༧ ས་སྐྱ་ཕུན་ཚོགས་ཕོ་བྲང་མཆོག་གི་རྣམ་ཐར།

༄༅། ། སྐྱབས་མགོན་༧གོང་མ་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་རྣམ་ཐར་མདོར་བསྡུས་དད་པའི་ས་བོན་བཞུགས།

འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་༡༩༢༩དང་། རབ་བྱུང་༡༦པའི་ས་སྦྲུལ་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ཉིན་ཡབ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་མཆོག་དང་། ཡུམ་བདག་མོ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ལ་སོན་དུས་ཡོངས་འཛིན་ལྷ་ཆེན་མཁན་རབས་ཞེ་གསུམ་པ་སངས་རྒྱས་རིན་ཆེན་ལགས་ནས་ཆོས་ཀྱི་མ་མོ་ཐོག་མར་བསླབས་པ་ནས། རྩ་རྒྱུད་བརྟག་གཉིས་དང་། གསང་བ་འདུས་པ། འཇིགས་བྱེད། བདེ་མཆོག་རྣམས་ཀྱི་དཀྱིལ་ཆོག ཀྱཻ་རྡོར་དང་བདག་མེད་མ་སོ་སོའི་སྒྲུབ་དཀྱིལ། རྡོ་རྗེ་ཕུར་པ་བཀའ་གཏེར་དག་སྣང་གསུམ་ལས་བཀའ་མ་ས་ལུགས་ཀྱི་སྒྲུབ་དཀྱིལ། ན་རོ་མཁའ་སྤྱོད་མའི་སྒྲུབ་དཀྱིལ་ཏེ་སྔགས་བླ་མེད་ཀྱི་སྐོར། རྣལ་འབྱོར་རྒྱུད་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒྲུབ་དཀྱིལ། སྤྱོད་རྒྱུད་དང་བྱ་རྒྱུད་ཐུན་མོང་དུ་རིགས་གསུམ་སྤྱིའི་དཀྱིལ་ཆོག་དང༌། མགོན་པོ་ཚེ་དཔག་མེད་ལྷ་དགུའི་སྒྲུབ་དཀྱིལ་བཅས། ཆོས་སྤྱོད་རབ་གསལ་ཁོངས།གཏོར་བསྔོ་བསྐང་གསོ་བསྔོ་བའི་བསྟན་བཅོས་རྣམས་ཐུགས་འཛིན་གྱིས་དགོན་པའི་སྒྲིག་རྒྱུགས་བྱས་པས་ཚེགས་མེད་མཁྱེན། དེ་ནས་སློབ་དཔོན་ཤཱཀྱ་ལགས་ཀྱི་མདུན་ནས་མཁས་གྲུབ་གོང་མའི་ཕྱག་བཞེས་ལྟར། དཀྱིལ་འཁོར་བྲི་ཐིགཆོ་གའི་ཕྱག་རྒྱ། འདོན་གདངས་དབྱངས། རྔ་རོལ་ཚིགས། ཕུར་པའི་རྩ་འཆམ། གཏོར་བཟོ་བཅས་ལ་སློབ་བརྩོན་དང༌། ས་གཞུང་དྲུང་ཡིག་བློ་བདེ་ཁང་གསར་དབང་བདུད་ལགས་ཀྱི་མདུན་ནས།བོད་ཡིག་བྲི་རྒྱུན་སྦྱོང་ཤིང་སྟེང་ཐོག་མར་སྦྱངས། དེ་ནས་ཤོག་བུའི་སྟེང་རིམ་པར་སྦྱངས། གོང་གི་དགེ་རྒན་རྣམ་གཉིས་ལོ་ངོ་བཅུ་བཞིའི་བར་བསྟེན་ཏེ། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མནོས། ཡབ་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་མཐུ་སྟོབས་དབང་ཕྱུག་དྲག་ཤུལ་ཡོན་ཏན་རྒྱ་མཚོ་མཆོག་ལས་སྔ་ཕྱི་བར་གསུམ་དུ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཀྱི་དབང་ལུང་ཁྲིད་གསུམ་དང༌། འཁོན་ལུགས་རྡོ་རྗེ་ཕུར་པའི་དབང་རྗེས་གནང༌སོགས་གསན་བསམ་རྒྱ་ཆེར་མཛད། མཚན་ལ་ཡབ་རྗེ་༧ཁྲི་ཆེན་རྡོ་རྗེ་འཆང་ནས་ཐོག་མར་གནང་བའི་མཚན་ངག་དབང་ཀུན་དབང་བསོད་ནམས་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སྨིན་གྲོལ་འཆད་སྤེལ་གྱིས་བསྟན་པའི་བྱ་བ་གནང་བའི་མཚན་ལ་ངག་དབང་ཀུན་དགའ་བསོད་ནམས་འཇིགས་བྲལ་དབང་ཆེན་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་གསོལ། ཁོང་ནི་ངོར་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཁག་བཞིའི་ནང་ཚན་ཤར་པ་ཀླུ་ལྡིང་བླ་བྲང་གི་མཁན་པོ་ཤར་ཆེན་འཇམ་དབྱངས་ཆོས་ཀྱི་ཉི་མ་ཞེས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་ཡང་སྲིད་འཁྲུལ་མེད་ཡིན་པར་ངོས་འཛིན་གནང་། ཁོང་སྐུ་གོང་མའི་ལོ་རྒྱུས་མདོར་ཙམ་བརྗོད་ན། ས་སྐྱ་གོང་མ་ཕྱོགས་ཀྱི་གླང་པོ་དེ་ཉིད་ཁམས་ཕྱོགས་སུ་ཕེབས་ཏེ་ལོ་མང་བཞུགས་རྗེས་སུ་ཏྲེ་ཧོར་གླང་ནག་དགོན་དུ་ཞབས་སོར་འཁོད། དེ་དུས་ངོར་ཤར་ཆེན་ཀླུ་ལྡིང་མཁན་པོ་སྡེ་དགེ་ཡིད་ལྷུང་ལྷ་རྒྱལ་དགོན་དུ་བཞུགས་ཡོད་པས་ཉིན་གཅིག་གོང་མ་ཕྱོགས་ཀྱི་གླང་པོས་ཏྲེ་ཧོར་གླང་ནག་དགོན་ནས་བང་མི་ཆེད་བཏང་ཐོག་ཕྱག་བྲིས་གནང་བའི་ནང་གསལ། ངོས་རང་ཚེའི་འདུ་བྱེད་ཡུན་རིང་གནས་པའི་ངེས་པ་མེད་ཅིང༌། མཁན་ཆེན་ཁྱེད་ཀྱིས་གསང་ཡུམ་མཚན་ལྡན་ཞིག་བཞེས་ན་དེའི་སྲས་སུ་ང་རང་འབྱོན་རྒྱུའི་བསམ་བློ་ཡོད་ན་དེ་ལུགས་དགོངས་པར་མངའ་བ་ཞུ་དགོས་གསུངས་ཡོད་འདུག་ཅིང༌། ཀླུ་ལྡིང་མཁན་རིན་པོ་ཆེ་ནས་ཕྱི་ཉིན་ཞབས་གྲྭ་བང་མི་ཞུ་རྒྱུ། རྟེན་རྒྱ་དངུལ་རྡིལ་ཚད་གཅིགགཟིག་ལྤགས་སྤུས་ལྡན་བཅས་ཆེད་གཏོང་མཛད་ཅིང༌། ཞུ་རྒྱུའི་ནང་གསལ་བསྟན་འགྲོའི་མགོན་དུ་གོང་མ་རིན་པོ་ཆེ་ཞིང་འདིར་ཞབས་པད་བསྐལ་བརྒྱར་འཚོ་ཞིང་བཞུགས་ཐུབ་པར་གསོལ་བ་སྙིང་ནས་འདེབས་པ་དང༌། གུས་པའང་བགྲང་བྱ་སྨིན་ཤས་ཆེ་བ་དང༌། རྟེན་རབ་བྱུང༌། ད་བར་ངོར་པའི་མཁན་རབས་རིམ་བྱོན་ལ་གསང་ཡུམ་བཞེས་པའི་ཕྱག་སྲོལ་ཡེ་ནས་མེད་པས་གང་གི་བཀའ་དགོངས་ཁྲོལ་ཐུབ་པའི་ཞུ་འབུལ་གྱི་བང་གྲྭ་ཤར་བསྐྱོད་ཀྱིས་སྡེ་དགེ་དང་ཏྲེ་ཧོར་བར་འདམ་རྒྱང་ལྷས་ནག་ལར་ཟེར་བ་རུ་སླེབས་སྐབས། ས་གཡོ་ཆེན་པོ་ཞིག་བརྒྱབས་ཀྱང་བང་མི་ལ་སྐྱོན་མ་བྱུང་བར་ཕྱིན་པས། གླང་ནག་དགོན་དུ་འབྱོར་དུས་གོང་མ་རིན་པོ་ཆེ་ཁང་རྡིབ་འོག་ཞིང་གཞན་དུ་གཤེགས་ཟིན་པས་ཞུ་ཕྲིན་རྟེན་བཅས་འབུལ་ཡུལ་བྲལ་ཏེ་ཕྱིར་མཁན་ཆེན་གྱི་མདུན་དུ་འབྱོར།མཁན་ཆེན་ཐུགས་སྐྱོ་བའི་ངང་ནས་གོང་མ་རིན་པོ་ཆེའི་བཀའ་བཟློག་མ་ནུས་པར། སྡེ་དགེ་ཆོས་རྒྱལ་ཆེན་པོས་བློན་ཆེན་གཉེར་མདུན་སོ་བརྒྱད་ཡོད་པའི་ནང་ཚན་རིགས་རུས་གཙང་ཞིང་མི་ཐམས་ཅད་རྒྱུ་འབྲས་རྩི་བ། མི་སེར་ལ་བྱམས་པ། ཆོས་སྲིད་གཉིས་ལ་ཤེས་ཡོན་བཀྲ་བ། ཧོ་ཆོ་ཚང་ཞེས་པའི་བུ་མོ་རིན་ཆེན་ཆོས་མཚོ་དེ་ཉིད་མཁན་ཆེན་གྱི་གསང་ཡུམ་དུ་བཞེས་ཏེ། དེའི་སྲས་སུ་འཁྲུངས་པས་མཚན་ལ་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་ཞེས་གསོལ། ཁོང་ནི་མདོ་སྔགས་རིག་གནས་ལ་མཁས་པ་ཐུགས་དམ་ཀུན་སྤྱོད་གཙང་ཞིང་ཚུལ་ཁྲིམས་ཀྱི་དྲི་བཟང་འཐུལ་བ། མཐུ་སྟོབས་ཀྱི་བདག་ཉིད་ལ་བརྟེན་ཐ་ན་ཕྱག་གི་མདུད་པ་རེས་ཀྱང་མཚོན་ཆ་བསྲུང་བ་དང༌། ཕྱག་ཞབས་ཀྱི་དབང་ཙམ་གྱིས་ཀྱང་ནད་གདོན་ལས་གྲོལ་བ་སོགས་མདོར་ན་མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི་བདག་ཉིད་ཆེན་པོས་གྲུབ་པའི་མཚན་མར་སྲ་ཞིང་མཁྲེགས་པའི་བྲག་ངོས་རྣམས་སུ་ཕྱག་ཞབས་ཀྱི་རྗེས་དང་། སྒྲུབ་ཁང་གི་སྒོ་ཁར་ཆུ་གཏེར་བཞེས་ཤིང་། དེ་ལས་ཆུ་མང་པོ་བླངས་ཀྱང་ཉུང་དུ་མི་འགྲོ་ཞིང་། མ་བླངས་ཀྱང་མང་དུ་མི་འགྲོ་བའི་ངོ་མཚར་དང་། སྐྱེ་བོ་གཅོང་ནད་ཅན་དག་གིས་ཆུ་དེ་འཐུང་བ་དང་། འཕྱར་བ་སོགས་བགྱིས་པས་ནད་ལས་ཐར་བའི་ལོ་རྒྱུས་མང་། ཡིད་ལྷུང་ལྷ་མཚོ་ཆེན་མོར་འཁོར་ལོ་བདེ་མཆོག་གི་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་པ་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་གཟིགས། ངོར་དུ་ཁྲི་འཛིན་ལ་ཕེབས་ཉེ་དུས་སློབ་མ་རྣམས་ཀྱིས་མྱ་ངན་བྱས་པར། སྒྲུབ་གནས་རབ་གསལ་གྱི་ཉེ་འགྲམ་བྲག་རིའི་ངོས་སུ་ཤིང་གི་ཕུར་པ་ཞིག་བཏབ་སྟེ།བཀའ་ལས། ཁྱོད་ཚོས་མྱ་ངན་མ་བགྱིད་དང་། ཤིང་ཕུར་འདི་ལས་མི་རིང་བར་ལྗོན་ཤིང་གི་སྡོང་པོ་ཞིག་སྐྱེ་ཡོང་ཞིང་། ཤིང་གི་རྩེ་མོ་ཁང་པའི་བད་དང་མཉམ་པར་གྱུར་དུས་ཕྱིར་སླེབ་ངེས་བྱེད་ཡོང་གསུངས། དེ་ནས་ངོར་དུ་ཁྲི་འཛིན་ལ་ཕེབས་ཏེ་ལོ་གཉིས་སོང་མཚམས་རྗེ་ཉིད་ཞིང་གཞན་དུ་བརྗེས་པར། ཞལ་སློབ་རྣམས་ཀྱིས་བླ་མའི་ལུང་བསྟན་ལ་ཐེ་ཚོམ་བྱས་ཀྱང་། ཡང་སྲིད་རིན་པོ་ཆེ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག་དགུང་ལོ་ཉི་ཤུ་རྩ་བཞི་ལ་ཕེབས་དུས་མདོ་སྨད་དུ་ཆིབས་ཁ་བསྒྱུར་ནས། གོང་མའི་སྒྲུབ་གནས་འཆི་མེད་བསམ་གཏན་གྲུབ་པའི་གཟིམས་ཁང་དུ་ཕེབས་དུས་ཤིང་ཕུར་ལས་ལྗོན་ཤིང་ཤིན་ཏུ་རྒྱས་པའི་རྩེ་མོ་སྒྲུབ་ཁང་གི་བད་དང་མཉམ་པ་བྱུང་བས་ཐམས་ཅད་ཀྱིས་བླ་མའི་ལུང་བསྟན་ལ་ནམ་ཡང་མི་བསླུ་བའི་ངེས་ཤེས་བརྟན་པོར་རྙེད་པ་དང་། རྗེ་ཉིད་ཀྱིས་རྫ་གླང་ཡག་དགོན་གྱི་སྤྲུལ་སྐུ་འཇམ་དབྱངས་དགེ་ལེགས་ཆོས་འཕེལ་ལ་ཡིག་བརྒྱ་དུང་འཁོར་ཞིག་བཞེངས་དང་རབ་གནས་བྱེད་ལ་ང་སླེབ་ཡོང་གསུངས་ནས་བོད་དུ་ཕེབས། དུང་འཁོར་བཞེངས་གྲུབ་པ་དང་ཡང་སྤྲུལ་རིན་པོ་ཆེ་ངག་དབང་ཀུན་དགའ་བསོད་ནམས་ཕེབས་གྲུབ་སྟེ་རབ་གནས་དང་དགོན་པར་མཆོད་འབུལ་གནང་བ་སོགས་དུས་གསུམ་ཐོགས་མེད་དུ་གཟིགས་པའི་མཁྱེན་པའི་ཡེ་ཤེས་མངའ་བའི་རྣམ་ཐར་དུ་མ་མཆིས་སོ།།སྐུ་གོང་མའི་གདན་ས་མདོ་ཁམས་སྡེ་དགེ་ཡིད་ལྷུང་ལྷ་རྒྱལ་དགོན་གྱིས་སྔ་ཕྱི་ལན་གྲངས་དུ་མར་གདན་ཞུས་ཀྱིས་ཕྱི་ལོ་༡༩༥༡རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་འབྲུག་ལོའི་ཟླ་བ་བདུན་པའི་ཚེས་༡ཉིན་ས་སྐྱ་ནས་ཐོན་ཏེ་ཁམས་ཕྱོགས་སུ་ཕེབས། བྱོན་ལམ་ནས་ཕྱི་ལོ་༡༩༥༢ཆུ་མོ་སྦྲུལ་ལོའི་ཟླ་བ་དང་པོའི་ཚེས་བཅུ་བཞི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། གྲའུ་དཔོན་དང༌། དགོན་པ་ཁག་གི་བླ་སྤྲུལ། དགེ་འདུན། དཔོན་སྡེ་ཁགསྐྱེ་དགོན་དགེ་འདུན་རྣམས་ཀྱིས་སྤོས་སྣེ་སོགས་ཀྱི་སེར་སྦྲེང་དང་བཅས་ཏེ་བསུ་བ་གཟབ་རྒྱས་དང་འབྲེལ་སྐྱེ་དགོན་དོན་གྲུབ་གླིང་གི་ཚོགས་ཆེན་འདུ་ཁང་དུ་ཁྲིར་འཁོད། དེ་ཕྱོགས་ཀྱི་དགོན་སྡེ་སྒ་ཁྲི་འདུ། ནང་ཆེན། སེར་ཤུལ་དཔོན། ལྕང་མ་རི་ཁྲོད། རྫོགས་ཆེན་དགོན་སོགས་རིས་མེད་ཆོས་སྡེ་ཁག་གིས་གདན་ཞུས་ལྟར་ཕེབས་བསུ་སྣེ་ལེན་ཟབ་རྒྱས་དང་དབང་ལུང་རབ་གནས་བཅས་སོ་སོའི་རེ་འདོད་གནང་ནས། ཕྱི་ལོ་༡༩༥༣ཤིང་ཕོ་རྟ་ལོའི་ཟླ་བཞི་པའི་ཚེས་༧ཉིན་ཡིད་ལྷུང་ལྷ་རྒྱལ་དགོན་དུ་ཕེབས་བསུ་རྒྱ་ཆེན་གྱིས་དགོན་དེའི་སྐུ་གོང་མའི་གདན་སའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་རྒྱས་སྤྲོས་ཉིན་གསུམ་ལ་གནང་ནས་དགོན་དེར་སྔ་རྗེས་ལོ་ལྔ་ལྷག་ཙམ་རིང་བཞུགས། དབང་ལུང་སོགས་ཟབ་རྒྱས་གནང་། དེ་སྐབས་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སྐུ་མདུན་དུ་སྔ་རྗེས་ལོ་གཅིག་ལྷག་ཙམ་རིང་ལམ་འབྲས་སློབ་བཤད། སྒྲུབ་ཐབས་ཀུན་བཏུས་སོགས་དབང་ལུང་རྒྱ་ཆེན་པོ་མནོས་ནས་སླར་ཡང་ཡིད་ལྷུང་ལྷ་རྒྱལ་དགོན་དུ་ཕྱིར་ཕེབས་ཏེ།དགོན་འདིའི་བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཤིང་ལུག་ཟླ་བ་བདུན་པའི་ཚེས་བཅུ་གཅིག་ལ་ཡིད་ལྷུང་ལྷ་རྒྱལ་དགོན་དུ་འཁོན་གདུང་ཨ་ནནྡ་བཛྲ་འཁྲུངས། དགོན་དེར་༧སྐྱབས་མགོན་དིལ་མགོ་མཁྱེན་བརྩེ་རྡོ་རྗེ་འཆང་བཀྲིས་དཔལ་འབྱོར་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གདན་འདྲེན་ཞུས་ཏེ་གདམས་ངག་མཛོད་གསུངས་པར་ཡོངས་རྫོགས་གསན། སྡེ་དགེ་རྒྱལ་པོ་དང་དགོན་ཆེན་དགོན་པའི་གདན་ཞུས་ལྟར་ཕེབས་ཏེ་དགེ་འདུན་པ་བརྒྱ་ཕྲག་མང་པོ་དང་མི་སེར་སྟོང་ཕྲག་ཁ་ཤས་ལ་རྡོ་རྗེ་ཕུར་པའི་དབང་ལུང་དང་། དགོན་པའི་རྟེན་གསུམ་དང་། པར་ཁང་བཅས་ལ་རབ་གནས་བསྐང་གསོ་འཕྲིན་བཅོལ་སོགས་གནང་། མི་ཉག་དཔལ་ལྷ་སྒང་དུ་དགེ་འདུན་སྟོང་ཕྲག་གསུམ་ཙམ་དང་མི་སེར་གྲངས་ལས་འདས་པར་དཔལ་ས་སྐྱའི་ཟབ་ཆོས་ལམ་འབྲས་ཀྱི་བཀའ་དབང་སོགས་གནང་། ཡིད་ལྷུང་བྱ་རྒོད་ཚང་གི་དབུས་མཆོད་གནས་སུ་བཀུར་ཏེ་གེ་མཛོའི་བསང་མཆོད་ཀྱི་བླ་མ་མཛད་པས། གེ་མཛོའི་ཀླད་ཐོག་ནས་འབྲུག་ལངས་པ་དང་། རྔ་བར་སྣང་དུ་འཇོག་པ་སོགས་གྲུབ་རྟགས་མང་པོ་བསྟན་པ་དེར་ཡོད་ཀུན་གྱིས་མཇལ། ཡང་སྡོང་སོང་ས་སྐྱའི་དགོན་དུ་ཕེབས་པའི་སྐབས་མགོན་པོ་གུར་གྱི་བསྐང་གསོ་འཕྲིན་བཅོལ་གནང་སྐབས་ཤིག་ན། མི་བཅུ་ཕྲག་བསད་པའི་ཁྲག་གིས་གོས་པའི་གྲི་རིང་ཞིག་སྡིག་གཅོད་ཀྱི་ཚུལ་དུ་ཕུལ་བས། ཁྱོད་ཀྱིས་སྡིག་པ་ཆེན་པོ་བསགས་པའི་གྲི་འདིས་ང་ལ་ཅི་བྱེད་གསུང་བཞིན་འདུས་པ་ཆེན་པོའི་དཀྱིལ་དུ་གྲི་དེར་མདུད་པ་བརྒྱབ་པ་ད་ལྟ་གྲའུ་དཔོན་ཚང་གི་རྟེན་སྒམ་ནང་བཞུགས་ཡོད། རིན་པོ་ཆེ་མཆོག་སེར་ཤུལ་དགོན་ཕེབས་སྐབས། རྙིང་མའི་མཁན་པོ་པདྨ་ཚེ་དབང་དང༌། གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་ཀྱི་ཐུན་མིན་བླ་མ་བ་ཐུལ་ཐུབ་དགའ་འམ། ཡོངས་གྲགས་སུ་ཐུབ་དགའ་ཡིད་བཞིན་ནོར་བུ་ཞེས་ཞུ་བའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆེན་པོ་ཞིག་གཡག་ཅིག་ལ་བཅིབས་ཏེ་མཁན་པོ་རྣམ་གཉིས་སོགས་ཞབས་ཞུ་དང་བཅས་བདག་ཆེན་རིན་པོ་ཆེ་གདན་འདྲེན་མཇལ་ཁར་ལ་ཕེབས་ཤིང༌། ནམ་རྒྱུན་བླ་མ་ཐུབ་དགའ་ནས་འབྲོག་པའི་པགས་སློག་ཅིག་བཞེས་ཏེ་ཆེ་ཉམས་དྲེགས་ཉམས་རྩ་བ་ནས་མེད་ཀྱང༌། ཁོང་ཕེབས་མ་ཐག་བདག་ཆེན་རིན་པོ་ཆེ་མཆོག་ལམ་སེང་བཞུགས་ཁྲིའི་སྟེང་ནས་སྐུ་བཞེངས་གནང་འདུག་པས། བླ་མ་ཐུབ་དགའ་ནས་༧གོང་མ་བདག་ཆེན་རིན་པོ་ཆེ་ལ་སྐུ་ཕྱག་འཚལ་བ་དང་།བར་སྐབས་ཤིག་ལ་མཁན་པོ་ཐུབ་དགའ་སྙུང་གཞི་ཚབ་ཆེན་བྱུང་སྐབས་སློབ་མ་རྣམས་ཀྱིས་རིམ་གྲོ་རྒྱ་ཆེར་ཞུས་ནས་ད་བླ་མ་བཞུགས་དཀའ་བས་མྱ་ངན་བྱེད་དུས། ང་ད་ལོ་ད་ཅི་ཨེ་སྐྱོན་བསམ་ཀྱང་ཁྱེད་ཚོས་མི་ཉོན་པས་ད་ས་སྐྱ་༧གོང་མ་བདག་ཆེན་རིན་པོ་ཆེ་ལྷ་རྒྱལ་དགོན་དུ་བཞུགས་ཡོད་པས་ཁོང་ལ་ཞུས་ན་ཁོང་ལ་མངོན་མཁྱེན་ཡོད་ཀྱི་རེད་གསུངས་པས། དེ་མ་ཐག་༧གོང་མའི་སྐུ་མདུན་དུ་བང་མི་སོང་ནས་ཞུ་དུས་༧གོང་མ་རིན་པོ་ཆེ་ནས་ད་ལོ་ཁོང་བཞུགས་རྒྱུ་རེད་ཅི་མི་སྐྱོན། ལོ་རྗེས་མ་ལ་ཞབས་བརྟན་རིམ་གྲོ་བྱས་མ་བྱས་གང་ཡང་མི་འདུགམི་བཞུགས་ཐག་ཆོད་རེད་འདུག ། ཡིན་ནའང་མཁན་རིན་པོ་ཆེ་ཁོང་གིས་དགོངས་བཞིན་པ་རེད་གསུངས། ཞབས་ཕྱི་པས་དེ་བཞིན་མཁན་རིན་པོ་ཆེ་ལ་ཞུས་པས། མཁན་རིན་པོ་ཆེ་ནས་ད་ཨེ་བདེན་གི་དཔལ་ས་སྐྱའི་༧གོང་མ་བདག་ཆེན་རིན་པོ་ཆེ་ཁོང་ནི་ས་ཐོབ་པའི་སེམས་དཔའ་ཆེན་པོ་ཆེན་པོ་རེད་འཁྲུལ་པ་ཡོད་མ་རེད་དཱ། ད་དེ་ག་རང་རེད་གསུངས་འདུག་པར་བརྟེན་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་ཀྱིས་ནམ་རྒྱུན་བདག་ཆེན་རིན་པོ་ཆེ་མཆོག་