དོན་ཞགས་རྒྱུད་ཆུང་གི་ཊཱི་ཀ

༼ཅ༽

༄༅། །དོན་ཞགས་རྒྱུད་ཆུང་གི་ཊཱི་ཀ་བཞུགས།། 

༄༅། །བླ་མ་དང་མགོན་པོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེས་འགྲོ་བ་ཡི། །དོན་རྣམས་མཛད་པ་དེ་བཏུད་ནས། །དོན་ཡོད་རྒྱལ་པོའི་རྣམ་འགྲེལ་བ། །བླ་མའི་གསུང་བཞིན་རྣམ་པར་དབྱེ། །རྒྱལ་བའི་བཀའ་དོན་གཏིང་དཔག་དཀའ་བ་ཡི། །དོན་ནི་མ་ལུས་སུ་ཡིས་བསྟན་པར་ནུས། །དེ་ལ་གུས་པའི་ཡིད་ཀྱི་གླེང་ལས་བྱུང༌། །བཤད་སྦྱར་འདི་ནི་རིན་ཆེན་ཕྲེང་བ་ཡིན། །དོན་ཡོད་ཞགས་པའི་རྟོག་པ་བསྡུས་པ་ལས། ཐོག་མར་འདི་སྐད་ཅེས་པ་ལ་སོགས་པའི་གླེང་གཞི་ནི། དོན་གཉིས་སུ་རྟོགས་པར་བྱའོ། །གཉིས་པ་གང་ཞེ་ན། དོན་དང༌། ཚིག་གི་གླེང་གཞིའོ། །དོན་ནི་ཆོས་སྟོན་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་ལྔ་སྟེ། ཐོག་མར་བསྟན་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པ་སྟོན་པས་ཐུགས་སུ་ཆུད་པ་དང༌། གང་ཚེ་དུས་དང༌། གང་གིས་སྟོན་པ། གང་དུ་སྟོན་བྱེད་གནས། གང་ལ་བསྟན་བྱའི་འཁོར་རྣམས་ཏེ། དེ་གང་མ་ཚང་ན་ཆོས་སྟོན་པའི་སྒྲ་མི་འབྱུང་བའོ། །སྒྲའི་གླེང་གཞི་ནི་དཱ་ན་ཏེ་ངེས་པར་སྦྱིན་པར་བྱེད་དོ། །དེའང་མ་འོངས་པ་རྣམས་ལ་གནས་འདིར། དུས་འདིའི་ཚེ། སྟོན་པ་འདིས། འཁོར་འདི་རྣམས་ལ། ཆོས་འདི་བསྟན་ནོ་ཞེས་ངེས་པའི་ཕྱིར། སྡུད་པ་པོས་ཚིག་གསུམ་གྱིས་གླེང་བསླང་བའོ། །གལ་ཏེ་སྡུད་བྱེད་ཀྱི་བཀའ་མ་ཡིན་པ་འདིར་འཇུག་པ་ཅི་ཞེ་ན། འདི་ནི་སྡུད་བྱེད་ཁོ་ནའི་མ་ཡིན་ཏེ། ཆོས་བསྡུ་བ་ལས། དགེ་སློང་དག་ངའི་ཆོས་རྣམས་སྡུད་པར་བྱེད་པ་དེའི་ཚེ། ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་ཚིག་གསུམ་གྱིས་གླེང་སློང་ཞིག་ཅེས་མ་འོངས་པའི་སྐྱེ་བོ་ལ་ངེས་པ་བསྐྱེད་པའི་ཕྱིར། རྗེས་སུ་གནང་བ་ཡིན་པས་ཉེས་པ་མེད་དོ། །དེ་ཡང་འདི་སྐད་ཅེས་མང་ཉུང་གི་སྒྲོ་སྐུར་དང་བྲལ་བའོ། །བདག་གིས་ནི་སྡུད་བྱེད་བདག་ཉིད་ཀྱི་ཡིན་གྱིས། གཞན་དང་གཞན་ལས་བརྒྱུད་པ་མ་ཡིན་ནོ། །ཐོས་པ་ཞེས་པ་རྣ་བས་ཡིན་གྱི་རང་གིས་རྟོགས་པ་མ་ཡིན་པའོ། །དེ་ལྟར་ཚིག་གསུམ་གྱིས་གླེང་བསླངས་ནས། ད་ནི་གང་གི གང་ལས། གང་དུ། གང་དང༌། ཐབས་ཅིག་ཏུ་ཐོས་པས། དེ་རྟོགས་པའི་ཕྱིར་དུས་གཅིག་ན་ཞེས་སྨོས་སོ། །དུས་ཞེས་པའང་སྟོན་པ་སྤྱོད་ལམ་གྱི་དུས་དང༌། སྙོམས་པར་འཇུག་པ། ནང་དུ་ཡང་དག་འཇོག་པ། ཆོས་སྟོན་པ་སྟེ་བཞི་ལས་གསུང་གི་ཕྲིན་ལས་ཆོས་སྟོན་པའི་དུས་ནའོ། །གཅིག་ན་ཞེས་པ། འདི་ལྟ་བུའི་མདོ་སྡེ་རིན་པོ་ཆེ། ལན་གྲངས་མང་བར་ཐོས་པ་མ་ཡིན་པས་རྙེད་དཀའ་འམ། ལན་གྲངས་མང་པོ་དུས་ཡུན་རིང་པོར་མ་ཡིན་ཏེ། སྐད་ཅིག་ལ་འདི་རྟོགས་པར་འགྱུར་བས། རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་ཡང་སྟོན། བཅོམ་ལྡན་འདས་ཞེས་པ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་ལྡན་དང་ཉོན་མོངས་པ་ལ་སོགས་པའི་བདུད་བཅོམ་པ་སྟེ། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ལ་མི་མཐུན་ཕྱོགས་ཆོས་བཅོམ། །དེས་འདིར་བཅོམ་ལྡན་འདས་སུ་བརྗོད། །དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་སོ། །དེ་ལྟ་བུ་སྟོན་པ་ཐུབ་པ་བཞུགས་པ་ལས་ཐོས། ཞེས་རྟོགས་པར་བྱ་བའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ཞེས་སྨོས་སོ། །དེ་གང་ཡིན་སྙམ་པ་ལ། པོ་ཏ་ལ་ཀའི་རིའི་རྩེ་མོའོ། །དེ་ནི་ལྷོ་ཕྱོགས་འཛམ་བུའི་གླིང་ལས་འདས་པ་སྟེ། རྒྱ་མཚོ་ཆེན་པོའི་གླིང་ཕྲན་ཏེ། རིའི་བྱེ་བྲག་གྲུ་འཛིན་ཞེས་བྱ་བ་ཡིན་ཏེ། དེའི་རྩེ་མོ་གསེར་གྱི་རང་བཞིན་ལས་གྲུབ་པ་ན་བཞུགས་པའོ། །རི་དེའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར་ས་མ་ལ་དང་ཞེས་སོགས་སོ། །གྲོགས་ནི་དགེ་སློང་ཞེས་སོགས་སྨོས་ཏེ། དེ་ནི་བསྙེན་པར་རྫོགས་པ་རྣམས་སོ། །དགེ་འདུན་ནི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དབྱེ་བར་མི་ནུས་པ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང༌། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་སུ་བརྗོད། །ཆེན་པོའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ། །སྟོང་ཕྲག་བཅོ་བརྒྱད་ནི་གྲངས་ཤེས་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་གོ་འཕང་ལ་སེམས་པའོ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ནི་འཇིག་རྟེན་ལས་འདས་པའི་འཁོར་རོ། །གཞན་འཇིག་རྟེན་པའི་འཁོར་ནི་གནས་གཙང་མའི་ཞེས་པ་དང༌། དབང་ཕྱུག་ཅེས་པ་གླིང་བཞི་པ་ལ་དབང་བ་ཡིན་ནོ། །དབང་ཕྱུག་ཆེན་པོ་ནི་གླིང་བཞི་པ་བརྒྱད་ལ་དབང་བ་ཡིན་ནོ། །ཚངས་རིས་ཀྱི་ལྷའི་བུ་རྣམས་གཙོ་བོར་བྱས་ཏེ་དེ་རྣམས་ཀྱི་གཙོར་བྱས་པའི་ལྷ་དང་མིའི་འཁོར་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་ཆོས་སྟོན་ཅིང་བཞུགས་པ་ལས་ཐོས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་གླེང་བསླང་བ་ཡིན་ལ། འདི་ནི་ཐོག་མར་མདོ་སྡེའི་རྒྱལ་པོ་འདི་གསུངས་པའི་དུས་ཀྱིའོ། །གལ་ཏེ་གླེང་བསླང་བའི་འདི་སྐད་ལ་སོགས་པ་མ་ཡིན་ནམ། ཞེ་ན། བདེན་མོད་ཀྱི་དེ་ཡིས་སྡུད་བྱེད་ཀྱི་ཆོས་བསྡུ་བར་བྱ་བའི་དུས་ཀྱི་གླེང་བསླང་བ་ཡིན་ལ། དེ་ནས་ཞེས་བྱ་བ་ཆོས་ཀྱི་སྒྲ་འབྱུང་བའི་རྒྱུ་ཕུན་སུམ་ཚོགས་པ་ལྔ་མ་ཚང་བ་མེད་པར་ཚོགས་པ་དེ་ནས་སོ། །བྱང་ཆུབ་ནི་མྱ་ངན་ལས་འདས་པ་དེ་ལ་སེམས་པས་སེམས་དཔའ་འོ། །དེ་ཙམ་ཞིག་ཉན་ཐོས་ལའང་ཡོད་པ་སྙམ་ན། དེ་བསལ་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་སྨོས་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །འཕགས་པ་ནི་མི་དགེ་བའི་ཆོས་ལས་རིང་དུ་གྱུར་པའོ། །སྤྱན་རས་གཟིགས་དབང་ཕྱུག་ནི། ཤེས་རབ་ཀྱིས་ཆོས་ཀྱི་དོན་ཐུགས་སུ་ཆུད་དེ། སྙིང་རྗེས་སེམས་ཅན་ལ་གཟིགས་པ་པོ་སྟེ། བསྐལ་པ་གྲངས་མེད་པའི་ཡང་ཕ་རོལ་ཏུ། འོད་ཟེར་ཀུན་ཏུ་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོ་བྱ་བར་སངས་རྒྱས་ཀྱང་སེམས་ཅན་གྱི་དོན་དུ་ས་བཅུའི་བྱང་ཆུབ་སེམས་དཔའི་ཆ་ལུགས་བཟུང་བའོ། །སྟན་ལས་ལངས་ཏེ་ནི། བདག་གི་ཆོས་འདི་ལྟ་བུ་ཐོས་པ་མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་པར་དགོངས་ཏེ། སངས་རྒྱས་ཀྱི་མཐུས་དེ་བཤད་པར་འདོད་ནས་སྟན་ལས་ལངས་ཏེ་ཞེས་པའི་བར་རོ། །དེ་བཤད་པ་ནི། དོན་ཡོད་པའི་ཞགས་པའི་སྙིང་པོ་ཞེས་བྱ་བ་བདག་ལ་ཡོད་དེ་ཞེས་སོ། །དེ་ལྟ་བུའི་ཆོས་དེ། གང་གི གང་དུ། གང་ལས། གང་དང་ཐབས་ཅིག་ཏུ་ཐོས། དེ་ལ་ཕན་ཡོན་ཅི་ཡོད་ཅེས་རྟོགས་པའི་ཕྱིར། གང་བསྐལ་པ་བཟང་པོ་འདིའི་གོང་རོལ་གྱི་ཡང༌། སྔོན་བསྐལ་བ་དགུ་བཅུ་རྩ་གཅིག་འདས་པའི་ཕ་རོལ་ནའོ། །གནས་ནི་འཇིག་རྟེན་རྣམ་པར་གཟིགས་པ་ཞེས་པའོ། །སྟོན་པ་དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་དུ་གཤེགས་པའམ། དེ་བཞིན་ཉིད་ལས་གཤེགས་པས་སོ། །དགྲ་བཅོམ་པ་ནི། རང་རིག་པའི་ཡེ་ཤེས་ཀྱིས་མ་རིག་པ་སྒོ་ངའི་སྦུབས་བཅོམ་པ་འཇིག་ཚོགས་ལ་ལྟ་བའི་རི་བོའི་རྩེ་མོ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བདག་དང་གཞན་གྱི་དོན་མ་ལུས་པ་ཡོངས་སུ་རྫོགས་པ། འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལ་བདག་གིས་བླངས་པའོ། །གྲོགས་ནི་དབང་ཕྱུག་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་བདག་གིས་རྣམ་པ་ཇི་ལྟ་བུ་ཞིག་ཐོས་ཞེས་སྟོན་པ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་ཡོད་པའི་ཡེ་ཤེས་ཀྱི་གཙོ་བོའི་ཏིང་ངེ་འཛིན་བསླུ་བ་མེད་ཅིང་ཕྱིན་ཅི་མ་ལོག་པ། མ་རྨོངས་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བཅུ་པ་བརྒྱད་སྟོང་ནི་འབུམ་ཕྲག་བཅུའོ། །དེ་ལྟ་བུ་ཐོས་ཞེས་པའོ། །དེ་ལྟ་ཁྱེད་ཀྱིས་ཐོས་ཀྱང༌། མ་འོངས་པ་ལ་ཕན་ཡོན་ཅི་ཡོད་སྙམ་ན། གཞན་ཡང་ཞེས་སོགས་སྨོས་ཏེ། དོན་ནི་གོང་དུ་དོན་ཡོད་ཞགས་པའི་སྙིང་པོ་ཀློག་པ་ལ་སོགས་པ་གང་བྱེད་ཀྱང་རུང་སྟེ། དེ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་སྲུང་ཞེས་པའི་དོན་ཏོ། །དེ་ནི་སྤྱོད་པར་བྱེད་པ་པོ་དེ་ལའོ། །གཞན་ཡང་དེ་སྤྱོད་པའི་ས་ཕྱོགས་དེའང་ཀུན་གྱིས་བཀུར་བའི་འོས་སུ་འགྱུར། ཞེས་སྟོན་པ་ནི་གང་འདིར་ཞེས་སོགས་ཏེ། གཞན་ཡང་དོན་ཡོད་ཞགས་པའི་སྙིང་པོ་ཐོས་པ་དེ་དག་ནི། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །ཞེས་བྱའོ། །དཔེ་ཁ་ཅིག་ལ་དོན་ཡོད་ཞགས་པའི་སྙིང་པོ་ཐོས་པའི་སེམས་ཅན་དེ་དག་ནི་སངས་རྒྱས་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྲུན་པ་ཡིན་ནོ། །ཞེས་འབྱུང་ངོ༌། །དེ་སྐད་སྟོན་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདི་ཞེས་པ་དང༌། བདག་གིས་དོན་ཡོད་ཞགས་པའི་སྙིང་པོ་ཐོས་པས། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །ཞེས་སྦྲེལ་ལོ། །དེ་ལྟར་བརྟེན་པ་ཙམ་ལ་ཡང་ཕན་ཡོན་དེ་ལྟ་བུ་འབྱུང་ན། ཆོ་ག་ཅི་ལྟ་བུས་འདི་ཉམས་སུ་བླང་ན་ཕན་ཡོན་རྟོགས་ཕྱིར། གང་ཁ་ཅིག་ཅེས་སོགས་ལ། དེའང་འདིར་མངོན་རྟོགས་བསྡུས་ཏེ་བརྗོད་ན། འདི་ལྟར་ཁ་ཅིག་ཅེས་པ་ནས་སྨོད་པ་པོ་ཞེས་པ་ནི། སྡིག་ཅན་གྱི་གང་ཟག་གོ །སྔར་ཉིད་ན་ཞེས་པ་ནས་མོས་པ་རྣམས་ཞེས་པའི་བར་ནི། དག་པའི་གང་ཟག་སྟེ། གཉིས་པ་ནི། དད་པ་དང་ལྡན་པའི་གང་ཟག་གོ །དེ་གལ་ཏེ་ཞེས་པ་ནས། ཁ་ཅིག་ཅེས་པའི་བར་ནི། ཐུན་མོང་དུ་གང་ཟག་སྤྱིར་བསྟན་པ་སྟེ་གང་ཟག་གོ །དེ་ཉམས་སུ་བླང་བའི་ཆོ་ག་ནི། གལ་ཏེ་འགྱོད་པ་ཞེས་པ་ནས། དེ་བཟླས་ན་ཞེས་པའི་བར་གྱི་རྗེས་ལ་མཆོད་པར་བྱེད་ཅེས་པ་ནས། སངས་རྒྱས་རྗེས་སུ་དྲན་པར་བྱའོ། །ཞེས་པའི་བར་དང༌། ཇི་སྙེད་ཅེས་པ་ནས་བྱའོ་ཞེས་པའི་བར་དང༌། དོན་ཡོད་ཞགས་པའི་སྙིང་པོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་ཉམས་སུ་བླངས་པ་ལས་བྱུང་བའི་ཕན་ཡོན་ལ་གཉིས། དད་ལྡན་ལ་དང༌། དད་མེད་ལ་འབྱུང་བའི་འཐད་པ་དང་བཅས་པའོ། །དང་པོ་ལ་གཉིས། སྤང་བྱ་སྤང་བ་དང༌། ཐོབ་བྱ་ཐོབ་པའོ། །དང་པོ་ནི། སྡིག་པ་ཡོངས་སུ་དག་པ་སྟེ་དེའི་སྐྱེ་བ་ཞེས་བྱ་བ་ནས་ཟད་པར་འགྱུར་རོ། །ཞེས་པའི་སྡིག་པ་དག་རྟགས་དང༌། ཤིན་ཏུ་ཡོངས་སུ་བྱང་བར་འགྱུར་རོ་ཞེས་པ་དང༌། ཁྱོད་ཀྱི་ཞེས་པ་ནས་བཤགས་པར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ནི། དེ་དག་ལ་ཞེས་པ་ནས་འགྱུར་རོ་ཞེས་པ་དང༌། གང་དང་གང་དུ་ཞེས་པ་ནས་བྱེད་དེ་ཞེས་པའི་བར་དང༌། བཅོམ་ལྡན་འདས་ཞེས་པ་ནས་མི་འབྲལ་བར་འགྱུར་རོ། །ཞེས་པས་བསྟན་ཏོ། །དེ་ལྟར་ཕན་ཡོན་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བསྟན་ཏེ། དེའང་སྤྱིར་བསྟན་པའི་ཕན་ཡོན་འཐད་བཅས་དང༌། དད་མེད་ལའང་བསྟན་པ་འཐད་བཅས་སོ། །དང་པོ་ནི། དོན་ཡོད་ཞགས་པ་ཞེས་པ་ནས་བརྩམས་ཏེ་ཐོབ་པར་འགྱུར་ཞེས་པའི་བར་རོ། །གཉིས་པ་ནི། ཉན་པའི་འཕགས་པ་ཞེས་པ་ནས་བསྒྲགས་པར་རིགས་པར་བྱའོ། །ཞེས་པའི་བར་རོ། །གལ་ཏེ་དད་ལྡན་ལ་འབྱུང་ཡང༌། དད་མེད་ལ་མི་འབྱུང་ངོ་སྙམ་ན། དེ་སྤང་ཕྱིར་བཅོམ་ལྡན་འདས་ཞེས་པ་ནས་དགེ་བའི་རྩ་བར་འགྱུར་རོ། །ཞེས་པའི་བར་གྱིས་ཕན་ཡོན་མཉམ་པོར་འབྱུང་བ་དཔེ་དང་བཅས་ཏེ་བསྟན་ཏོ། །མངོན་རྟོགས་ཀྱི་ཚུལ་གྱིས་བསྡུས་པའི་དོན་བསྟན་པའོ། །ཁ་ཅིག་སྡིག་པའི་སྐྱོན་བྱེད་པ་ནི་སྦྱོར་བ་བྱེད་པའོ། །སྡིག་པའི་ཆོས་ནི་མི་དགེ་བ་བཅུའི་ལས་ལམ་མོ། །འཕགས་པ་ལ་སྐུར་པ་འདེབས་པ་ནི་འཇིག་རྟེན་ན་དགྲ་བཅོམ་པ་མེད་དེ་ཞེས་བྱ་བ་ལ་སོགས་པའམ། དགྲ་བཅོམ་པ་མཐོང་ཡང་དེ་ལ་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། ཚུལ་ཁྲིམས་འཆལ་བའོ་ཞེས་ཟེར་བའོ། །དམ་པའི་ཆོས་ལ་སྨོད་པ་ནི། །འདིའི་རྫུན་གྱི་ཚིག་ཟེར་བ་རྣམས་སོ། །མནར་མེད་པ་ལ་གཞོལ་བ་ནི་ངེས་པར་མནར་མེད་པར་འགྱུར་བའོ། །དེ་ལྟར་ཐམས་ཅད་ལ་སྨོད་པ་ནི་གང་ཟག་གོ །དེ་ལྟ་བུ་དེ་སྔར་བྱས་པ་ལ་འགྱོད་ཅིང༌། སླན་ཆད་གཅོད་པར་འདོད་པ་དེ་སྨྱུང་བར་གནས་པ་ཅིག་གིས་དེ་བཟླས་ན་དག་པར་འགྱུར་གྱིས། སླན་ཆད་མི་གཅོད་ཅིང་སྔར་གྱི་ལ་འགྱོད་པ་མེད་ན་དེ་ལྟ་མ་ཡིན་ནོ། །སླན་ཆད་གཅོད་ཅིང་སྡོམ་པར་འགྱུར་བས་སྨྱུང་བར་གནས་པར་བྱས་ཏེ་བཟླས་ན། སྡིག་པ་དག་པའི་རྟགས། ཚེས་བརྒྱད་ཀྱི་ཉིན་པར་དངོས་གཞིའི་ནུབ་མོ་འབྱུང་བ་ནི། ཕྱིར་འདོན་པར་འགྱུར་བ་ལ་སོགས་པ་ཡིན་པ་སྟེ། ཕྱིར་བཟློག་པར་འགྱུར་བ་ན་སྐྱུགས་པ་སྟེ། མདོར་ན་དེའི་དུཿཁའི་རྣམ་གྲངས་མང་པོའམ་གང་ཡང་རུང་བ་ཅིག་འབྱུང་བར་འགྱུར་ཏེ། མདོར་བསྡུ་ན་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་སྡིག་པའི་ལས་ཀྱི་རྣམ་པར་སྨིན་པ་དག་པའི་རྟགས་སུ་སྡུག་བསྔལ་ཅིའི་ཕྱིར་འབྱུང་བ་ཡིན་སྙམ་ན། སྡིག་པའི་ལས་ཀྱི་རྣམ་པར་སྨིན་པ་ནི། ཇི་སྲིད་སྒྲིབ་པའི་ས་བོན་གཏན་མ་སྤང་བར་འགྱུར་བ་དེ་སྲིད་དུ། མི་དགེ་བའི་ལས་དེ་དུས་ཡུན་རིང་བས་ཟད་པར་འགྱུར་བ་མ་ཡིན་ཏེ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །དེ་བས་ན་འདི་ཡང་འབྲས་བུ་གཏན་མི་འབྱིན་པ་མ་ཡིན་མོད་ཀྱི། འདིའི་རྣམ་སྨིན་སྡུག་བསྔལ་ཆེན་པོ་བསྐྱེད་པ་སྐྱེ་བ་འདི་ཉིད་ལ་ཆུང་ངུའི་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །སྡིག་པ་དང་ལྡན་པ་ལ་དེ་ལྟར་སྡུག་བསྔལ་བསྐྱེད་པས་དག་པར་འགྱུར་མོད། ཡོངས་སུ་དག་པ་ལ་འབྲས་བུ་མི་འབྱུང་ངོ༌། །ཞེས་དོགས་པ་བསལ་བའི་ཕྱིར་ཤིན་ཏུ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཞེས་སྨོས་སོ། །གལ་ཏེ་དད་པ་དང་ལྡན་པ་ལ་དེ་ལྟར་འགྱུར་མོད། མི་ལྡན་པ་ལ་མི་འགྱུར་རོ་ཞེ་ན། ཇི་སྙེད་དུ་སྒྱུ་དང་གཡོས་ཀྱང་རུང་སྟེ་མཆོད་པ་རྣམས་ལ། ཕྱོགས་བཅུའི་སངས་རྒྱས་སྟོང་གི་ཞལ་སྟོན་པར་འགྱུར་རོ། །སྡིག་པ་བཤགས་པར་འགྱུར་རོ་ཞེས་སྦྲེལ་ལོ། །དེ་ལྟར་ན་ཕན་ཡོན་དེ་ལྟ་བུའི་ཚུལ་གྱིས་སྤྱད་པར་བྱ་བ་ནི། ཉན་པར་བྱེད་པ་དང༌། ཞེས་པ་ལ་སོགས་པ་སྟེ། ཀུན་ཆུབ་པར་བྱེད་པ་ནི་ཡང་དང་ཡང་གོམས་པར་བྱེད་པའོ། །སྔགས་ཀྱི་ཚིག་འདི་སེམས་པར་བྱེད་པ་དང༌། ཞེས་བྱ་བ་ནི། གཟུངས་ཀྱི་དོན་འདི་སེམས་པར་བྱེད་པའི་དུས་སོ། །དོར་བ་མེད་པ་ནི་དེའི་དུས་སུ་སྟོང་པ་ཉིད་ལ་ནན་ཏན་དུ་བྱེད་པའི་ཚེ། སྐུར་བ་མི་འདེབས་པའོ། །གཟུགས་མེད་པ་ནི་ངོ་བོ་འདི་ལྟ་བུ་གྲུབ་པ་ཡིན་ནོ་བ་མེད་པའོ། །རྣམ་པར་མི་རྟོག་པ་ནི་སྤྲོས་པའི་མཐའ་རྣམས་དང་བྲལ་བའོ། །ཡང་དག་པར་འབྱུང་བ་མེད་པ་ནི་སྤྲོས་པ་ཉིད་ཤིན་ཏུ་དག་པའོ། །ཡུན་རིང་དུ་འབྱུང་བ་མེད་པ་ནི་སྤྲོས་པ་ཉིད་དོ། །རྒྱུ་མེད་པ་ནི་ཅིར་ཡང་མ་གྲུབ་པ་ལ་རྒྱུས་བསྐྱེད་པ་མེད་པའོ། །གོས་པ་མེད་པ་ནི། རང་བཞིན་གྱི་དྲི་མ་དང་བྲལ་བའོ། །མཉམ་པའི་སེམས་ནི་སྟོང་པ་ཉིད་དོ། །གཡེང་བ་མེད་པ་ནི་རྟོག་པ་མེད་པའོ། །ཕུང་པོ་ལྔ་དང་བྲལ་བ་ནི། ཕུང་པོ་ལྔར་མ་ཞེན་པའོ། །དེ་ལྟར་སྟོང་པ་ཉིད་མངོན་དུ་བྱས་ནས་སྤྱན་རས་གཟིགས་དབང་ཕྱུག་དྲན་པར་བྱའོ། །དོན་འདི་ཡིན་ཏེ། མདོ་སྡེའི་རྒྱལ་པོ་སྤྱོད་པའི་ཚེ་དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། རང་བཞིན་གྱིས་འོད་གསལ་བ། སྒྲོ་འདོགས་དང་སྐུར་མཐའ་བྲལ་བ། མངོན་དུ་བྱས་ཏེ་སྒྱུ་མ་ལྟ་བུའི་ཚུལ་གྱིས་འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱ་ཞིང༌། མདོ་འདི་བཟླ་བར་བྱ་ཞེས་པའི་དོན་ཏོ། །ཚུལ་གཞན་ཡང༌། པུ་སྟིར་བྲིས་ནས་ཁྱིམ་དུ་བཞུགས་པར་བྱའོ། །མང་པོས་ཅི་བྱས་ཏེ་ཞེས་པ་དད་མེད་ལའང་ཕན་ཡོན་འབྱུང་བར་སྔར་བསྟན་ལ། སླར་ཡང་མང་པོ་གསོལ་ཅི་འཚལ། འོན་ཀྱང་སྐྱེ་བོ་བློ་ཆུང་བ་ལ་རྒྱས་པར་བསྟན་ཕྱིར། འགྲན་སེམས་སམ་ཞེས་པ་ལ་སོགས་ཏེ། གཞན་གྱི་རྗེས་སུ་འཇུག་པ་ནི་བྱིས་པའོ། །སྨད་པར་བྱ་བའི་ཆེད་དུ་ནི། ཁོ་བོས་ཀྱང་མདོ་འདི་མཉན་ཏེ། འདི་ངེས་པར་སྨྲ་བར་བྱའོ་སྙམ་པའོ། །དེ་ལྟ་བུའི་ཚུལ་དེས་ཉན་པ་དེ་དག་ལ། རྣ་བུག་ཏུ་སྒྲ་བསྒྲགས་པར་རིགས་པར་བྱའོ་ཞེས་སྨྲོས་སོ། །གལ་ཏེ་དེ་ལྟ་བུའི་དམུ་རྒོད་དེ་ལ་ཅིའི་ཕྱིར་བསྒྲགས་པར་བྱ་སྙམ་ན། གང་ལྟར་ཡང་རུང་སྟེ། འདི་ཉན་པར་བྱེད་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབ་པ་ཡིན་པར་རིགས་པར་བྱའོ། །གལ་ཏེ་དེ་ལ་རྣ་བར་བསྒྲགས་མོད་དེ་ལ་ཕན་ཡོན་འབྱུང་བར་མི་རིགས་སྙམ་ན་མ་ཡིན་ཏེ། འབྱུང་བའི་དཔེ། སྐྱེས་བུ་ཞིག་གིས་དྲི་རྣམས་གཤེ་ཞིང་སྐུར་པ་དང་བསྟོད་ཅིང་བཀུར་བ་ལ་ཕན་ཚུན་དྲི་ཞིམ་མི་ཞིམ་དུ་འཕོ་བར་མི་འགྱུར་ཏེ། དྲི་མཉམ་དུ་འབྱུང་བ་བཞིན། འདི་ཡང་ཕན་ཡོན་དེ་བཞིན་ནོ། །ཞེས་པ་སྟེ་གང་ལ་ལ་ཞེས་སོགས་སོ། །བརྒྱད་པས་ཞེས་པ་གཤེ་བའོ། །འདོད་པས་ཞེས་པ་དད་པས་འཛིན་པ་སྟེ་ཕན་ཡོན་དཔག་ཏུ་མེད་དོ། །དཀའ་བས་འཛིན་པ་ནི་སྔར་བསྟན་པ་བཞིན་དད་པ་མེད་ཀྱང་འཛིན་པའོ། །མི་ལ་ལ་ཡང་ངོ་ཞེས་པ་དཀའ་བས་འཛིན་པའོ། །དེ་ཡང་ཕན་ཡོན་འབྱུང་ངོ་ཞེས་སྒྱུ་དང་གཡོས་མཆོད་པ་བྱེད་པའི་དམུ་རྒོད་དེ་དག་གིས་དགེ་བའི་རྩ་བར་འགྱུར་རོ་ཞེས་པའོ། །དགེ་བའི་རྩ་བར་གྱུར་པ་དེས་འདི་ལྟ་བུའི་ཕན་ཡོན་དུ་གྱུར་ཞེས་སྟོན་པ་ནི། གང་དང་གང་དུ་ཞེས་སོགས་སོ། །སྐྱེ་བ་ཐམས་ཅད་དུ་འདི་ལྟ་བུ་དང་ལྡན་ཞེས་པའོ། །གང་ཡང་ཞེས་པ་དད་པ་དང་ལྡན་རུང༌། གང་ཟག་འདི་དག་གིས་དོན་ཡོད་ཞགས་པའི་སྙིང་པོ་ཆེད་དུ་བྱས་ནས་ཞེས་པ་གཙོ་བོར་བྱས་ནས་སོ། །དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་སྨྱུང་བར་གནས་པར་བྱ་སྟེ་ཞེས་པ་ཟས་རྣམས་སྤངས་ཏེ། དེའི་ཉིན་པར་མཆིལ་མ་ཡང་མིད་པར་མི་བྱའོ། །དེའི་དུས་སུ་ངག་སྨྲ་བ་བཅད་དགོས་པས་ན། ཚིག་ཏུ་མི་བརྗོད་པར་བཟླས་ཏེ་ངག་གི་ཉེས་པ་མཐའ་དག་བྲལ་བར་འགྱུར་བས་ནའོ། །འདི་ལའང་སྦྱོར་དངོས་རྗེས་གསུམ་དུ་ལན་བདུན་བདུན་བཟླས་པར་བྱ་སྟེ། འདིའི་ཆོ་ག་རྒྱས་པར་བླ་མའི་གསུང་ལས་རྟོགས་པར་བྱའོ། །དེ་ལྟར་བྱས་པས་མཐོང་ཆོས་ལ་ཐོས་པའི་ཕན་ཡོན་ཉི་ཤུ་ཐོབ་པར་འགྱུར་ཏེ། ཞེས་པ་ནི་འདོན་པའི་དུས་ཉིད་དུའོ། །ཉི་ཤུ་གང་ཞེ་ན། ཞེས་སོགས་ལ་གསལ་བའི་ངེས་པ་བཟུང་སྟེ། ཚིག་གི་དོན་རྟོགས་པར་སླའོ། །གཞན་ཡང་ཞེས་སོགས་འཆི་བའི་ཕན་ཡོན་སྟོན་ཏེ། མཐོང་བ་འཁྲུལ་པ་མེད་དོ། །ཞེས་པ་ནས་རླུང་གི་རྣམ་པ་མེད་དོ། །ཞེས་པའི་བར་ནི་གཅིག་སྟེ། རླུང་གི་རྣམ་པ་མེད་པ་ནི་ཐུར་དུ་རྒྱུ་བའི་རླུང་སྟེ། འདི་དག་ནི་ངན་འགྲོར་འགྲོ་བའི་ལྟས་ཡིན་པས་འདི་དག་མེད་དོ། །ཞེས་པའོ། །གཞན་རྟོགས་པར་སླའོ། །ཉིན་རེ་དུས་གསུམ་དུ་ཞེས་པ་ནི། དུས་ཁྱད་པར་ཅན་ནམ། དུས་ནམ་ཡང་རུང་བ་ལའོ། །ཆང་དང་ཞེས་པ་འདི་ལ་རྣལ་འབྱོར་དུ་བྱེད་པའི་རྟེན་གྱི་གང་ཟག་གིས་དུས་རྒྱུན་དུ་སྤང་བར་བྱའོ། །དེ་ལྟ་བུ་ཕན་ཡོན་དང་ལྡན་པའི་རྟོགས་པའི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ལ་བསྟན་པས་རྫོགས་པའི་སངས་རྒྱས་སུ་འགྱུར་བ་འཐད་པ་དང་བཅས་པ་ནི། དོན་ཡོད་པ་ཞེས་སོགས་ཏེ། ཚུལ་འདི་ལ་མོས་པས་སྤྱད་ཀྱང་རུང༌། ཕན་ཡོན་ཆེན་པོ་འབྱུང་བས་ཕ་རོལ་པོ་རྟག་ཏུ་འཇུག་པ་ལ་བསྐུལ་བར་བྱ་སྟེ། དོན་ཡོད་ཞགས་པ་ཞེས་གང་གིས་ཐོས་པས་སྡིག་པའི་དྲི་མ་ཐམས་ཅད་འཇིག་པར་བྱེད་ལ། འཇིག་རྟེན་འདི་དང་ཕ་རོལ་གྱི་ཕུན་ཚོགས་ཐམས་ཅད་ཐོབ་པར་བྱེད་པ་ཅིག་ཡོད་པས། དེ་མཉན་པར་གྱིས་ཤིག་ཅེས་བརྗོད་ལ་ཉན་དུ་གཞུག་གོ །ཉན་པའི་སེམས་ཅན་དེ་དག་ལ་སློབ་དཔོན་གྱིས་དཔེ་མ་ཁྱུད་དང་གདམས་ངག་སྦ་བར་མི་བྱ་སྟེ་དེ་སྦྱིན་པར་བྱའོ། །གང་གི་ཕྱིར་སྦ་བར་མི་བྱ་ཞེ་ན། ཕྲག་དོག་དང་སེར་སྣའི་དྲི་མ་སྤངས་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །དེ་དག་གི་དྲི་མ་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པས་སྦ་བར་མི་བྱ་བའོ། །གལ་ཏེ་བྱང་ཆུབ་སེམས་དཔར་གྱུར་པ་ལ་དགོས་པ་མེད་པ་ཉིད་པས། དེ་སྦ་བར་བྱས་པ་ལ་སྐྱོན་མེད་པ་ཉིད་དོ་སྙམ་ན་མ་ཡིན་ཏེ། སེམས་ཅན་གྱི་དོན་ཆེད་དུ་སངས་རྒྱས་ཐོབ་པར་བྱེད་པ་ཉིད་ཀྱི་དགོས་པ་ཡོད་དོ། །དེ་བས་ན་དེ་ལྟ་བུའི་གང་ཟག་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་བྱ་སྟེ། བྱང་ཆུབ་རྫོགས་པའི་བྱང་ཆུབ་ཡིན་ལ། སེམས་དཔའ་ནི་རང་གི་དོན་དུ་ཐོབ་པར་འདོད་པ་མ་ཡིན་ཏེ། སེམས་ཅན་གྱི་དོན་དུ་སེམས་དཔའ་བའོ། །དགེ་འདུན་ནི་དེ་ལྟ་བུའི་གང་ཟག་དེ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །ཞེས་སྔར་ལུང་དྲངས་པ་ལྟར་རོ། །གལ་ཏེ་དེ་འབའ་ཞིག་གིས་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། སྡོང་པོ་བཀོད་པ་ལས། སྨྲ་བའི་མཆོག་ནི་གང་ཡང་རུང༌། །ཆོས་གཅིག་གིས་ནི་བྱུང་བ་མེད། །གང་ཡང་བྱུང་བ་ཡོད་མ་ཡིན། །དེ་བཞིན་འབྱུང་བར་འགྱུར་བ་མེད། །ཅེས་པས། འདི་ཐབས་འབའ་ཞིག་ཡིན་པས། རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་རོ། །སྙམ་ན་འདི་ལ་ཐབས་ཤེས་གཉིས་ཡོད་དེ། བྱང་ཆུབ་ནི་ཤེས་རབ་བོ། །སེམས་དཔའ་ནི་ཐབས་ཏེ། འདི་ལྟར་བྱང་ཆུབ་པ་ནི་རྫོགས་པའི་བྱང་ཆུབ་སྟེ། དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཡོད་མེད་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ་ཤེས་རབ་བོ། །སེམས་དཔའ་ནི་དེ་ལྟར་དོན་དམ་པར་ཅིར་ཡང་མ་གྲུབ་པར། ཀུན་རྫོབ་ཏུ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་སེམས་དཔའ་བ་ཡིན་པས་ན། དེ་གཉིས་ཀྱིས་སེམས་ཅན་གྱི་དོན་ཐོབ་སྟེ། རྫོགས་པའི་སངས་རྒྱས་སུ་འགྱུར་ཞེས་པའི་དོན་ཏོ། དེ་བས་ན་ཕན་ཡོན་ཆེན་པོ་དང་ལྡན་པའི་གཟུངས་འདི། དེ་བཞིན་གཤེགས་པའི་མདུན་དུ་རྗོད་པར་བྱེད་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་རོ། །ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཞེས་སོགས་སོ། །དེ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་མདོའི་ཆོ་ག་དང་བསྔགས་པ་བརྗོད་པས་བཅོམ་ལྡན་འདས་དགྱེས་ཏེ་མ་འོངས་པའི་སེམས་ཅན་ལ་ཕན་པར་འགྱུར་བར་དགོངས་ནས། དེ་བཞིན་གཤེགས་པས་རྗེས་སུ་ཡི་རང་ཞིང་གནང་བ་བྱིན་པ་ནི། དེ་ནས་ཞེས་སོགས་སོ། །ཕའི་བྱ་བ་ནི་གཟུངས་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་ཏེ། དེས་རྫོགས་པའི་སངས་རྒྱས་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཤོད་ཅིག་པར་རྗེས་སུ་གནང་བར་དགྱེས་ཏེ། མིག་ཕྱེ་ནས་བཤད་པ་ནི། དེ་ནས་ཞེས་སོགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ནི་འདི་ལ་རྗེས་སུ་བསྔགས་པ་བྱས་པའོ། །དེ་ལྟ་བུ་འདི་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དུ་ཡིན་ནོ། །གལ་ཏེ་དེ་ཙམ་ཞིག་གི་ཕན་ཡོན་གཞན་ལ་ཡང་འབྱུང་སྙམ་ན། མ་ཡིན་ཏེ། དེ་ནི་རྣམ་པར་ཐར་པའི་ཕྱིར་ཏེ། རྫོགས་པའི་སངས་རྒྱས་ཐོབ་ཅེས་པའི་དོན་ཏོ། དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་པའི་གཟུངས་སྔགས་དེ་གང་ཡིན་སྙམ་ན། ན་མ་སྟྲཻ་ཡཱ་དྷྭ། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་ནས་བརྩམས་ཏེ། བུདྡྷ། དྷརྨ། སཾ་གྷཱ་ཡ་སྭཱ་ཧཱ། ཞེས་པའི་བར་ཡིན་ནོ། །དེ་ལྟ་བུའི་མདོ་འདིའི་ཕན་ཡོན་དང་ཆོ་ག་ཞིབ་མོ་གཞན་ཡང་རྟོགས་པར་བྱ་ཕྱིར་བཀླགས་པས། ཞེས་སོགས་གསུངས་ཏེ། མདོ་སྡེའི་རྒྱལ་པོ་འདི་བཀླགས་པ་ཙམ་གྱི་མོད་ལའང་ལས་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །དུས་གསུམ་དུ་ཞེས་པ་ནི་གོས་གཙང་མ་གྱོན་ཏེ། དུས་གསུམ་དུ་ཁྲུས་བྱ། དཀར་གསུམ་ཟ་ཞིང་དུས་གསུམ་དུ་བཟླས་ན་མཚམས་མེད་པ་ལྔ་རྣམ་པར་དག་པར་འགྱུར་རོ། །ཨ་ཀ་རུ་ནག་པོ་དང༌། བ་ལང་གི་ལྕི་བའི་ཐལ་བ་དང༌། ཡུངས་ཀར་ཐུམ་པོ་བྱས་ལ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་མགོར་བཅིངས་ཏེ། ལན་ཉེར་གཅིག་བཟླས་ཏེ་བཅང་བར་བྱས་ན་མཚམས་བཅིང་བར་འགྱུར་རོ། །རིམས་ཐམས་ཅད་ལ་བུ་མོ་གཙང་མས་བཀལ་བའི་སྲད་བུ་དཀར་པོ་ལ་མདུད་པ་ཉེར་གཅིག་བྱས་ཏེ། ལན་ཉེར་གཅིག་བཟླས་ན་བསྲུང་བར་བྱས་པས་བྱང་བར་འགྱུར་རོ། །ནད་ཐམས་ཅད་ལ་མར་རམ་འབྲུ་མར་ལ་བཟླས་ཏེ་ཟངས་ཀྱི་སྣོད་དུ་བླུགས་ཏེ་སངས་རྒྱས་ལ་མཆོད་པ་ཕུལ་བ་སྣ་མའི་མེ་ཏོག་སྙིང་པ་དང༌། པདྨ་ཟེ་བར་བཅས་པ་བཏགས་ཏེ། ཆུ་ལ་བཙོས་པའི་ཁུ་བ་བཟའ་བ་དང༌། བཏུང་བ་དང༌། ལུས་ལ་བྱུགས་པ་དང༌། སྣ་ནས་གཏང་བར་བྱས་ཏེ་ལན་ཉེར་གཅིག་བཟླས་བརྗོད་བྱས་པས་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལུས་ལ་ཁྱབ་པའི་ནད་ལ་སྐུད་པ་སྣ་