དགུ་པོ་རེ་རེ་ལ་ཡང་དབུལ། མི་འབྱོར་ན་དུས་གཅིག་ཕུལ་བས་ཆོག དེ་ནས། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ལ་སོགས་གང་ཡང་རུང་བའི་བསྟོད་པས་བསྟོད་ལ། བཟང་སྤྱོད་ལས་འབྱུང་བ་བཞིན་དུ། ཡན་ལག་བདུན་པ་བྱ་བའམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དབུས་ཀྱི་གཙོ་བོ་ལ་དམིགས་ཏེ། ཡི་གེ་བཅུ་པ་ཅི་ནུས་བཟླས། དེ་ནས་གྲུབ་ན་གཏོར་མ་བཏང་ལ། དེ་ནས་ཡི་གེ་བརྒྱ་པ་ཅི་ནུས་སུ་བརྗོད་ལ། མཐར་མུཿཞེས་པས། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ། མེ་ཏོག་ཚོམ་བུ་རྣམས་དབུས་སུ་བསྡུས་ཏེ། སྲིན་ལག་གཡས་པ་མགོ་བོར་རེག་པར་བྱའོ། །དེ་ནས་བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ལ་སོགས་པས་སྨོན་ལམ་གདབ་པར་བྱའོ། །མཎྜལ་གྱི་ཆོ་གའོ། །མཎྜལ་དང་འབྲེལ་པའམ། དུས་ནམ་དུ་ཡང་རུང་བར་གཏོར་མ་གཏང་བར་བྱའོ། །དེ་ཡང་སྤྱིར་གཏོར་མ་ནི་རྣམ་པ་ལྔ་སྟེ། རྒྱུན་དུ་གཏོང་བའི་གཏོར་མ། ནད་པའི་དོན་དུ་གཏོང་བའི་གཏོར་མ། རྨི་ལམ་ངན་པ་བཟློག་པ་དང་འཆི་བ་བསླུ་བའི་གཏོར་མ། ལམ་དུ་བསྲུང་བའི་གཏོར་མ། མཆོག་གི་དངོས་གྲུབ་བསྒྲུབ་པའི་གཏོར་མའོ། །དེ་ལ་དང་པོ། ཤ་རློན་པ་དང༌། དཀུ་བག་ཅན་དང༌། ཁྲག་ལ་སོགས་པས་མ་སྤགས་པའི། ཟས་གཙང་མ་དང༌། དཀར་གསུམ་ལ་སོགས་པ། ཅི་འབྱོར་པ་ལ་ཆུ་གཙང་མས་སྦྱངས་ཏེ། མདུན་དུ་བཤམས་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལྷའི་བུའི་བདུད་ལ་སོགས་པའི་བར་ཆད་ཞི་བར་བྱ་བ་དང༌། བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་གཏོར་མ་འབུལ་སྙམ་དུ་སེམས་བསྐྱེད་ལ། དེ་ནས་ཨོཾ་ཨཱཿཧཱུྃ། ལན་གསུམ་མམ། ལྔ་ལ་སོགས་པ་བརྗོད་པས་བྱིན་གྱིས་བརླབས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བལྟས་པས་ཚིམ་པ་དང༌། དེ་བཞིན་དུ། དྲི་དང༌། རོ་དང༌། རེག་བྱ་ཕུན་སུམ་ཚོགས་པ། མི་རྒས་པ་དང༌། མི་འཆི་བ་ལ་སོགས་པར་བྱེད་པའི་ནུས་པ་ཕུན་སུམ་ཚོགས་པར་བསམས་ཏེ་རྫས་སྦྱང་བའོ། །དེ་ནས་མདུན་གྱི་ནམ་མཁར་སྐད་ཅིག་མ་ཙམ་མམ། ས་བོན་ལས། པདྨ་དང་ཉི་མའི་སྟེང་དུ། ཧཱུྃ་ཡོངས་སུ་གྱུར་པ་ལས་གཏུམ་པོ་བསྐྱེད་ལ། དེ་ནས་རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་ཅུང་ཞིག་ཞལ་གདངས་པར་བསམས་ལ། དེའི་ལྗགས་ཀྱི་འོད་ཟེར་གྱིས་གསོལ་བར་བསམས་ལ། ཐལ་མོ་སྦྱར་བ་ཅུང་ཞིག་ཕྱེ་ལ། ངག་ཏུ་ཡི་གེ་བཅུ་པ་བདུན་ནམ། ཉི་ཤུ་རྩ་གཅིག་གིས་གསོལ་བར་བསམས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པ་ལ་སོགས་པས། མེ་ཏོག་ཕུལ་ལ། མཆོད་པ་རྣམ་ལྔས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཤིང༌། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་དེ། །སྲིད་པའི་ཆུ་བོ་སྐེམས་ཤིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མ་གཡོས་ཐུགས་རྗེ་མི་གཡོ་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་པའམ། གང་ཡང་རུང་བས་བསྟོད། བཅོམ་ལྡན་འདས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། བདག་གི་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་བྱ་བ་ལ་སོགས་པ་འདོད་པའི་དོན་གསོལ་བ་གདབ་བོ། །དེ་ནས་གཏོར་མ་གཞན་འབུལ་ན། ལྷ་བསྐྱེད་པ་དེས་ཆོག སེམས་བསྐྱེད་པ་ལ་སོགས་པ་གཞན་བྱའོ། །གཏོར་མ་རྫོགས་པ་དང༌། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་འབྱོར་ན་གཏོར་མ་དེ་སྣོད་དང་བཅས་པར་བསྐྱལ། མི་ནག་པོའམ། ཁྱི་ནག་པོའམ། བྱ་ནག་པོས་ཁྱེར་ན་དངོས་གྲུབ་མྱུར་བའི་རྟགས་ཡིན་ནོ། །དེ་ཉིད་ཀྱིས་ལས་བཞིའི་གཏོར་མའང་ཤུགས་ལས་གོ་བར་བྱེད་དེ། ཞི་བ་ལ་གཏོར་མ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། ལས་འཇམ་པོ་གསུམ་པོ་དེའི་གཏོར་སྟེགས་སྒོའི་གཡས་ཕྱོགས་སུ་བྱའོ། །དྲག་པོ་ལ་གཏོར་མ་ནག་པོ་གཏོར་སྟེགས་ཀྱང་ནག་པོ་སྒོའི་གཡོན་ཕྱོགས་སུ་བྱའོ། །འདི་ཐམས་ཅད་ལ་ཐོག་མར་སེམས་བསྐྱེད་པ་དང༌། གསོལ་བ་བཏབ་པའི་ཁྱད་པར་མི་འདྲ་བ་ཡིན་ནོ། །ནད་པའི་དོན་དུ་གཏོང་ན། རྟེན་གྱི་ཁྱད་པར་མཎྜལ་ཚོམ་བུ་དགུ་པ་ཅིག་གི