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་ཡིན་ཚུལ་དང་། ཁོང་ལ་མངོན་མཁྱེན་ཡོད་ཚུལ་གྱིས་དག་སྣང་རྒྱ་ཆེར་གནང་ནས་སྐུ་ཉིད་དང་།ཆོས་སྒར་གྱི་ལུང་བསྟན་ཞུ་སར་གཙོ་བོ་གནང་བ་རེད། སྐུ་ན་ཕྲ་མོའི་དུས་ནས་མཇལ་ཁ་ཞུ་མཁན་གྱི་བུད་མེད་སྦྲུམ་མ་དག་ལ་ཁོག་པའི་ནང་དུ་སྐྱེ་རྒྱུ་ཡོད་པའི་ཕྲུ་གུའི་བུ་མོའི་མིང་བཏགས་གནང་ན་བུ་མོ་དང་། བུ་ཡི་མིང་བཏགས་གནང་ན་རྗེས་སུ་འཁྲུལ་མེད་བུ་རུ་སྐྱེ་བར་བྱུང་། ཞབས་ཕྱི་པ་དག་གིས་ཁྱེད་ཀྱིས་དེ་ལྟར་མ་གསུངས་ནོར་འཁྲུལ་བྱུང་ངོ་ཚའི་གནས་སུ་འགྱུར་ཞེས་ཞུ་དུས་ང་ས་སྐྱ་གོང་མ་མི་ཡི་པགས་པས་སྒྲིབ་ཐུབ་པ་མ་རེད་ཅེས་སྤོབས་པ་ཆེན་པོས་གསུངས་གནང་མཛད་པ་དང་། སྔ་རྗེས་ལྷ་རྒྱལ་དགོན་དུ་བཞུགས་སྐབས་དང་ས་ཕྱོགས་གཞན་སོགས་ནས་དུས་གསུམ་སྒྲིབ་མེད་དུ་མ་གཟིགས་པའི་གསུང་སྣ་ཚོགས་དང་། གྲུབ་རྟགས་སྣ་ཚོགས་བསྟན་ནས་གདུལ་བྱ་རྣམས་དད་པའི་གནས་སུ་བཀོད་པ་སོགས་ཀྱི་རྣམ་ཐར་མང་ངོ་།། ཡང་འཛིན་རྣམ་རྒྱལ་དགོན་པས་གདན་ཞུས་ལྟར་དེར་ཕེབས་ནས། དགོན་སྡེ་ཁག་ནས་སེར་སྦྲེང་དང་བཅས་བསུ་བ་ཟབ་རྒྱས་ཐོག་ཚོགས་ཁང་དུ་བཞུགས་ཁྲིར་འཁོད། ཕྱི་ཉིན་འཇམ་མགོན་ས་སྐྱ་པཎ་ཆེན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྣམ་གཉིས་ཀྱིས་བྱིན་རླབས་བསྩལ་བའི་མགོན་པོའི་ལྷ་ཁང་དུ་བསྐང་གསོ་གསུང་ཟིན་མཚམས་སུ་དེར་ཡོད་བླ་སྤྲུལ་རྣམས་ལ་མཆོག་གིས། མགོན་པོ་འདི་ལ་ཡེ་ཤེས་པ་བཞུགས་པའི་རྟགས་མཚན་མི་འདུགཁྱེད་རྣམས་ཀྱིས་སྐུ་རྒྱབ་སོགས་ལ་གཟིགས་དང་གསུངས་པར། འགའ་ཞིག་ཐུགས་ཡིད་མི་ཆེས་པ་དང༌། བླ་སྤྲུལ་དབུ་ཆོས་རྣམས་ཀྱིས་གཟིགས་སྐབས་སྐུ་རྒྱབ་ཏུ་བྱི་བས་ཨི་ཁུང་ཕུབ་ནས་ལག་པ་ཐར་ཙམ་འདུག་པ་དང༌། ནང་གཟུངས་རྣམས་གཏོར། ཕྱི་ནས་གཏོར་མ་དང་རུས་པ་སོགས་ཛ་ཛོར་གསོག་འཇོག་བྱས་འདུག་པས་ཧ་ལས་པ་བྱུང་སོང༌། དེ་ལ་གཟུངས་བསྐྱར་དུ་ཕུལ་ནས་སྐྱབས་མགོན་༧གོང་མ་བདག་ཆེན་མཆོག་དང་མཁན་སློབ་དགེ་འདུན་བཅས་ཀྱིས་རབ་གནས་ཉིན་གཅིག་དང་བསྐང་གསོ།འཕྲིན་བཅོལ་བཅས་ཉིན་གསུམ་རིང་གང་ཟབ་གནང་། དེ་ནས་ལྷ་རྒྱལ་དགོན་དུ་ཕྱིར་ཕེབས་ནས་དེར་ཟླ་གཅིག་ཙམ་བཞུགས་རིང་དགོན་སྡེ་ཁག་ལ་ཚེ་དབང་དང་། མི་ཚང་ཁག་ལ་ཁྱིམ་ཕེབས་སོགས་གནང་། ཡབ་རྗེ་ཁྲི་ཆེན་༧གོང་མ་རིན་པོ་ཆེའི་དགོངས་རྫོགས་སུ་དགོན་པ་ཆེ་ཆུང་ལ་གཞིགས་པའི་ཀྱཻ་རྡོར་སྒྲུབ་མཆོད་ཉིན་གསུམ་ནས་ལྔ་བར་གསར་དུ་བཙུགས། དེ་རྣམས་ལ་མ་དངུལ་རྟ་དྲེའུ་མཛོ་འབྲི་གཡག་ཇ་མར་སོགས་ཀྱི་མཐུན་སྦྱོར་རྩ་ཆེན་རྒྱ་ཆེར་བཞག་པ་སོགས་མདོ་ཁམས་ཁུལ་དུ་བསྟན་དང་འགྲོ་བའི་དོན་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་མཛད་ནས་སྡེ་དགེ་ཡིད་ལྷུང་ལྷ་རྒྱལ་དགོན་ནས་དབུས་ལྗོངས་ལྷ་ལྡན་ལ་སྣུམ་འཁོར་ཐོག་ཕྱིར་ཕེབས་པ་མཛད། ལྷ་སར་ཤེལ་དཀར་གླིང་པའི་གཟིམ་ཤག་ཏུ་གནས་འཁོད།སྤྱི་ལོ་༡༩༥༨ལོར་ལྷ་ས་ནས་དཔལ་ནཱ་ལེནྡྲ་བརྒྱུད་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད། དེ་ནས་ཨ་རིའི་སྐུ་ཚབ་ཕོར་ཕ་ས་ལྦར་ཞེས་པས་སྤྱི་ལོ་༡༩༦༠ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ལ་ཨ་རིའི་ཞིང་ཆེན་ཝ་ཤིང་ཁྲོན་གྱི་གྲོང་ཁྱེར་སི་ཡ་ཊོར་བོད་ཀྱི་སྔ་མའི་ཆོས་སྲིད་ཀྱི་འབྱུང་ཁུངས་ཞིབ་འཇུག་གནང་མཁན་ལ་གདན་ཞུ་མཛད་པ་ལྟར། སྐུ་འཁོར་ལྷན་རྒྱས་གདན་འདྲེན་ཞུས་རྗེས་བོད་ཀྱི་ཆོས་སྲིད་འབྱུང་ཁུངས་ཀྱི་ལོ་རྒྱུས་ཞིབ་འཇུག་གནང་བ་མ་ཟད། ཨ་རི་ལ་བོད་ཀྱི་འགྲེམས་སྟོན་ཁང་གསར་བཙུགས་དང་། ས་སྐྱའི་གདུང་རབས་དང་ས་སྐྱའི་སྲིད་ཕྱོགས་སྐོར་གྱི་ཕྱག་དཔེ་བརྩམས། སྤྱི་ལོ་༡༩༧༤ལོར་ས་སྐྱ་ཐེག་ཆེན་ཆོས་གླིང་ཞེས་པའི་ཆོས་ཚོགས་དབུ་བཙུགས་གནང་བ་དང་། སློབ་མ་གྲངས་ལས་འདས་པར་སྐལ་བ་འཚམས་པའི་དམ་པའི་ཆོས་ཀྱི་བཀའ་དྲིན་སྐྱོང་བ་ནས་མཐར་དགུང་གྲངས་གྱ་བརྒྱད་བཞེས་པ་བོད་མེ་ཕོ་སྤྲེལ་ལོའི་ཟླ་ཤས་སྔོན་ནས་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་སྙུང་བའི་ཚུལ་བསྟན་ནས་ཕྱི་ལོ་༢༠༡༦ལོའི་ཟླ་༤ཚེས་༢༩ཉིན་ཉེ་འཁྲིས་སུ་ཡོད་པའི་སྐུ་འཁོར་ཚང་མ་ཁོང་རང་གི་སྐུ་མདུན་དུ་འབོད་གནང་མཛད་ཅིང་། ཁོང་གིས་ཚང་མ་ལ་ཕྱག་རྟགས་རེ་དང་འདི་ཕྱི་གཉིས་ལ་ཕན་པའི་བཀའ་སློབ་ལམ་སྟོན་གང་འཚམས་ཞིག་གནང་རྗེས།སྐྱབས་མགོན་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་ལྷན་དུ་ཞལ་པར་རྒྱུད་ནས་བཀའ་མོལ་ཐུགས་ལྷོད་ལྷོད་གནང་མཛད། དེ་ནས་ཁོང་གིས་ཡུལ་དུས་སོགས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ཏེ། ཐུགས་མཉམ་པ་བཞག་པའི་ཚུལ་གྱིས་ཉིན་དེའི་ཨ་རིའི་དགོང་མོའི་ཆུ་ཚོད་༨དང་སྐར་མ་༡༥ཐོག་སྐུ་ལ་སྙུང་ཟུག་སོགས་མི་བདེ་བ་གང་ཡང་མེད་པའི་ཐོག་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་རེ་ཞིག་ཞིང་ཁམས་གཞན་དུ་ཕེབས་པའི་ཚུལ་བསྟན་ཏེ་ད་ལྟ་ཡང་ཐུགས་དམ་ངོ་མཚར་ཅན་བཞུགས་བཞིན་པ་རེད། ཚུལ་དེ་དག་གིས་རིན་པོ་ཆེ་ཁོང་སྐྱེ་འཆི་ལ་མངའ་བརྙེས་པའམ་མདོར་ན་མཁྱེན་པའི་སྟོབས་ཀྱི་སྒོ་ནས་ཞིང་ཁམས་གཞན་དུ་ཕེབས་པ་ཡིན་པའི་སྐྱེ་བོ་ཀུན་གྱིས་ངེས་པ་རྙེད་ཐུབ་པ་ཞིག་བྱུང་།དེང་སྐབས་སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ནས་ཐུགས་འགན་བཞེས་པའི་ཐོག་ན་རོ་མཁའ་སྤྱོད་མ་སོགས་ཆོ་ག་ཁག་གི་འཚོགས་པའི་དབུ་བཞུགས་གནང་མཛད་ནས་བཞུགས་ཡོད་པ་བཅས། ཡོངས་རྫོགས་རྒྱལ་བསྟན་ཀྱི་མངའ་བདག་༧དཔལ་ས་སྐྱ་པ་ཆེན་པོ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་ཞེས་མཁས་དང་གྲུབ་པའི་དབང་ཕྱུག་ངག་དབང་ཀུན་དགའ་བསོད་ནམས་འཇིགས་བྲལ་དབང་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་ད་ལམ་དགུང་གྲངས་གྱ་བརྒྱད་བཞེས་པ་བོད་མེ་ཕོ་སྤྲེལ་ལོའི་ཧོར་ཟླ་གསུམ་པའི་ཚེས་༢༢དང་། སྤྱི་ལོ་༢༠༡༦ལོའི་ཟླ་བ་༤པའི་ཚེས་༢༩ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གནས་ཚུལ་གོ་མ་ཐག་ནས་རྣ་བ་འབུག་གིས་ཕུབ་པ་ལྟ་བུའི་ཡིད་སྐྱོ་མཆིལ་མས་མིག་གདོང་བརླན་པ་དང་བློ་འགྱོད་ཆེན་པོ་བྱུང་བཞིན་བྱེའུ་ཕྲུག་ཐང་ལ་ལྷུང་བ་བཞིན་དྭ་ཕྲུག་ཏུ་ལུས་སོ།།
མཇུག་མཐར་རེ་སྨོན་ནི། མགོན་པོ་གང་གི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྫོགས་པ་དང་། ལྷ་རིགས་འཁོན་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་རང་དུ་ཡང་སྤྲུལ་ངོ་མཚར་འཁྲུལ་བྲལ་གེགས་མེད་མྱུར་དུ་བྱོན་ནས་འཛམ་གླིང་བསྟན་འགྲོའི་དཔལ་མགོན་དམ་པར་འགྱུར་ཕྱིར། མགོན་པོ་མཆོག་གི་དགོན་པ་ངེད་ཁམས་སྡེ་དགེ་ཡིད་ལྷུང་ལྷ་རྒྱལ་དགོན་འདུས་སྤྱི་ནས་ཚོགས་བསགས་སྒྲིབ་བྱང་བཅས་ཀྱི་ཆེད་རྣམ་པར་དཀར་བའི་དགོངས་རྫོགས་མཆོད་འབུལ་གང་ནུས་བསྒྲུབ་དང་སྒྲུབ་བཞིན་པ་བཅས།
དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་། །
མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །
བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །
མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །
དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

ཅེས་རྣམ་ཐར་མདོར་བསྡུས་འདི་འང་མགོན་པོ་གང་གི་སློབ་འབངས་ཐ་ཤལ་བ་ལྷ་གྲྭ་འཁྱམ་པོ་བཤད་སྒྲུབ་བསྟན་འཛིན་དེས་སྔར་ལོ་དགོངས་རྫོགས་ཉིན་གུས་པས་བྲིས་པ་ལ་སླར་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་བགྲང་བྱ་ལོ་གཅིག་འཁོར་བའི་རྗེས་དྲན་ལ་གུས་པས་ཕུལ་བའི་དགེ་དེས་རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་སྐྱབས་མགོན་༧གོང་མ་༧འཇིགས་བྲལ་བདག་ཆེན་༧རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཟག་མེད་ཐུགས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་རྫོགས་ཤིང་སླར་ཡང་སྙིགས་དུས་བདག་སོགས་བསྟན་འགྲོའི་མགོན་དཔུང་དམ་པ་མྱུར་དུ་འབྱོན་པའི་གསོལ་འདེབས་སྨོན་འདུན་གྲངས་མེད་ཞུ་

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*