ལྷ་ལྔའི་བསྟོད་པ།

༼ཅ༽

༄༅། །ལྷ་ལྔའི་བསྟོད་པ་བཞུགས།།

༄༅། །སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ལ། །ཐུགས་རྗེའི་ཆུ་རྒྱུན་བསིལ་བས་ཞི་མཛད་ཅིང༌། །རང་བཞིན་བདེ་ལྡན་གནས་སུ་འདྲེན་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་ཞགས་པས་འགྲོ་ཀུན་གྱི། །གནོད་པ་ངེས་བསལ་བདེ་ལ་འགོད་མཛད་ཅིང༌། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །དོན་ཡོད་ཞགས་པར་གྲགས་ལ་ཕྱག་འཚལ་ལོ། །མ་ཆགས་པདྨ་རིགས་ཀྱི་རྣམ་པ་ཅན། །ཀླུ་རྒྱལ་ཚུལ་གྱིས་གདུག་པ་འདུལ་མཛད་པ། །དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲོ་རྒྱལ་རྟ་མགྲིན་དེ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་སྤྲོས་བྲལ་རོ་གཅིག་མངོན་གྱུར་ཚུལ། །རལ་པ་གཅིག་འཕྱང་ལྷ་མོའི་སྐུར་སྟོན་ཅིང༌། །བགེགས་ཚོགས་འདུལ་ཕྱིར་ཁྲོ་མོའི་ཆ་ལུགས་འཆང༌། །རལ་བ་གཅིག་མ་དེ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཡོན་ཏན་གཞིར་གྱུར་ཅིང༌། །སྐལ་ལྡན་རྗེས་མཐུན་གཞན་དོན་སྒྲུབ་མཛད་མ། །བཀའ་བཞིན་ཉན་པར་བྱེད་པའི་ལྷ་མོ་སྟེ། །ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་བསྟོད། །ལྷ་ལྔའི་བསྟོད་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*