ཚོམ་བུ་དབུས་མའི་སྟེང་དུ་གཏོར་མ་བཞག དུས་ཀྱི་ཁྱད་པར་ཉི་མ་རྒས་ལ་ཁད་པ་ནས། ནམ་མ་སྲོས་ཀྱི་བར་ལ། གྲངས་ཀྱི་ཁྱད་པར་དུ་དྲུག་ཅུ་རྩ་བཞི། བསམ་པའི་ཁྱད་པར་ནད་ཞི་བར་བྱ་བའི་བསམ་པས་བཏང༌། གཞན་སྔ་མ་དང་འདྲ། ཁྱད་པར་དུ་ནད་ཞི་བའི་དོན་དུ་གསོལ་བ་གདབ། དེ་ནད་པ་ལ་ལན་གསུམ་བསྐོར་ལ་ཆུ་བོ་ལ་སོགས་པར་དོར་ལ་གཏད། ངེས་པར་འཆི་བ་བསླུས་སོ། །རྨི་ལམ་ངན་པ་དང༌། འཆི་ལྟས་ནི། གོས་དམར་པོ་གོན་པའམ། བོང་བུ་ནག་པོ་ལ་ཞོན་ནས་ལྷོ་ཕྱོགས་སུ་ཕྱིན་པ་དང༌། ཆུས་ཁྱེར་བ་དང༌། ཐུར་ལ་འགྲོ་བ་ལ་སོགས་པ་རྨི་ན། དེ་བཟློག་པ་ནི། འབབ་ཆུ་ལ་སོགས་པའི་དྲུང་དུ་ཕྱིན་ལ་བཏང་སྟེ། འདི་ལའང་གྲངས་དྲུག་ཅུ་རྩ་བཞིར་ངེས་པས། ཁྱད་པར་དུ་སེམས་བསྐྱེད་པ་བདག་གི་དུས་མ་ཡིན་པར་འཆི་བ་ལ་སོགས་པ་དང༌། རྨི་ལམ་ངན་པ་བཟློག་པའི་དོན་དུ་འཕགས་པ་ལ་གཏོར་མ་འབུལ་སྙམ་དུ་སེམས་བསྐྱེད། གསོལ་བ་ཡང་དེ་བཞིན་གདབ་པར་བྱའོ། །ལྷག་མ་ནི་སྔ་མ་དང་འདྲའོ། །ལམ་དུ་བསྲུང་བའི་དོན་དུ་གཏོར་མ་གཏོང་ན། གང་འགྲོ་བའི་ཕྱོགས་སུ་ཁ་བལྟས་ལ། འཕགས་པའི་བྲིས་སྐུ་ཞིག་ཞལ་བྱེ་སྟེ། སེམས་བསྐྱེད་པའི་རྗེས་ལ། བདག་གི་དགྲ་དང༌། ཆོམ་རྐུན་ལ་སོགས་པའི་འཇིགས་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་གཏོར་མ་འབུལ་སྙམ་དུ་སེམས་བསྐྱེད་ལ། དེ་ནས་བྲིས་སྐུ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་བྱས་ཏེ། དེ་ལ་གཏོར་མ་དབུལ། དེ་ནས་མཆོད་པ་དང༌། བསྟོད་པ་ལ་སོགས་པ་བྱས་ནས། བདག་གི་དགྲ་དང་ཆོམ་རྐུན་ལ་སོགས་པའི་འཇིགས་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་གང་འགྲོ་བའི་ཕྱོགས་སུ་གཏོར་མ་གཏང༌། མདུན་དུ་བཞུགས་པའི་བཅོམ་ལྡན་འདས་དེ་ཤིན་ཏུ་ཆེན་པོ་ཞིག་ཏུ་བསྒོམས་ལ། དེའི་ཐུགས་ཀ་ནས། བདག་ཉིད་མི་གཡོ་བའི་ང་རྒྱལ་གྱིས་འགྲོ་འདུག་ཐམས་ཅད་བྱེད་པར་བསམས་ལ་འགྲོའོ། །མཆོག་གི་དངོས་གྲུབ་ཀྱི་དོན་དུ་གཏོང་ན། གཏོར་མའི་ཡོ་བྱད་དང༌། གཏང་བ་དང༌། སྐྱེལ་བ་ཐམས་ཅད་སུས་ཀྱང་མི་མཐོང་བར་བྱས་ལ། མདོར་ན་གཏོར་མའི་སྣོད་དུ་དབུལ། མཆོག་གི་དངོས་གྲུབ་ཀྱི་དོན་དུ་སེམས་བསྐྱེད་པ་དང༌། གསོལ་བ་གདབ་པར་བྱ། གཞན་ཐམས་ཅད་སྔར་དང་འདྲ། གཏོར་མའི་ཆོ་གའོ། །རྡོ་རྗེ་གཏུམ་པོའི་བྲིས་སྐུ་བྱ་བའི་ཐབས་ནི་རྣམ་པ་བཞི་སྟེ། སྨིན་དྲུག་གི་ཟླ་བའི་ཚེས་བཅོ་ལྔའི་ཉིན་འབའ་ཞིག་གིས་རྫོགས་པར་བྱ་བ་དང༌། ཟླ་བ་དེ་ཉིད་ཀྱི་ཡར་ངོས་རྫོགས་པར་བྱ་བ་དང༌། རྭ་བ་བཞི་གང་རུང་གི་ཡང་ངོས་རྫོགས་པར་བྱ་བ་དང༌། དུས་ནམ་དུ་ཡང་རུང་བས་རྫོགས་པར་བྱ་བའོ། །དེ་ལ་དང་པོ་ཚེས་བཅུ་གསུམ་གྱི་ཉིན་མོ། ལྷ་བཟོ་མཁན་སྙན་གསན་དབབ། བཅུ་བཞིའི་ཉིན་མོ་ལྷ་བཟོ་བས་དོན་ཞགས་ལ་སོགས་པའི་གསོ་སྦྱོང་ལེགས་པར་བླངས་ལ་རས་འདུལ་བྱའོ། །བཅོ་ལྔའི་ཉིན་མོ་གསོ་སྦྱོང་ལ་སོགས་པ་སྔར་བཞིན་བྱས་ལ། སྐྱ་རིས་ནས་བརྩམས་ཏེ། དགོངས་མོའི་བར་གྱིས་སྤྱན་ཕྱེད་པར་བྱས་ལ། བཅུ་དྲུག་གི་ཉིན་པར་རོལ་མོའི་སྒྲ་དང་བཅས་པའི་མཆོད་པ་རྒྱ་ཆེན་པོ་བྱས་པ་ཉིད་ཀྱིས། རྟེན་འབྲེལ་གྱི་ཆེ་བས་རབ་ཏུ་གནས་པར་འགྱུར་རོ། །དེ་ལ་བྲིས་སྐུ་ལྷར་བསྐྱེད་པ་ལ་སོགས་པ་གང་ཡང་མི་དགོས་སོ། །དེ་ལྟ་བུའི་བྲིས་སྐུ་ཞིག དགེ་སློང་ཞིག་ལ་ཡོད་པ་ལ་ཆོམ་རྐུན་བྱུང་ནས་བྲིས་སྐུ་བརྒྱབ་པས་ཆོམ་རྐུན་ཤི་གསུང་ངོ༌། །དེ་མ་གྲུབ་ན། ཟླ་བ་དེ་ཉིད་ཀྱི་ཚེས་གཅིག་ནས་བཅོ་ལྔའི་སྔ་དྲོ་རབ་ཏུ་གནས་པ་རྫོགས་པར་བྱས་ཏེ། དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་པ་ཉིད་ཀྱིས་རབ་ཏུ་གནས་པ་མཆོག་ཏུ་འགྱུར་རོ། །དེ་ཡང་མ་གྲུབ་ན་ཟླ་བ་གང་ཡང་རུང་བའི་ཡར་ངོའམ། རྭ་བ་བཞི་གང་ཡང་རུང་བའི་ཡར་ངོས་རྫོགས་པར་བྱས་ལ། བཅོ་ལྔའི་སྔར་དྲོ་མཆོད་པ་རྒྱ་ཆེན་པོ་བྱས་ནས། མེ་ཏོག་སྔོན་པོའི་ཕྲེང་བ་གཉིས་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ཏེ། བྲིས་སྐུའི་གཡས་གཡོན་གཉིས་སུ་བཏགས་པས། དེ་ཉིད་ཀྱིས་རབ་ཏུ་གནས་པར་འགྱུར་རོ། །དེ་ཡང་མ་གྲུབ་ན། དུས་ནམ་ཡང་རུང་བས། གཏུམ་པོའི་བྲིས་སྐུའམ། ལུགས་མ་ལ་སོགས་པ་རྫོགས་པར་བྱས་ཏེ། རབ་ཏུ་གནས་པ་བྱ་བ་ནི། གཟའ་དང་རྒྱུ་སྐར་བཟང་བ་ལ། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་བརྒྱན་པ་དྲི་ཞིམ་པོས་བྱུགས་པའི་སར། མཎྜལ་གྱི་སྟེང་དུ། དྲི་ཞིམ་པོའི་ཆུས་གང་བའི་བུམ་པ་གཙང་མ་ཅིག་བཞག