ཚོགས་ཀྱིས་ལུས་བཅིངས་ཏེ། མཚོན་ཆས་བཅད་པ་ལྟར་བྱས་ལ། དེ་ནས་སྲུང་སྐུད་གདགས་པའམ། ཡང་ན་མར་དང་སྦྲང་རྩི་ལ་ལན་ཉེར་གཅིག་བཟླས་ཏེ། ལུས་ལ་བསྐུ་ཞིང་ཚིགས་མས་དྲི་མ་དྲིལ་བས་དྲི་མ་ཕྱིན་པར་བྱས་ལ། དེ་ལས་གཟུགས་བརྙན་བྱས་ཏེ། ལན་བདུན་བཟླས་ཤིང་མཚོན་གྱིས་གཏུབས་ལ། དེ་ནས་ལུས་ལ་སྲུང་སྐུད་བཏགས་ན་ལུས་ཁྱབ་པར་ན་བ་དང༌། གཞན་གྱི་རིག་སྔགས་ཐམས་ཅད་མེད་པར་བྱེད་དོ། །ལྟོ་བ་ན་བ་ལ་ཚྭ་ཆུ་འཇམ་ཙམ་བྱས་ལ་ལན་བདུན་བཟླས་ཏེ་བྱིན་པའམ། ས་དཀར་ལ་བཟླས་ཏེ་བསྐུ་བའམ། ཆུས་ཀྱང་བྱས་ཏེ་ཞི་བར་འགྱུར་རོ། །འདིས་དུག་ཀྱང་ཞིའོ། །མིག་གི་ནད་ལ་བུ་མོ་གཙང་མས་བཀལ་བའི་སྐུད་པ་ལ་ལན་ཉེར་གཅིག་བཟླས་ཏེ་གང་ན་བ་ངོས་ཀྱི་རྣ་བ་ལ་བཅིང་བར་བྱའོ། །སོའི་ནད་ལ་ཀ་ར་བཱི་རའམ། གྲ་མའམ། པ་ལ་ཤའམ། སྣ་མའི་ཤིང་ལ་ལན་ཉེར་གཅིག་བཟླས་ཏེ་ཟོས་ན་ཞི་བར་འགྱུར་རོ། །མཚམས་བཅིང་བ་ལ་ཚོན་སྣ་ལྔའི་སྲད་བུ་མཎྜལ་གྱི་དབུས་སུ་བཞག་སྟེ་ལན་ཉེར་གཅིག་བཟླས་ཏེ་སེར་ལྡེང་གི་ཕུར་པ་སོར་བརྒྱད་པ་བཞི་ལ་བཅིངས་ཏེ། ཕྱོགས་བཞིར་བཞག་ན་གདོན་གྱིས་མི་ཚུགས་སོ། །སྲུང་བ་གང་བྱེད་ཀྱང་ཆུའམ། ཐལ་བའམ། སྲུང་སྐུད་ལ་བཟླས་པའོ། །གཟའ་ལས་བསྲུང་བ་ལའང་ཚོན་སྣ་ལྔའི་སྐུད་པ་ཉིད་ཀྱིས་སོ། །རིམས་ལ་ནི་སྔར་བཤད་དོ། །སྦྲུལ་གྱི་སོས་བཏབ་པ་ལ་སོགས་པ་རྣམས་ལ་སྦྲང་རྩི་དང་པི་པི་ལིང་ཆ་མཉམ་པར་བྱས་ལ། ལན་ཉེར་གཅིག་བཟླས་ལ་བསྐུས་ན་ཞི་བར་འགྱུར་རོ། །མིག་གི་ནད་ལ་དྲིའི་ཆུའམ། རྒྱ་སྐྱེགས་ཀྱི་ཆུའམ། སྦྲང་རྩིའམ། ཤིང་མངར་གྱི་ཆུ་ལ་ལན་བདུན་བཟླས་ཏེ་བཀྲུས་ན་རྒྱལ་བར་འགྱུར་རོ། །ཡུལ་གཞན་གྱི་རྒྱལ་པོའི་འཚོ་བ་ལ་ནི། ཡུལ་འཁོར་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་བུམ་པ་གང་བ་བཞི་ཡང་དག་པར་བཞག་ནས། གཙང་སྦྲ་དང་ལྡན་པས་གཙང་མའི་གོས་གྱོན་ཏེ་ཨ་ཀ་རུ་ནག་པོས་དབུལ་ཞིང༌། འཕགས་པ་སྤྱན་རས་གཟིགས་ལ་མཆོད་པར་བྱས་ཏེ། དོན་ཡོད་ཞགས་པའི་མདོ་འདི་མཆོད་ཅིང་བཀླགས་ན་ཕན་ཚུན་བྱམས་པའི་སེམས་སུ་འགྱུར་ཞིང༌། དེའི་ཆུས་གཏོར་ན་སེམས་ཅན་ཐམས་ཅད་ལ་འཇིགས་པ་ལས་སྐྱོབ་པའོ། །ནད་དང་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། །ཙནྡན་གྱི་ལྡེ་གུ་ལག་པ་གཡོན་པར་བླུགས་ཏེ། གཡས་པའི་སྲིན་ལག་གིས་དཀྲུགས་ཤིང༌། ལན་ཉེར་གཅིག་བཟླས་ཏེ་སྙིང་གར་བྱུགས་པ་ན་མཚམས་མེད་པ་ཟད་པར་འགྱུར་རོ། །ཞེས་རྟོག་པ་རྒྱས་པ་ལ་འབྱུང་བ་བླ་མའི་ཞལ་ལས། དཔྲལ་བར་བྱུག་གོ་གསུངས་སོ། །རྒྱུན་ཏུ་བཟླས་པས་ཁྱིམ་དུ་གནོད་པ་མི་འབྱུང་ངོ༌། །སེམས་ཅན་ཐམས་ཅད་ལ་གནོད་པ་བསྲུང་བ་ན། བ་ལང་གི་ལྕི་བས་དཀྱིལ་འཁོར་ཁྲུ་གང་བ་དཀར་པོར་བྱུགས་ལ། དེར་ཞི་བའི་ཤིང་གདུག་པ་ཅན་མ་ཡིན་པ་ལས། མེ་སྦར་ཏེ། ཨརྒའི་ཡམ་ཤིང་དབུལ་ལོ། །པདྨ་དང༌། གུ་གུལ་དང༌། ཡུངས་ཀར་བསྲེགས་ལ་སྔགས་འབའ་ཞིག་ཙམ་གྱིས་བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱིན་སྲེག་བྱའོ། །དེ་ནས་ཁྲོ་བོའི་རྒྱལ་པོའི་སྔགས་ལན་བདུན་བཟླས་སོ། །ཚུལ་དེ་ཉིད་ཀྱིས་ཙནྡན་གྱི་སྦྱིན་སྲེག་བྱས་ན་གཟའ་ལ་སོགས་པ་ལས་བསྲུང་ངོ༌། །རྒྱལ་བ་དང་རྣམ་པར་རྒྱལ་བ་ལ་སོགས་པ་ཐམས་ཅད་གང་ཡང་རུང་བ་ཡོད་པ་ལ་ཕྱེ་མ་ཞིབ་མོར་བཏགས་ཏེ་ཆར་པའི་ཆུས་སྦྲུས་ལ། ཙནྡན་དང་གུར་གུམ་སྦྱར་བའི་ཆུས་བརླན་ཏེ། བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་སྔར་ནོར་བུ་ལྟ་བུར་བྱས་ནས་ལན་ཉེར་གཅིག་བཟླས་ཏེ། ཨ་ཀ་རུའི་བདུག་པས་བདུགས་ཏེ། དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་བཞག་སྟེ། གྲིབ་མ་ལ་སྐམ་པ་བླངས་ལ་ཡང་དོན་ཞགས་ཀྱི་སྙིང་པོ་ལན་བདུན་བཟླས་ཤིང༌། ཁྲོ་བོའི་རྒྱལ་པོའང་ལན་གསུམ་བཟླས་ནས་ཟངས་ཀྱིས་དྲིལ་ལ། ནོར་བུ་ལྟ་བུར་བྱས་ན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ངོ་ཞེས་སྟོན་པ་ནི། རྒྱལ་པོ་དང་ཞེས་པ་ནས་གཟའ་རབ་ཏུ་ཞི་བར་འགྱུར། ཞེས་པའི་བར་ཡིན་ནོ། །ཐོག་ལ་སོགས་པ་ལ་ཆུ་ལ་ལན་བདུན་བཟླས་ནས་གཏོར་ན་ཞིའོ། །སྤྱིར་འདིའི་ལས་ཐམས་ཅད་ལ་ཀ་ར་བཱི་རའི་ལྕུག་པ་ལས་བྱས་པས་བསྒྲུབས་ན་འགྲུབ་པ་ནི། ཀ་ར་བཱི་རའི་ཞེས་སོགས་སོ། །མ་བསྒྲུབས་པར་ཡང་ཞེས་སོགས་ནི་བཀླགས་པ་ཙམ་ལས་ཆོ་ག་ཚུལ་བཞིན་མ་བྱས་ཀྱང་འགྲུབ་ཅེས་པའི་དོན་ཏོ། །དེ་ནས་བསྒྲུབ་པར་འདོད་ན་ཞེས་སོགས་ནི་ཚུལ་བཞིན་དུ་བསྒྲུབ་པར་འདོད་ན། སྤྱན་རས་གཟིགས་ཀྱི་བྲིས་སྐུའི་མདུན་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །བྲིས་སྐུའི་ཆོ་ག་ནི་ཚོན་སྣ་མ་ལུས་པས་ཞེས་པ་ལ་སོགས་པའོ། །བྲི་བའི་གཞི་ནི་དར་རམ་རས་བུ་མོ་གཙང་མས་བཏགས་པ་ཁ་ཚར་དང་བཅས་པ་སྐྲ་མེད་པ་ཁྲུ་གང་པའམ། དོའམ། གསུམ་པའམ། ཁྲུ་བཞི་པ་ལ་བྲིའོ། །སྣག་ཚ་ནི་ཚོན་སྣ་མ་ལུས་པ་སྟེ་གཙང་ཞིང་གཞན་གྱི་ལྷག་མ་མ་ཡིན་པ་སྣོད་གཙང་མར་བླུགས་པས་བྲིའོ། །བྲི་མཁན་ནི་གཙང་ཞིང་དེའི་བར་དུ་གསོ་སྦྱོང་ལ་གནས། ཆོས་ལ་མོས་པས་བྲི་བར་བྱའོ། །དུས་ནི་ཉ་དྲུག་གི་ཟླ་བའམ། དེ་མ་ཡིན་ཀྱང་ཟླ་བ་གང་ཡང་རུང་བའི་ཚེས་གཅིག་ནས་བརྩམས་ཏེ། བཅོ་ལྔའི་བར་གྱི་ཡར་ངོ་ལ་ཡོངས་སུ་རྫོགས་པར་བྱའོ། །རྣམ་པ་ཇི་ལྟར་བྲི་ན། དབུས་སུ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ། རི་དྭགས་ཨེ་ན་ཡ་ནི་ཀྲྀཥྚ་ས་རི་སྟེ་དེའི་པགས་པས་སྨད་དཀྲིས་པ། ཕྱུགས་བདག་གི་ཆ་ལུགས་ནི་དབང་ཕྱུག་ཆེན་པོའི་ཆ་ལུགས་ཏེ། པུས་འཁྱུད་དང་བཅས་པ། ཞབས་གཡས་པ་སྐྱིལ་ཀྲུང་ལྟར་མ་བསྐུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི། རིན་པོ་ཆེ་དུ་མས་སོ། །ཞལ་གཅིག་པ། དེའི་སྟེང་དུ་འོད་དཔག་ཏུ་མེད་པས་བརྒྱན་པ། རལ་པའི་གཡས་ཕྱོགས་སུ་ཟླ་བ་ཚེས་པས་བརྒྱན་པ། ཕྱག་གཡས་པས་མཆོག་སྦྱིན། གཡོན་པདྨ་མདོག་གསེར་གྱི་མདོག་ལྟ་བུའམ། ཡང་ན་དཀར་ཤམ་ཆེན་པོར་བྱའོ། །གདན་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བལྟའོ། །དེའི་མདུན་དུ་དོན་ཡོད་ཞགས་པ་པདྨ་དང་ཟླ་བའི་སྟེང་ན་བཞུགས་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་ཞགས་པ། གཉིས་པས་རྡོ་རྗེ། གཡོན་དང་པོས་ལྕགས་ཀྱུ། གཉིས་པས་ཕྲེང་བ། སྐུ་མདོག་དམར་པོ། སྐྱིལ་ཀྲུང་ཕྱེད་པའམ་ལངས་པས་གནས་པའོ། །རལ་པའི་ཅོད་པཎ་དང་རྒྱན་དུ་མས་བརྒྱན་པའོ། །གཡས་ཕྱོགས་སུ་པད་ཉིའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་པ། སྤྱི་བོར་རྟ་མགོ་ལྗང་གུ་ལ་རྔོག་མ་དམར་པོ་ཅན། ཞབས་གཉིས་བརྐྱང་བསྐུམ། ཕྱག་བཞིའི་གཡས་དང་པོ་ན་དབྱུག་པ། གཉིས་པ་ན་སྡིགས་མཛུབ། གཡོན་དང་པོ་ན་འཁོར་ལོ། གཉིས་པ་ན་པདྨའོ། །རྒྱབ་ཕྱོགས་སུ་པད་ཉིའི་སྟེང་དུ་རལ་གཅིག་མ་ཁྲོ་མོའི་ཆ་ལུགས་ཅན། ཁ་དོག་ནག་མོ་ཞལ་གཅིག་པ། མཆེ་བ་གཙིགས་པ། ཕྱག་བརྒྱད་མ། གཡས་བཞི་ན་རིམ་པ་བཞིན། རལ་གྲི་དང༌། ཞགས་པ་དང༌། པདྨ་དང༌། མདའོ། །གཡོན་ན་འཁོར་ལོ་དང༌། དབྱུག་པ་དང༌། རྩེ་གསུམ་དང༌། གཞུ་བསྣམས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །གཡོན་དུ་ཁྲོ་གཉེར་མ། པདྨ་དང་ཟླ་བའི་གདན་གྱི་སྟེང་ན། དཀར་ཤམ་མ་ཆེན་མོ་ཞི་བའི་ཚུལ་ཅན། ཞལ་གཅིག་ཕྱག་བཞི་མ། གཡས་ན་དབྱུག་པ་དང་པདྨ། གཡོན་ན་རིལ་བ་དང་ཕྲེང་བ་བསྣམས་པའོ། །ཡང་ཁྲོ་གཉེར་ཅན་ནི། ཕྱག་གཉིས་པ། གཡས་དབྱུག་པ། གཡོན་རིལ་བ། རལ་གཅིག་མ་ཕྱག་བཞི་པ། གཡས་རྡོ་རྗེ་དང་དགྲ་སྟྭ། གཡོན་ཐོད་པ་ཁྲག་ཅན་དང་སྡིགས་མཛུབ། གླང་པོ་ཆེའི་པགས་པས་སྟོད་གཡོགས་དང་སྨད་གཡོགས་བྱས་པ། སྦྲུལ་གྱི་རྒྱན་ཅན་ཞེས་རྟོག་པ་ལས་འབྱུང་ངོ༌། །འཕགས་པ་སྤྱན་རས་གཟིགས་ཀྱི་གཡས་ངོས་ཀྱི་སྨད་དུ་སྒྲུབ་པ་པོ་པུས་མོ་བཙུགས་པ། སྤྱན་རས་གཟིགས་ལ་བལྟ་བས་ཐལ་མོ་སྦྱར་བ། མེ་ཏོག་སྣ་ཚོགས་དང་བགྲང་ཕྲེང་ཐོགས་པ་བྲིའོ། །སྟེང་དུ་རིགས་ལྔ་དང༌། ཤཱཀྱ་ཐུབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་བྲིའོ། །ཐམས་ཅད་ཀྱང་པོ་ཏ་ལའི་རིའི་བྲག་ལ་གནས་པ། རི་དང༌། མེ་ཏོག་དང༌། ལྗོན་ཤིང་དང༌། རི་དྭགས་དང༌། བྱ་རྣམས་ཀྱིས་བརྒྱན་པ་བྲིའོ། །རིའི་སྟོད་དུ་ལྷ་དང་དྲང་སྲོང་དང༌། རིའི་སྨད་དུ་རྒྱལ་པོ་བཞི་དང་ཀླུ་རྣམས་བྲིའོ། །དེ་ལྟ་བུ་མ་ནུས་ན་ལྷ་ལྔ་དང༌། སྒྲུབ་པ་པོ་འབའ་ཞིག་བྲི་བར་བྱའོ། །དེའང་མ་ནུས་ན་འཕགས་པ་སྤྱན་རས་གཟིགས་དང༌། སྒྲུབ་པ་པོ་དོན་ཡོད་ཞགས་པ་དང་བཅས་པ་བྲིའོ། །དེ་ལྟར་བྲིས་པ་ཡོངས་སུ་རྫོགས་ནས་མཆོད་པ་རྒྱས་པས་མཆོད། མེ་ལོང་དང་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ། སྒྲུབ་ཐབས་ནས་འབྱུང་བ་བཞིན་ལྷར་བསྐྱེད། ཡེ་ཤེས་པ་གཞུག དབང་བསྐུར། མེ་ཏོག་དཀར་པོའི་ཕྲེང་བ་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ཏེ། དེ་ལ་བཏགས་ལ། རྟེན་འབྲེལ་སྙིང་པོ་དང༌། རང་རང་གི་སྙིང་པོ་བྲིས་ཏེ། དེ་ལ་མཆོད་པ་ཆེན་པོས་མཆོད། གཏོར་མ་གཏང་བ་ནི་རབ་གནས་བསྡུས་པའམ། ཡང་ན་ལུགས་གཞན་ནས་འབྱུང་བ་བཞིན་རྒྱས་པར་བྱའོ། །གཞི་དང་བྲི་བའི་སྣག་ཚ་དང༌། །རྣམ་པ་དང་ནི་རབ་གནས་ཏེ། །རྣམ་པ་དྲུག་གི་བྲིས་སྐུ་བསྟན། །དེ་ནི་འཇིག་རྟེན་དང་ལྡན་པའི་སིདྡྷི་མཐའ་དག་གི་རྟེན་བྲིས་སྐུའི་ཆོ་གའོ།།  །།ད་ནི་དེའི་སྤྱན་སྔར་དེ་ལ་བརྟེན་ཏེ་འཇིག་རྟེན་སིདྡྷི་མ་ལུས་དང༌། མཆོག་གི་སིདྡྷི་སྒྲུབ་པའི་ཐབས་སྒྲུབ་པ་ཆེན་པོའི་ཆོ་ག་ནི། དེ་ནས་ཞེས་སོགས་ཏེ། སྐུ་གཟུགས་དེ་གནས་གཙང་མར་བཀྲམ་པའི་མདུན་དུ་བ་སེར་སྐྱའི་ལྕི་བས་ཁྲུ་དོའམ་བཞི་པའི་ཚད་དུ་དཀྱིལ་འཁོར་བྱུགས་ལ། ཙནྡན་དཀར་པོ་དང༌། གླ་རྩི་དང༌། གུར་གུམ་གྱིས་ཀྱང་བྱུགས་ལ་དེ་ལ་ཐིག་གདབ་སྟེ་མཆོད་པའི་ཡོ་བྱད་ཕྱོགས་མཚམས་བརྒྱད་དུ་དགོད་པར་བྱའོ། །མེ་ཏོག་དཀར་པོ་གཅལ་དུ་བཀྲམ་ལ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་གཙང་མ་བརྒྱད་ཕྱོགས་མཚམས་བརྒྱད་དུ་གཞག་གོ །ཉེ་བར་སྤྱོད་པ་བརྒྱད་ནི་ལྷ་བཤོས་རྒྱུ་མི་འདྲ་བ་ལས་བྱས་པ་བརྒྱད་དོ། །ཉེ་བར་མཁོ་བ་དྲུག་ཅུ་རྩ་བཞི། ཟས་སྣ་མི་འདྲ་བ་དྲུག་ཅུ་རྩ་བཞིའོ། །ཞེས་བླ་མས་དེ་ཙམ་ལས་མི་གསུང་ངོ༌། །རྟོག་པ་ཆེན་པོ་ལས་ཉེ་བར་སྤྱོད་པ་བརྒྱད་ལ། འོ་ཐུག སྦྱར་ཐུག ཁ་ཌ། ཁ་བྱ། འབྲས་ཆན། ལག་པན། བུ་རམ། ཤ་ཁ་ར། ཞུན་མར་རྣམས་སོ། །ཉེ་བར་མཁོ་བ་དྲུག་ཅུ་རྩ་བཞི་ནི། མེ་ཏོག་དང་བདུག་སྤོས་ལ་སོགས་པའི་མཆོད་པ་དྲུག་ཅུ་རྩ་བཞི་པོ་ཞེས་རྒྱས་པར་འབྱུང་ངོ༌། །གཏོར་མ་ནི་ཁྲག་མེད་པའི་ཟས་མ་འབགས་པ་དང༌། ཆང་བུ་མ་ཡིན་པའོ། །དེའི་མདུན་དུ་བདུག་པ་ནི་ཨ་ཀ་རུ་ནག་པོའོ། །དེ་ནས་ཚེས་གཅིག་ནས་བཅོ་ལྔའི་བར་དུ་དེ་བཞིན་དུ་བྱ་ཞིང་གཟུངས་ནུས་ཚད་ཆོ་ག་ཇི་ལྟ་བ་བཞིན་དུ་བཟླས་སོ། །དེ་ནས་མཆོད་པ་དེ་ལྟ་བུ་བྱས་ལ། རྟོག་པ་ཆེན་པོ་ལས་ཚིག་ཏུ་མི་བརྗོད་པར་སྟོང་ཕྲག་བརྒྱད་བཟླས་ཞེས་འབྱུང༌། བླ་མ་ནི་ཚིག་ཏུ་མི་བརྗོད་པའི་ཁ་བསྐང་མི་གསུང་ངོ༌། །ཉིན་ཞག་གཅིག་ཏུ་སྨྱུང་བ་ནི་ཆུ་ཡང་མི་འཐུང་བར་ཟློས་པ་སྟེ། དེ་ནི་མི་མང་པོས་བྱེད་པའི་ལུགས་ཡིན་གསུངས་སོ། །དཀར་གསུམ་ཟ་ཞིང་ཟློས་པ་ནི། རང་ཉིད་ཀྱིས་དེའི་བར་ལ་བཟའ་རྒྱུ་དཀར་གསུམ་ཟ་བའོ། །དེ་དག་གི་བར་དུ་ཞག་རེ་ལ་གྲུབ་ན་མཆོད་པ་བརྗེའོ། །དེ་ལྟར་བྱས་པའི་རྗེས་ལ་སྐུ་གཟུགས་ཀྱི་མདུན་དུ་རང་ཉིད་བྲིས་པ་ལ་བལྟས་པས། མཐོང་བ་དང་དགའ་བ་སྐྱེས་ན་གྲུབ་པའི་རྟགས་ཡིན་ནོ། །རྟགས་དེ་བྱུང་ན་འཕགས་པ་མངོན་སུམ་དུ་བྱོན་ནས། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་ནས་ལྡོང་རོས་སམ། མིག་སྨན་ནི་པྲེ་ཏ་ཨཉྪ་ཞེས་པ་རྣ་བའི་མིག་སྨན་ཞེས་བྱ་བའི་སྨན་དེ་རྣ་བ་ལ་བརླན་པས་མིག་ལ་རི་མོ་ནག་བྲེང་བ་འོང་བས་ན། དེས་མིག་ཤིན་ཏུ་གསལ་བར་འགྱུར་བ་ཞིག་ཡོད་པའོ། །དེ་མ་རྙེད་ན་ལོ་ཙཱ་བ་རིན་ཆེན་བཟང་པོ་ན་རེ། གསེར་རྡོ་སྨུག་པོ་ལའང་བཏུབ་གསུངས་སོ། །དེ་ལྟ་བུ་དེ་ལ་ལན་ཉེར་གཅིག་བཟླས་ཏེ། མིག་ལ་བྱུགས་པ་ཙམ་གྱིས་མི་སྣང་བ་དང༌། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །གཞན་ཡང་ཡང་དག་པར་རྨོངས་པ་མེད་པའི་ཚོགས་ཞེས་བྱ་བ་ནི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་རྨོངས་པ་མེད་པར་འགྱུར་བ་ཡིན་ནོ། །སྒྲུབ་པ་པོ་གང་འདོད་པ་དེ་འདིས་བྱེད་པ་ནི་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། མཆོག་གི་སིདྡྷི་ཡང་འདི་ལས་འབྱུང་ངོ་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཞེས་པ་ནི་འཕགས་པས་བཤད་ཀྱང༌། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི། དེ་དག་ཞེས་པའི་བར་གྱིས་འདས་པའི་འཁོར་རོ། །གནས་གཙང་མ་ཞེས་པ་ནི་འཇིག་རྟེན་པའི་འཁོར་ཏེ། ལྷ་ནི་སུ་ར་ཞེས་པ་ཆང་དང་ལྡན་པ་སྟེ་བདུད་རྩི་སྤྱོད་ཅིང་ཞེས་པའི་དོན་ཏོ། །ལྷ་མ་ཡིན་ནི་ཨ་སུ་ར་སྟེ་བདུད་རྩི་མེད་པ་སྟེ། དེ་དག་ཐམས་ཅད་ཀྱི་བསྟོད་པ་སྟེ། དེ་ནི་ཆོས་བསྟན་པ་ལ་འཁོར་རྣམས་ཀྱི་རྗེས་སུ་ཡི་རང་བའི་མདོ་སྟེ། འདི་ཡང་ཆོས་ཡང་དག་པར་སྡུད་པ་ལས། མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་ཚིག་ཆུག་ཅིག་ཅེས་གསུངས་པས་རྗེས་སུ་གནང་བའི་བཀའ་འོ། །འཕགས་པ་ནི་སྡིག་ཏོ་མི་དགེ་བའི་ཆོས་ལས་སོ། །དོན་ཡོད་པ་ནི་བཀླགས་པ་ཙམ་མམ། གཡོ་སོགས་སྦྱོར་བ་བྱས་པ་ཐམས་ཅད་ལ་འབྲས་བུ་བསྐྱེད་པས་སོ། །ཞགས་པ་སྡུག་བསྔལ་ལས་འགྲོ་བ་འདྲེན་པས་སོ། །ཁ་ཅིག་དོན་ཡོད་ཞགས་པ་སྡུག་བསྔལ་འདྲེན། །ཞེས་པ་འཇིག་རྟེན་ཕ་རོལ་ཏུ་སྡུག་བསྔལ་དྲག་པོ་བསྐྱེད་པ་འདིར་ཆུང་ངུར་འདྲེན་པའོ་ཟེར་ཏེ། དེ་ལ་ངེས་པ་མ་མཐོང་ངོ༌། །སྙིང་པོ་ནི་འདིའི་གཟུངས་སྔགས་སོ། །ཐེག་པ་ཆེན་པོ་ནི་བྱང་སེམས་རྣམས་ཀྱིས་བརྟེན་པའི་མའོ། །མདོ་ནི་སངས་རྒྱས་ཀྱི་བཀའ་འོ། །བློ་གྲོས་བསྲུང་བ་གྲགས་པའི་སྙིང་པོ་ཡི། །མཐའ་ཅན་བློ་གསལ་བརྩེ་ལྡན་དེ་དག་ལས། །ལེགས་བརྒྱུད་བདུད་རྩི་དུག་ཆུ་དང་བྲལ་བ། །ཉེས་ཚོགས་དུཿཁ་ཀུན་སེལ་གསུང་རབ་མཆོག །རྒྱལ་སྲས་དཔལ་ལྡན་བླ་མ་དེ་ཡི་གསུང་གིས་ཅུང་ཟད་རྟོགས་གྱུར་ནས། །དོན་ཡོད་རྒྱལ་པོའི་རྣམ་བཤད་རིན་ཆེན་ཕྲེང་བ་འདི་ནི་བསོད་ནམས་རྩེ། །བདག་གི་གཞན་ཕན་བློ་ཡིས་བྱས་ལ་དགེ་བ་དྲི་མེད་གང་བསགས་པ། །དེས་ནི་འགྲོ་ཀུན་རྫོགས་སངས་གོ་འཕང་ཐོབ་པར་བྱེད་འགྱུར་ཤོག །རྟོག་པ་ཕྱི་མ་ལས། བླ་མའི་གསུང་ལ་ཅུང་ཟད་མི་གསལ་བ། ཡོ་བྱད་ཀྱི་ངོས་གཟུང་བ་མི་གསལ་བ་འགའ་ཞིག་རྟོག་པ་ཆེན་པོ་ལས་མཐོང་སྟེ་བྲིས་པ་ཡིན་ནོ། །དོན་ཡོད་ཞགས་པའི་མདོའི་རྣམ་བཤད་རིན་ཆེན་ཕྲེང་བ་ཞེས་བྱ་བ་དཔལ་བརྩེ་བ་ཆེན་པོ་དང་ལྡན་པའི་སྙིང་པོའི་མཐའ་ཅན་གྱི་ཞབས་ཀྱི་པདྨོ་རྙོག་པ་མེད་པ་ལ་གཏུགས་པའི་དགེ་བསྙེན་བསོད་ནམས་རྩེ་མོས་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*