བའི་རྣམ་ལྔ་དང༌། དྲི་ཞིམ་པོའི་འདག་ཆལ་དང༌། མེ་ལོང་དང༌། མེ་ཏོག་སྔོན་པོའི་ཕྲེང་བ་གཉིས་དང༌། གཏོར་མ་གཉིས་དང༌། མཆོད་པ་རྒྱས་པ་རྣམས་ལེགས་པར་སྟ་གོན་བྱའོ། །དེ་ནས་རང་གཏུམ་པོའི་རྣལ་འབྱོར་དུ། རབ་འབྲིང་གསུམ་གང་ཡང་རུང་བས་བསྐྱེད་ལ་བཟླས་པ་བྱའོ། །དེ་ནས་མེ་ལོང་གི་ངོས་ལ་བྲིས་སྐུའི་གཟུགས་བརྙན་འཆར་བར་བྱས་ལ། བའི་རྣམ་ལྔ་དང༌། དྲི་ཞིམ་པོའི་འདག་ཆལ་དང༌། བུམ་པའི་ཆུས་བཀྲུ་བར་བྱ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་ཁྲུས་བྱའོ། །དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་བུམ་པའི་ཆུས་བཤལ་ལ། ཨོཾ་ཀཱ་ཡ་བི་ཤོ་དྷ་ནི་ཞེས་པས་སྐུ་ཕྱིའོ། །དེས་ནི་མ་དག་པ་ལ་སོགས་པ་ཐམས་ཅད་དག་པར་བྱས་པ་ཡིན་ནོ། །དེ་ནས་རྡོ་རྗེ་གཏུམ་པོའི་ཐུགས་ཀར་ས་བོན་ལ་དམིགས་ལ། དེ་ལས་འོད་བྱུང་སྟེ། འོད་ཕུང་དུ་བྱས་པ་དེ་ཧཱུྃ་ལ་བསྡུས་ལ། དེའང་ནཱ་ད་དང༌། སྟོང་པ་ལ་སོགས་པ་བྱས་ཏེ། དེའི་ངང་ལས་པྃ་རྃ་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་གཏུམ་པོའི་སྐུར་དམིགས་པར་བྱ་བའོ། །དེ་ནས་རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས། བཅོམ་ལྡན་འདས་མི་བསྐྱོད་པ་ཡུམ་མཱ་མ་ཀཱི་དང་བཅས་པ། བྲིས་སྐུའི་སྟེང་གི་ནམ་མཁར་སྤྱན་དྲངས་ཏེ། དེ་གཉིས་སྐད་ཅིག་གིས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཧཱུྃ་གི་རྣམ་པར་གྱུར་ཏེ། ཐུགས་ཀའི་རལ་གྲིའམ། རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་གཞུག་པར་བསམ་མོ། །དེ་ལས་འོད་བྱུང་བས། བཅོམ་ལྡན་འདས་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དམ་ཚིག་སེམས་དཔའ་གསལ་བཏབ་ལ། དེའི་ཐུགས་ཀའི་ས་བོན་གྱི་འོད་དང༌། རང་གི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་མི་གཡོ་བའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་མཆོད་པ་རྒྱ་ཆེན་པོ་རོལ་མོའི་སྒྲ་དང་བཅས་པས་མཆོད་བསྟོད་བྱ། གཏོར་མ་དབུལ་ལོ། །དེ་ནས་ལག་པ་གཡས་པས་བྲིས་སྐུ་ལ་བཟུང་བའམ། དེ་ལ་གཟུང་ཐག་བཏགས་ཏེ་བཟུང་ལ་ཡི་གེ་བཅུ་པ་སྟོང་རྩ་བརྒྱད་བཟླས་སོ། །དེ་ནས་མཆོད་པ་རྒྱས་པས་མཆོད། བསྟོད་པས་བསྟོད་ལ། གཏོར་མ་འབུལ་ཏེ། མེ་ཏོག་སྔོན་པོའི་ཕྲེང་བ་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ཏེ། བྲིས་སྐུའི་གཡས་གཡོན་དུ་གདགས་པར་བྱའོ། །དེས་ནི་རབ་ཏུ་གནས་པའི་མཆོག་ཏུ་འགྱུར་ཏེ། དེ་ལྟ་བུའི་ཆོ་ག་གང་ཡང་རུང་བ་བྱས་པའི་བྲིས་སྐུའི་སྤྱན་སྔར། མཎྜལ་དང༌། མཆོད་པ་དང༌། གཏོར་མ་ཕུལ་ཏེ། གསོལ་བ་བཏབ་ན་སྡིག་པ་ཐམས་ཅད་འདག་པ་དང༌། ཡིད་ལ་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གང་དང་གང་གི་ནད་དང༌། གདོན་ཞི་བར་འདོད་ན། ཐང་སྐུ་དེ་ཕྱར་ཏེ། མཆོད་པ་དང༌། གཏོར་མ་ཕུལ་བ་ཙམ་གྱིས་མི་དང་མི་མ་ཡིན་པའི་གནོད་པ་དང༌། ནད་དང་རིམས་ལ་སོགས་པ་དང༌། ལྟས་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །བྲིས་སྐུའི་ཆོ་གའོ། །གཏུམ་པོའི་འཁོར་ལོ་བྱེད་པར་འདོད་པས། བྲི་བའི་གཞི་རས་སམ། གྲོ་གའམ། ཤིང་ཤུན་ལ་བྲི་བའི་སྣག་ཚ་ནི། སྐྱེས་པ་བསྲུང་བ་ལ་གུར་གུམ་མམ། གི་ཝང༌། བུད་མེད་བསྲུང་བ་ལ། རྒྱ་སྐྱེགས་ཀྱི་ཁུ་བས་བྲི་བར་བྱའོ། །དེ་ཡང་འཁོར་ལོ་རྣམ་པ་གཉིས་ལས། ཆུང་ངུ་ནི་རྩིབས་བརྒྱད་པ་ལྟེ་བ་དང༌། མུ་ཁྱུད་དང་བཅས་པ་བྲིས་ལ། རྩིབས་བརྒྱད་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཞེས་པ་བྲིས་ལ། ཡི་གེ་མགོ་བོ་ཕྱིར་བསྟན་པ་གཡས་སྐོར་དུ་དགོད་དོ། །ལྟེ་བ་ལ་ཧཱུྃ་དང་ཕཊ་ཀྱི་བར་དུ། ཆེ་གེ་མོ་རཀྵ་རཀྵཿཞེས་བྲིའོ། །མུ་ཁྱུད་ལ་ཨཱ་ལི་བཅུ་དྲུག་མགོ་བོ་ཕྱིར་བསྟན་པ་གཡོན་སྐོར་དུ་བྲིའོ། །ཀཱ་ལི་སུམ་ཅུ་རྩ་བཞི་མགོ་བོ་ཕྱིར་བསྟན་པ་གཡས་སྐོར་དུ་བྲིའོ། །ཆུང་ངུའོ། །འཁོར་ལོ་ཆེན་པོ་ནི། འཁོར་ལོའི་གཞུང་དང་དཔེའུ་ཆུང་ལས་འབྱུང་བ་བཞིན་བྲི་བར་བྱའོ། །དེ་ལྟར་གང་རུང་བྲིས་ལ་འཁོར་ལོའི་རབ་ཏུ་གནས་པ་བྱེད་པར་འདོད་པས། མཎྜལ་གྱི་སྟེང་དུ་འཁོར་ལོ་ཟངས་ལ་སོགས་པ་གཙང་མའི་སྣོད་ཀྱི་ནང་དུ་བཞག མེ་ཏོག་ལ་སོགས་པ་མཆོད་པ་ལྔ་དང༌། གཏོར་མ་གཅིག་བཤམ་མོ། །དེ་ནས་དབང་པོ་རབ་འབྲིང་ཐ་གསུམ་གང་ཡང་རུང་བས་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། འཁོར་ལོ་ལ་མེ་ལོང་བསྟན་ཏེ་དེའི་གཟུགས་འཆར་བར་བྱས་ལ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པའི་ཆུས་བཀྲུའོ། །དེ་ནས་སྐད་ཅིག་གིས་འཁོར་ལོ་མི་དམིགས་པའི་སྟོང་པ་ལས། པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་འཁོར་ལོ་བྲིས་པ་ཇི་ལྟ་བ་བཞིན་དུ་མདོག་དཀར་པོར་བསྐྱེད་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་དང༌། འཁོར་ལོའི་ཡིག་འབྲུའི་ཚོགས་ལས་འོད་འཕྲོས་ཏེ། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ལ་གཉིས་སུ་མེད་པར་བསྟིམ། ཡང་ན་མི་གཡོ་བའི་རྣམ་པའམ། ཡང་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བཀུག་ལ་བསྟིམ། ཡང་འོད་ཟེར་འཕྲོས་པས། གང་བསྲུང་བར་བྱ་བའི་ལུས་དང༌། རྣམ་ཤེས་བཀུག་ལ་དེའི་མིང་ལ་བསྟིམ། དེ་ནས་མཆོད་པས་མཆོད། གཏོར་མ་དབུལ་ཏེ། ཡི་གེ་བཅུ་པ་སྟོང་རྩ་བརྒྱད་འཁོར་ལོ་ལ་འཇུས་ལ་བཟླས། དེ་ནས་མེ་ཏོག་སྔོན་པོའམ་གང་ཡང་རུང་བའི་མེ་ཏོག་ལ་རྟེན་འབྲེལ་གྱི་སྙིང་པོ་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་བཟླས་ཏེ་དེ་ལ་གཏོར་རོ། །དེ་ནས་ཡང་མཆོད་པ་བྱ། ཕྱོགས་སྐྱོང་བཅུ་ལ་གཏོར་མ་སྦྱིན་ནོ། །དེ་ནས་འཁོར་ལོ་དེ་ལེགས་པར་དྲིལ་ཏེ། དེ་ལ་ཆ་ལ་སོགས་པས་རིམ་གྲོ་བྱས་ལ། དཔུང་པ་གཡོན་པའམ། མགུལ་པའམ། སྤྱི་གཙུག་ཏུ་བཏགས་ན། མེ་དང༌། ཆུ་དང༌། གདོན་དང༌། འབྱུང་པོ་དང༌། དུག་དང༌། རིམས་དང༌། དུས་མ་ཡིན་པར་འཆི་བ་ལ་སོགས་པ། བར་ཆད་ཀྱི་ཆོས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གཏུམ་པོའི་འཁོར་ལོའི་ཆོ་གའོ། །གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །གསང་སྔགས་འབུམ་ཕྲག་གཅིག་བཟླས་ནས། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །དེ་ནི་དངོས་གྲུབ་བསྒྲུབ་དུས་ཡིན། །ཚོགས་བསོག་གསང་སྔགས་ནུས་འབྱིན་ལ། །རང་གི་ནུས་པ་དང་སྦྱར་ཏེ། །ཅི་རིགས་པར་ནི་བྱ་བ་ཡིན། །དགྲ་བགེགས་ཚར་གཅོད་སྦྱིན་སྲེག་ལ། །སྔོན་དུ་བསྙེན་པའི་ཡི་གེ་ཡི། །གྲངས་ཀྱི་བརྒྱད་འགྱུར་སོང་བ་ཡིས། །སྦྱིན་སྲེག་བྱས་ན་ངེས་པར་འགྲུབ། །དེ་ལ་རྡོ་རྗེ་གཏུམ་པོའི་སྦྱིན་སྲེག་ནི་གསུམ་སྟེ། མི་མ་ཡིན་པའི་གནོད་པ་ཞི་བའི་སྦྱིན་སྲེག་དང༌། སྡིག་པ་ཞི་བ་ལ་སོགས་པ་ལས་བཞིའི་སྦྱིན་སྲེག་དང༌། བླ་མ་རྡོ་རྗེ་གདན་པ་ལ་ཕྱིས་ཞུས་པས། ཏིལ་གྱི་གཟུགས་བརྙན་ལ་བརྟེན་ཏེ། བགེགས་ཚར་གཅད་པའི་སྦྱིན་སྲེག་དང་གསུམ་མོ། །དེ་ལ་དང་པོ་ནི། སྔོན་དུ་བསྙེན་པ་ཡི་གེའི་གྲངས་ཀྱི་བརྒྱད་འགྱུར་སོང་བས། ས་ཕྱོགས་བའི་རྣམ་ལྔ་དང༌། དྲི་ཞིམ་པོའི་ཆུས་ལེགས་པར་བྱུགས་ལ། དེར་ཐབ་ཁུང་ཁྲུ་གང་བ། ཟླུམ་པོ་རེ་ཁ་དཀར་པོས་བྲིས་ལ། དེའི་དབུས་སུ་རལ་གྲིའམ། རྡོ་རྗེ་སྔོན་པོ་ཞིག་བྲི། དེར་ཤུག་པ་ལ་སོགས་པའི་དྲི་ཞིམ་པོའི་བུད་ཤིང་བརྩིགས། འབྱོར་ན་གཡོན་ཕྱོགས་སུ་མཆོད་པ་ལྔ་བཤམ། མ་འབྱོར་ན་ཡིད་ཀྱིས་བཏུབ། གཡས་ཕྱོགས་སུ་བསྲེག་རྫས་བཤམས་ཏེ། དེ་ཡང་མེ་ཏོག་ལུག་ཞོ་བ་དཀར་པོའི་སྦུབས་སུ་དཱུར་བའི་མྱུ་གུ་བཅུག་ལ། དེ་མར་ལ་སྨྱུགས་པ་ཅི་འབྱོར་པ་བཤམས། དེ་ནས་དབང་པོ་རབ་འབྲིང་ཐ་མ་གང་ཡང་རུང་བས། ལྷའི་རྣལ་འབྱོར་དུ་བྱས་ལ། བཟླས་པ་ཅུང་ཟད་ཅིག་བྱས་ལ། ཐབ་ཏུ་མེ་སྦར་ལ་དེའི་ནང་དུ། པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ། རྃ་དཀར་པོ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་བགྲང་ཕྲེང༌། གཡོན་པས་དབྱུག་པ་འཛིན་པ། གདན་པདྨ་དང༌། ཟླ་བ་ལ་གནས་པ་བསྐྱེད་ལ། དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ནས་དངོས་སམ། ཡིད་ཀྱིས་མཆོད་པ་ལྔས་མཆོད་ལ། དེ་ལ་ཡང༌། ཨོཾ་ཨགྣ་ཡེ། བཛྲ་པུཥྤེ་ཧཱུྃ། ཞེས་པ་ལ་སོགས་པ་བརྗོད་ཅིང་དབུལ། དེ་ནས་གཡོན་པས་མེ་ཏོག་བཟུང་ལ། གཡས་པའི་མཐེ་བོང་དང་སྲིན་ལག་གིས་རེ་རེ་བླངས་ལ། ཨོཾ་ཨགྣེ་ཡེ་མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་བདུན་གྱི་བར་དུ་འོག་ནས་བསྐོར་ནས་མེ་ལྷའི་གཙུག་ཏོར་ལ་དབུལ། དེ་ནས་ཡང་མཆོད་པ་ལྔས་མཆོད་ལ། མེ་ལྷ་འབར་བའི་རྣམ་པར་ཐིམ་པར་བྱའོ། །དེ་ནས་ཐབ་ཏུ་སྐད་ཅིག་གིས་སམ། ཡང་ན། པྃ་རྃ་ལས་པདྨ་ཉི་མའི་སྟེང་དུ། ཧཱུྃ་ཙམ་ལས་རྡོ་རྗེ་གཏུམ་པོ་འཛུམ་བག་དང་བཅས་པ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེ་ལ་གཉིས་སུ་མེད་པར་བསྟིམ། དེ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་པུཥྤེ་ཧཱུྃ། ཞེས་བྱ་བ་ལ་སོགས་པས། དངོས་སམ་ཡིད་ཀྱིས་མཆོད་པ་ལྔས་མཆོད་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ། མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་དང་བཅས་པས། ལག་པ་གཡོན་པས་མེ་ཏོག་གི་སྣོད་བཟུང་ལ། གཡས་པའི་མཐེ་བོང་དང༌། སྲིན་ལག་གིས་མེ་ཏོག་དང་བཅས་པའི་དཱུར་བ་རེ་རེ་བླངས་ཏེ། འོག་ནས་བསྐོར་ཞིང༌། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ལ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔས་མཆོད། བསྟོད་པས་བསྟོད་ལ། བཅོམ་ལྡན་འདས་བདག་ཆེ་གེ་མོ་ཞེས་བྱ་བའི་མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་མྱུར་དུ་ཞི་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཡེ་ཤེས་སེམས་དཔའ་རང་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་ཐབ་ཏུ་མེ་ལྷ་སྐད་ཅིག་གིས་བསྐྱེད་ལ། ནད་པ་ལ་སོགས་པ་རྩ་ན་ཡོད་ན་དེའི་སྲིན་ལག་ནས་བཟུང་ལ། ལག་པ་གཡས་པས་བསྲེག་རྫས་དེ་ལ་བསྐོར་ཞིང༌། བསྲེག་རྫས་ལྷག་མ་བདུན་ནམ། ལྔ་ལ་སོགས་པ་ཅི་འབྱོར་པ་སྔ་མ་ཉིད་ཀྱི་སྔགས་ཀྱིས་དབུལ། དངོས་སམ་ཡིད་ཀྱིས་མཆོད་པ་ལྔས་མཆོད་ལ། གསོལ་བ་བཏབ་སྟེ། རང་རྒྱུད་པ་རང་གི་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ། ཐལ་བ་ལ་རེག་ན་བར་ཆད་ཆེ་བས་དེ་ལ་སུ་ཡང་རེག་ཏུ་མི་གཞུག་གོ །ཤིན་ཏུ་བྱིན་རླབས་ཆེའོ། །ལས་བཞིའི་སྦྱིན་སྲེག་ལ། དང་པོ་ཐབ་ཀྱི་དབང་དུ་བྱས་ན། ས་ཕྱོགས་པའི་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་པའི་སར། ཞི་བ་ལ་ཐབ་ཁུང་ཁྲུ་གང་པ། རེ་ཁ་དཀར་པོས་བསྐོར་བ་བྲིའོ། །རྒྱས་པ་ལ་སེར་པོ་ཁྲུ་དོ་པ་སེར་པོས་རེ་ཁ་བྱའོ། །དབང་ལ་སོར་ཉི་ཤུ་རྩ་བཞི་པའམ། ཁྲུ་གང་ཟླ་གམ་དུ། རེ་ཁ་དམར་པོས་བྲི་བར་བྱའོ། །དྲག་པོ་ལ། ཁྲུ་གང་པ་གྲུ་གསུམ་དུ་རེ་ཁ་ནག་པོས་བྲི་བ། ནང་དུ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ནག་པོས་བྱུགས་པ་སྟེ། དེར་རྡོ་རྗེའམ། རལ་གྲིས་མཚན་པ་དགོད་པ་ཐམས་ཅད་འདྲའོ། །བུད་ཤིང་གི་དབང་དུ་བྱས་ན། ཞི་བ་ལ་ཤུག་པ་ལ་སོགས་པ། འོ་མ་ཅན་གྱི་ཤིང་བརྩིགས། རྒྱས་པ་ལ། འབྲས་བུ་ཅན་གྱི་ཤིང་ཡོངས་སུ་སྨིན་པ། དབང་ལ་སེང་ལྡེང་ལ་སོགས་པ་ཁ་དོག་དམར་བ་དང༌། ཚེར་མ་ལྕགས་ཀྱུ་ལྟ་བུ་ཡོད་པ། དྲག་པོ་ལ། གདུག་པ་ཅན་གྱི་ཤིང་ཚེར་མ་ཡོད་པའམ། མེད་ཀྱང་རུང་སྟེ། དེའི་རྩ་བའི་ཆ་ལས་བྱུང་བས་བྱའོ། །བསྲེག་རྫས་ཀྱི་དབང་དུ་བྱས་ན། ཞི་བ་ལ་ཏིལ། རྒྱས་པ་ལ་ཞོ་དང་སྦྲང་རྩི་ལ་སོགས་པ། དབང་ལ་མངར་གསུམ། དྲག་པོ་ལ་ཁྲག་དང་དུག་དང་སྐེ་ཚེ། ཡང་ན་ཁྱད་པར་དུ་ལན་ཚྭ་གཅིག་པུས་བྱས་ཀྱང་ཆོག་གསུང་ངོ༌། །དེ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་མར་རོ། །མེའི་དབང་དུ་བྱས་ན། ཞི་བ་ལ་ཤིང་འོ་མ་ཅན་གཙུབས་པ་ལས་བྱུང་བའི་མེའམ། བྲམ་ཟེ་རྒྱུན་ཞག་གི་མེའམ། མར་མེ་ལ་སོགས་པས་བྱ། རྒྱས་པ་ལ་རྒྱལ་པོའི་ཁྱིམ་གྱི་མེའམ། དགེ་འདུན་གྱི་བསྲོ་ཁང་གི་མེའམ། ཁྱིམ་བདག་གི་མེས་བྱའོ། །དབང་ལ་སྨད་འཚོང་མི་མེའམ། ཀུན་ཏུ་རྒྱུས་ལམ་དུ་བུས་པའི་མེས་བྱའོ། །དྲག་པོ་ལ་ཤན་པའི་ཁྱིམ་གྱི་མེའམ། རྡོ་གཙུབས་པ་ལས་བྱུང་བའི་མེས་བྱའོ། །ཞི་བ་ལ་རྒྱན་དང་གོས་དཀར་པོ་གྱོན་ནས་ཁ་ནུབ་ཏུ་བལྟའོ། །དྲག་པོ་ལ་ནག་པོར་བྱས་ལ་ལྷོར་བལྟའོ། །ལས་འཇམ་པོ་གསུམ་ལ་བསྲེག་རྫས་གཡས། མཆོད་རྫས་གཡོན། དྲག་པོ་ལ་བསྲེག་རྫས་གཡོན་དང༌། མཆོད་རྫས་གཡས་སུ་གཞག་གོ །ཆོ་ག་ལ། མེ་ལྷ་བསྐྱེད་པ་ལ་སོགས་པ་ཐམས་ཅད་སྔར་བཞིན་བྱའོ། །ཁྱད་པར་དུ་མེ་ལྷའི་སྐུ་མདོག་དང༌། བཅོམ་ལྡན་འདས་ཀྱི་ཞལ་གྱི་ཁ་དོག་ཞི་བ་ལ་དཀར་པོ་ལ་སོགས་པ་ལས་དང་རྗེས་སུ་མཐུན་པར་བསྒོམ། བཅོམ་ལྡན་འདས་ཀྱི་དབུ་རྒྱན་ཡང༌། ཞི་བ་ལ་རྣམ་པར་སྣང་མཛད། རྒྱས་པ་ལ་རིན་ཆེན་འབྱུང་ལྡན། དབང་ལ་འོད་དཔག་ཏུ་མེད་པ། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམ་མོ། །སྔགས་ཀྱི་སྤེལ་ཚིག་ལ་མེ་ལྷ་དང༌། བཅོམ་ལྡན་འདས་གཉི་གའི་མཇུག་ཏུ། ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་པུཥྚིཾ་ཀུ་རུ་ཨོཾ། དབང་ལ་ཝ་ཤཾ་ཀུ་རུ་ཧོ། དྲག་པོ་ལ་མཱ་ར་ཡ་ཕཊ། ཅེས་སྤེལ་བར་བྱའོ། །རྒྱས་པའི་བསྲེག་རྫས་ཀྱི་སྐབས་སུ། སྤྱིར་རྒྱས་པ་ཙམ་ལ་ཞོ་འབའ་ཞིག་སྟོང་རྩ་བརྒྱད་དབུལ། ཁྱད་པར་དུ་ཚེ་རྒྱས་པར་འདོད་ན། དཱུར་བའི་མྱུ་གུ། ལོངས་སྤྱོད་རྒྱས་པར་འདོད་ན། འབྲས་སོ་བའམ། ནས་ཤུན་ལྤགས་མ་གྲུགས་པ། འཁོར་རྒྱས་པར་འདོད་ན། འབྲས་བུའམ། མེ་ཏོག་སྟོང་རྩ་བརྒྱད་ལ་སོགས་པ་དབུལ་བར་བྱའོ། །སྤྱིར་འདི་ཐམས་ཅད་ལ་མར་དགོས་སོ། །ཁྱད་པར་དུ་ཏིལ་གྱི་གཟུགས་བརྙན་ལ་བརྟེན་ཏེ། དགྲ་བགེགས་ཚར་གཅོད་པའི་སྦྱིན་སྲེག་བྱེད་པར་འདོད་ན། ཤིན་ཏུ་གནག་ཅིང་གསང་བའི་ས་ཕྱོགས་སུ། མུ་ཟི་ནག་པོའམ། དུར་ཁྲོད་ཀྱི་སོལ་བ། ཐབ་གྲུ་གསུམ་ངོས་རེ་རེ་ལ་སོར་ཉི་ཤུ་པ་བྲུས་ལ་དེ་ལ་བྱུག དེའི་གྲྭ་གསུམ་དུ། རོ་བསྲེགས་པའི་རྡོ་གསུམ་བཞག དེར་གདུག་པ་ཅན་གྱི་ཤིང་བརྩིག་གོ །དེ་ནས་ཏིལ་ནག་གི་ཕྱེ་མ་ལས་བྱས་པའི་གཟུགས་བརྙན་སོར་བརྒྱད་པ། མགོ་གཉིས་པ་གཅིག་བྱས་ལ་མདུན་དུ་བཞག ཡང་ཤོག་བུ་ལ་ལིངྒ་ཆེན་པོ་གཅིག་བྱས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གདོན་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་བྲི་ཏེ་མདུན་དུ་བཞག ཁྲག་དང༌། དུག་དང༌། སྐེ་ཚེ་དང༌། ལན་ཚྭ་དང༌། ཡུངས་ཀར་དང་ཡུངས་ནག་རྣམས་བསྲེས་པ་དང༌། ཚ་བའི་མར་ཁུ་རྣམས་གཡོན་དུ་བཞག མཆོད་པ་ལྔ་དང༌། གཏོར་མ་གཅིག་གཡས་སུ་གཞག་གོ །དེ་ནས་མཚན་མོའི་དུས་སུ། རང་ཉིད་གོས་ནག་པོ་གྱོན་ནས་སྐྲ་སྤྱི་བོར་བཅིངས་ཏེ། ཁྲག་དང་དུར་ཁྲོད་ཀྱི་སོལ་བས་གདོང་བྱུགས་ལ། དབང་པོ་རབ་འབྲིང་ཐ་མ་གང་ཡང་རུང་བས། ལྷའི་རྣལ་འབྱོར་དུ་བྱ། དེ་ནས་ཐབ་ཏུ་མེ་སྦར་ལ། དེ་ལ་མར་ཅུང་ཟད་ཅིག་བླུགས་ལ། བདག་གི་སྙིང་གའི་ས་བོན་གྱི་འོད་ལས་གཏུམ་པོ་དཔག་ཏུ་མེད་པ་སྤྲོས་ཏེ། ཁྲོ་བོ་ལ་ལས་བསྒྲུབ་བྱའི་སྙིང་གར་ལྕགས་ཀྱུས་ཕུག ལ་ལས་མགྲིན་པ་ཞགས་པས་བཅིངས། ལ་ལས་རླུང་གིས་དཀྱིལ་འཁོར་གྱི་སྟེང་དུ་བཞག ལ་ལས་ཐོ་བས་རྒྱབ་ཏུ་བརྡུང༌། ལ་ལས་མཚོན་གྱིས་གཏུབ་ཅིང༌། ཏིལ་གྱི་གཟུགས་བརྙན་ལ་ཐིམ་པར་བསྒོམས་ལ། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་ཆེ་གེ་མོ་ཚིནྡ་ཚིནྡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རྐང་པ་གཡོན་པའི་མཐེ་བོང་ནས་བཟུང་ལ། ལུས་ཐམས་ཅད་མཚོན་རྣོན་པོས་དུམ་བུར་གཏུབས་ཏེ། གྱོ་མོ་གཅིག་ཏུ་བླུགས་ལ་གཡོན་དུ་གཞག དེ་བཞིན་དུ་བྲིས་པའི་ལིངྒ་ཡང་སྔར་བཞིན་བྱས་ལ། སྔར་གྱི་དང་བསྲེས་ལ་གཞག་གོ །དེ་ནས་ཐབ་ཏུ་པྃ་རྃ་ལས། པད་ཉིའི་སྟེང་དུ། རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། མེ་ལྷ་ཤིན་ཏུ་གནག་ཅིང༌། རྔམ་པའི་ཆུ་ལུགས་ཅན། ཞལ་གཅིག་ཕྱག་གཉིས་པ་བགྲང་ཕྲེང་དང༌། དབྱུག་པ་འཛིན་པ་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་བཀུག་སྟེ། དེ་ལ་གཉིས་སུ་མེད་པར་བསྟིམ་ལ། མཆོད་པས་མཆོད་ལ། དེ་ནས་མེ་ལྷའི་ལྕེ་ལ་རྃ་བསམས་ལ། ཨོཾ་ཨགྣ་ཡེ་གནོད་བྱེད་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བྱ་བས། དང་པོ་ཚ་བའི་མར་ཁུ་དབུལ། དེ་ནས་ཐུན་རྫས་དང༌། ལིངྒའི་དུམ་བུ་གཉིས་སྤེལ་ཞིང་གསུམ་མམ་བདུན་ལ་སོགས་པ་དབུལ་ཏེ། མེ་ལྷ་འབར་བའི་རྣམ་པར་ཐིམ་པར་བྱའོ། །དེ་ནས་ཐབ་ཏུ་པདྨ་དང༌། ཉི་མའི་སྟེང་དུ་ཧཱུྃ་ལས། བཅོམ་ལྡན་འདས་མཐིང་ནག་རྔམ་པའི་གཟུགས་ཅན་དུ་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་མི་གཡོ་བ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དེ་ལ་བསྟིམ། དེ་ནས་ཞལ་གདངས་པར་བསམས་ལ། དེ་ལ་མཆོད་པ་ལྔས་མཆོད། དེ་ནས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པས་དང་པོ་ཚ་བའི་མར་ཁུ་དབུལ། དེ་ནས་ཐུན་རྫས་དང༌། ལིངྒའི་དུམ་བུ་དང་སྤེལ་ཞིང༌། བཅོམ་ལྡན་འདས་ཀྱི་ཞལ་དུ་ཅི་འབྱོར་པ་དབུལ། བསྲེག་རྫས་རྫོགས་པ་དང༌། མཆོད་པ་དང་བསྟོད་པས་བསྟོད། གཏོར་མ་དབུལ་ཏེ། བཅོམ་ལྡན་འདས་བདག་ལ་གནོད་པར་བྱེད་པའི་གདོན་ནམ། དགྲ་བགེགས་ཆེ་གེ་མོ་ཞེས་བྱ་བ། དྲག་པོའི་ལས་ཀྱི་ཚར་བཅད་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བྱ་བས་ཕྲིན་ལས་བཅོལ་ལ། ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་ལ། ཡང་ཐབ་ཏུ་མེ་ལྷ་སྐད་ཅིག་གིས་དམིགས་ལ། སྔར་གྱི་བསྲེག་རྫས་ལྷག་མ་ཅི་འབྱོར་པས་མཆོད། ཕྲིན་ལས་བཅོལ་ཏེ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། དེའི་མཚན་མོ་ཐབ་དེ་ལ་སུ་ཡང་རེག་ཏུ་མི་གཞུག་གོ །དེའི་ནང་པར་ཤོག་བུའམ། རས་ལ་ལིངྒ་བྲིས་ཏེ། དེའི་ནང་དུ་ཐལ་བ་དེ་ནས་བག་ཙམ་ཞིག་གཏུམས་ཏེ། སྐུད་པ་ནག་པོའམ། སྔོན་དམར་གྱིས་རྒྱ་གྲམ་དུ་དཀྲིས་ལ། རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། ཟམ་པའི་སྣའམ། ལམ་རྒྱ་གྲམ་མམ། དགེ་འདུན་གྱི་དཀོར་ཁང་ངམ། ལྷ་ཁང་ངམ། མཆོད་རྟེན་གཉན་པོའི་འོག་ཏུ་གནན་པར་བྱའོ། །ཐལ་བ་ལྷག་མ་རྣམས་ཆུར་དོར་རོ། །དེ་ལྟ་བུ་ཞག་ཉི་ཤུ་རྩ་གཅིག་ལ་སོགས་པ་ཅི་རིགས་པས་དགྲ་བགེགས་གང་ཡང་ཚར་མི་ཆོད་མི་སྲིད་དོ། །གཏུམ་པོའི་སྦྱིན་སྲེག་གི་ཆོ་གའོ།།  །།འཕགས་པ་མི་གཡོ་བའི་ལས་ཐོར་བུ་བའི་དབང་དུ་བྱས་ན། དེ་ལ་དང་པོ། ནད་པ་བགེགས་དྲག་པོས་ཟིན་པ་དང༌། སྲིན་བུ་ལ་སོགས་པའི་དོན་དུ། བགེགས་ཚར་གཅོད་པར་འདོད་ན། ཡུངས་ཀར་ལ་བརྟེན་ཏེ་བགེགས་ཚར་གཅད་པ། ཆུ་ལ་བརྟེན་ཏེ་བགེགས་ཚར་གཅད་པ། གཟུགས་བརྙན་ལ་བརྟེན་ཏེ་བགེགས་ཚར་གཅད་པ། མེ་ལ་བརྟེན་ཏེ་བགེགས་ཚར་གཅད་པ་དང་བཞི་སྟེ། སྤྱིར་འདི་ཐམས་ཅད་ལ་བསྙེན་པ་སྔོན་དུ་སོང་བས་བྱའོ། །དེ་ལ་དང་པོ་ནི་རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། ལག་པ་གཡོན་པའི་ཁྱོར་བའི་ནང་དུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བཟླས་ཏེ་ཁ་རླངས་ཕོག་པར་བྱས་པས། ལག་མཐིལ་དུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པ། ལྟེ་བ་ལ་ཨོཾ་དང་ཕཊ། རྩིབས་བརྒྱད་ལ། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པ་གཡས་སྐོར་དུ་མགོ་ཕྱིར་བསྟན། མུ་ཁྱུད་ལ་ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར་གྱི་ཕྲེང་བ་མགོ་ཕྱིར་བསྟན་པ་བཀོད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་དང༌། འཁོར་ལོའི་ཡིག་འབྲུའི་ཚོགས་ལས་འོད་བྱུང་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བཀུག་ལ་བསྟིམ། དེ་ནས་ལག་པ་གཡས་པས་ཀྱང་དེ་ལ་བཀབ་པས། གཡོན་པའི་འོད་ཀྱིས། གཡས་པ་ལ་ཡང་འཁོར་ལོ་གཅིག་བྱུང་བར་བསམས་ཏེ། དེ་གཉིས་ཀྱི་བར་དུ་ཡུངས་ཀར་བླུགས་པས། དེ་གཉིས་ཀྱི་བྱིན་རླབས་ཀྱིས་ཡུངས་ཀར་དེ་ལྕགས་ཀྱི་ཐུ་ལུམ་འབར་བར་བསམས་ཏེ། ཡི་གེ་བཅུ་པའི་མཐར་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་བཅུག་སྟེ་བཟླ་ཞིང་ནད་པ་ལ་སོགས་པའི་གདོང་ལ་ལན་ཉི་ཤུ་རྩ་གཅིག་ཏུ་དེས་བྲབས་ན་ངེས་པར་བགེགས་ཚར་ཆོད་པར་འགྱུར་ཏེ། དེ་བས་མང་ན་རང་ཉིད་ཀྱི་བར་དུ་གཅོད་པར་འགྱུར་སྲིད་པས་མི་བྱ་གསུང་ངོ༌། །གཉིས་པ་ནི་རང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། ལག་པ་སྔ་མ་ལྟར་བྱིན་གྱིས་བརླབས་པའི་བར་དུ་གཞན་ཆུ་བླུགས་སུ་བཅུག་སྟེ། འཁོར་ལོ་དེ་གཉིས་ཀྱི་འོད་ཀྱིས་ཆུ་དེ་ལྕགས་ཀྱི་ཆུ་ཁོལ་མར་དམིགས་ཏེ། སྔ་མ་ཉིད་ཀྱི་སྔགས་ཀྱིས་བགེགས་ཀྱིས་ཟིན་པའི་གདོང་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བྲབ་བོ། །དེས་ངེས་པར་བགེགས་ཚར་ཆོད་པར་འགྱུར་རོ། །གསུམ་པ་ནི། ས་ལས་འབྱུང་པོའི་གཟུགས་ཤིན་ཏུ་རིད་པ། ཡན་ལག་ཕྲ་བ། མགོ་ཆེ་བ། རྐེ་ཕྲ་བ། སྐྲ་འཛིངས་ཤིང་གྲོལ་བ། གསུས་པ་ཆེ་བ། དུ་བའི་ཁ་དོག་བཞིན་དུ་འདུག་པ་བྲིས་ལ། རང་དབང་པོ་ཐ་མ་ལ་སོགས་པའི་བསྒོམ་པས། འཕགས་པའི་ང་རྒྱལ་བརྟེན་པོར་བྱས་ཏེ། ལག་པ་སྡིགས་མཛུབ་དང་ཞགས་པའི་ཕྱག་རྒྱ་སྙིང་གར་བཟུང་ལ། གུང་མཛུབ་གཉིས་གཤིབས་ལ་བསྒྲེང༌། མིང་མེད་དང་མཐེའུ་ཆུང་གཉིས་གཤིབས་ལ་མཐེ་བོས་མནན་ཏེ། རལ་གྲིའི་ཕྱག་རྒྱ་བཅས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་གཏུམ་པོ་དཔག་ཏུ་མེད་པ་སྤྲོས་ཏེ། ལ་ལས་ལྕགས་ཀྱུས་སྙིང་ཕུག ལ་ལས་ཞགས་པས་མགྲིན་པ་བཅིང༌། ལ་ལས་རླུང་གི་སྟེང་དུ་བཞག ལ་ལས་རྒྱབ་ནས་ཐོ་བས་བརྡུང་བ་ལ་སོགས་པའི་ཚུལ་གྱིས་འབྱུང་པོ་དེ་བཀུག་སྟེ་གཟུགས་བརྙན་ལ་བསྟིམ་ལ། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་ཆེ་གེ་མོ་ཚིནྡ་ཚིནྡ་ཧཱུྃ་ཕཊ། ཅེས་བཟླ་ཞིང༌། གཡས་པའི་རལ་གྲིའི་ཕྱག་རྒྱས། གཟུགས་བརྙན་དེའི་རྐང་པ་ནས་བཟུང་སྟེ། ལུས་ཐམས་ཅད་ཟད་ཀྱི་བར་དུ་རིམ་གྱིས་གཏུབ་པར་བྱས་ན། ངེས་པར་བགེགས་ཚར་ཆོད་པར་འགྱུར་རོ། །བཞི་པ་ནི་ཤིང་གང་ཡང་རུང་བས་ཐབ་ཁུང་གྲུ་གསུམ་པ་ཅིག་བྱས་ལ། རང་ལྷའི་ང་རྒྱལ་དང་ལྡན་པས། ངག་ཏུ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་འབྱུང་པོ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ལན་ཚྭ་ཕུལ་གང་ཟད་ཀྱི་བར་དུ་བསྲེག་པར་བྱའོ། །དེ་དག་གིས་ནི་བགེགས་ཚར་མི་ཆོད་མི་སྲིད་དོ་གསུང་ངོ༌། །རྒྱལ་པོ་ལ་སོགས་པའི་ཕ་རོལ་གྱི་དགྲ་དཔུང་བཟློག་པར་འདོད་ན། སེང་ལྡིང་གི་ཕུང་པ་སོར་བརྒྱད་པ་ཅིག་ལ། མི་རུས་དང༌། ཡུངས་ཀར་དང༌། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་དང་ཆེ་གེའི་དེ་ཤ་ཡ་ཧཱུྃ་ཕཊ། ཅེས་པ་བྲིས་པ་རྣམས་ཐུམ་པོ་བྱས་ཏེ། དེའི་མགུལ་དུ་བཏགས་ལ། དེ་ལ་ཞག་གསུམ་ལ་སོགས་པར་ལྷའི་རྣལ་འབྱོར་ལ་གནས་པས་སྔ་མའི་སྔགས་བཟླ་བར་བྱའོ། །དེ་ནས་དགྲ་བོ་རྣམས་ལ་ཕྱི་སྒོ་ཡོད་ན། དེའི་ཡ་ཐེམ་ལ་གདབ། མེད་ན་གྲོང་ཁྱེར་གྱི་དབུས་སམ། ཡུལ་དཔོན་གང་རུང་གི་སྒོའི་ཡ་ཐེམ་ལ་ནུབ་མོ་བཏབ་སྟེ། དེའི་མཚན་ཐོག་ཐག་མི་ཉལ་བར་སྔགས་བཟླ་བར་བྱའོ། །དེ་ནས་ནང་པར་དམག་ཡོང་བའི་ས་མཐོང་སར་ཕྱིན་ཏེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོ་དང་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་བཟླས་ཤིང༌། ཐལ་ཆེན་དང༌། ཡུངས་ཀར་ལ་བཏབ་སྟེ། རླུང་དགྲ་ཕྱོགས་ནས་བྱུང་ན་འགྲོགས་ཏེ་བཟློག གཡས་གཡོན་ནས་བྱུང་ན་བཟློག་པར་དཀའ་བས་སྔགས་དྲག་ཏུ་བཟླས་སོ། །ངེས་པར་དམག་དང་འཐབ་སྟེ་ལྡོག་པར་འགྱུར་རོ། །ལམ་དུ་སྲུང་བའམ། གཡུལ་དུ་འཇུག་པའི་དུས་སུ། རང་གཏུམ་པོའི་རྣལ་འབྱོར་ལ་གནས་ཏེ། སྒོ་ནས་ཕྱིར་འགྲོ་བའི་དུས་སུ་དབུགས་གང་ནས་རྒྱུ་བལྟས་ལ། གཡས་ནས་རྒྱུ་ན། རྐང་པ་གཡོན་པས་ཐིམ་པ་མནན་ལ་གཡས་པས་སྔོན་ལ་འདོར། གཡོན་ནས་རྒྱུ་ན། གཡས་པས་ཐེམ་པ་མནན་ལ་གཡོན་པས་སྔོན་ལ་འདོར་བའི་དུས་སུ། གཡོན་པས་སྙིང་གར་སྡིགས་མཛུབ་བྱས་ལ། གཡས་པས་རལ་གྲི་འདེབས་པའི་ཚུལ་དུ་བྱ། དེ་ནས་དབུགས་ནང་དུ་རྔུབས་ཏེ། གོམ་པ་ཉི་ཤུ་རྩ་གཅིག་གི་བར་དུ་དབུགས་ཕྱིར་མི་གཏོང་བར་འགྲོ། དེ་ནས་ཅི་བདེ་བར་ཕྱིན་པས་བར་ཆད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །གཏུམ་པོའི་ལས་ཐོར་བུ་པའོ། །གཏུམ་པོའི་མངོན་པར་རྟོགས་པ་རྣམས། །བློ་ལྡན་བརྩེ་ཆེན་བླ་མ་ཡིས། །གང་གསུངས་བདག་གིས་འདིར་བྲིས་པའི། །དགེ་བས་བདུད་དཔུང་འཇིག་གྱུར་ཅིག །རྡོ་རྗེ་གདན་པའི་ཞལ་སྔ་ནས་འོངས་པ་མངོན་པར་རྟོགས་པ། ངན་པར་རྟོག་པའི་དྲི་མས་མ་སྦགས་པ་འདི་ནི། བྱང་ཆུབ་སེམས་དཔའ་སྙིང་བརྩེ་བ་ཆེན་པོ་དང་ལྡན་པའི་ཞབས་སྤྱི་བོས་ལེན་པའི་དགེ་བསྙེན་བསོད་ནམས་རྩེ་མོས། བླ་མས་གསུངས་པ་ཇི་ལྟ་བ་བཞིན་དུ་བརྗེད་བྱང་ཙམ་དུ་བཀོད་པའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*