བརྒྱུད་པ་དང་བཅས་པ་ལ་གསོལ་བ་འདེབས་པ།

༼ག༽

༄༅། །བརྒྱུད་པ་དང་བཅས་པ་ལ་གསོལ་བ་འདེབས་པ་བཞུགས།།

༄༅། །གང་ཐུགས་ཀུན་ནས་དགའ་བའི་དཔལ་མངའ་བ། །གང་གསུང་སྙིང་པོ་མཆོག་གི་ལམ་སྟོན་ཅིང༌། །གང་སྐུ་ལྟ་བས་མི་ངོམས་མཛེས་པའི་མཆོག །སྐྱེས་ཆེན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་རྡོ་རྗེ་འཛིན། །ཟག་མེད་བདེ་ལ་རྣམ་རོལ་བདག་མེད་མ། །མཐུ་སྟོབས་དབང་ཕྱུག་རྗེ་བཙུན་བིརྺ་པ། །བདག་ལ་ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ། །གཉིས་མེད་རླུང་གི་རྣལ་འབྱོར་ཀརྞ་པ། །ཡང་དག་རྟོགས་པའི་དབང་ཕྱུག་ཌཱ་མ་རུ། །སྲོག་སྩོལ་སྦས་པའི་ལམ་བརྙེས་དྷཱུ་ཏཱི་པ། །རབ་དང་གུས་པའི་ཡིད་ཀྱིས་བདག་ཕྱག་འཚལ། །བསྐྱེད་རྫོགས་མཐར་ཕྱིན་ག་ཡ་དྷ་ར་དཔལ། །གདམས་པ་མཆོག་གིས་ཡོངས་གྲོལ་བླ་ཆེན་འབྲོག །རྟེན་འབྲེལ་ཟབ་མོ་ཐུགས་ཆུད་མཁར་ཆུང་བ། །བདག་ལ་ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ། །གསུང་ངག་བདུད་རྩིས་རྒྱུད་གཏམས་དགོན་པ་བ། །མཐའ་དག་རྒྱུད་སྡེའི་དོན་རྟོགས་སྙིང་པོའི་ཞབས། །བསླབ་གསུམ་བ་དན་ཆེར་གཡོ་འབར་བའི་མཚན། །བདག་ལ་ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ། །རིགས་རུས་ཆོ་འབྲང་ལྡན་ཞིང་རིག་འཛིན་གྱི། །བརྒྱུད་འཁྲུངས་དཀོན་མཆོག་གསུམ་དང་དབྱེར་མེད་པ། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོག་ཁྱོད་ལ། །སྒོ་གསུམ་གུས་པའི་ཡིད་གྱིས་བདག་ཕྱག་འཚལ། །རྣལ་འབྱོར་མཆོག་བརྙེས་ཌོམྦི་ནས་བཟུང་བའི། །འཕགས་པའི་ཡུལ་ནས་བྱང་ཕྱོགས་ལེགས་བརྒྱུད་པ། །རྨད་བྱུང་རྒྱུད་དང་གདམས་པས་རྣམ་གྲོལ་བ། །བརྩེ་ལྡན་བརྒྱུད་པའི་ཚོགས་ལའང་བདག་ཕྱག་འཚལ། །ཀུན་ལ་བརྩེ་བས་ཚོགས་གཉིས་བསམ་ལས་འདས། །དགའ་བཞིའི་འགྲོས་ཀྱིས་དོན་གྱི་ལྷན་སྐྱེས་རྟོགས། །སྙིང་པོ་མཆོག་གི་རྣམ་གྲོལ་ས་སྐྱ་པ། །བླ་མ་ཐུགས་རྗེ་ཅན་ལ་བདག་ཕྱག་འཚལ། །རྨད་བྱུང་བླ་མའི་ཚོགས་ལ་ལེགས་བརྟེན་ནས། །བཀའ་དང་བསྟན་བཅོས་ལུང་རིགས་མན་ངག་སྦྱངས། །རྒྱ་བོད་མཁས་དང་གྲུབ་པའི་དབང་ཕྱུག་གི །ལེགས་བཏུད་ཐོད་བཞིན་བཀུར་ལ་བདག་ཕྱག་འཚལ། །དམ་པའི་རྒྱུད་དང་ཆོ་འབྲང་ཕུན་ཚོགས་པས། །ཆེན་པོའི་གནས་དང་མཁས་པས་རབ་བརྗིད་ཀྱང༌། །ཁེངས་པའི་སྐྱོན་བྲལ་དམན་ལ་ལྷག་པར་བརྩེ། །བླ་མ་ཐུགས་རྗེ་ཅན་ལ་བདག་ཕྱག་འཚལ། །ཏིང་འཛིན་མུ་མཐའ་མེད་ལ་སྙོམས་པར་འཇོག །སྐུ་ཡི་བཀོད་པ་དུ་མའི་རྣམ་འཕྲུལ་སྟོན། །མཁས་པ་དུ་མའི་ཐེ་ཚོམ་དྲྭ་བ་གཅོད། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཁྱོད་ཕྱག་འཚལ། །གདུལ་བྱའི་དོན་མང་མཛད་པས་ཐུགས་རངས་ཏེ། །ས་སྟག་ཐ་སྐར་ཡར་གྱི་བཅུ་བཞིའི་ཚེས། །རྣམ་འཕྲུལ་དུ་མ་གཡོ་བས་ཞིང་གཞན་གཤེགས། །རྗེ་བཙུན་ཐུགས་རྗེ་ཅན་ལ་བདག་གསོལ་འདེབས། །རབ་གུས་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །ཡེ་ཤེས་གཟིགས་པའི་ཐུགས་རྗེས་རབ་དགོངས་ཏེ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ། །བརྩེ་ཆེན་ཁྱེད་འདྲ་མེད་ནས་སྐྱབས་བྲལ་བདག །གདུལ་དཀའི་སྐྱེ་བོ་འདུལ་བར་བྱེད་ལགས་མོད། །དུས་གསུམ་གཟིགས་པའི་བླ་མ་ཐུགས་རྗེ་ཅན། །སྐྱབས་མེད་སྐྱོབ་པ་ཁྱོད་ལ་བདག་གསོལ་འདེབས། །དང་པོའི་ཚིགས་བཅད་བཅོ་ལྔ་པོ། །བླ་མ་དྲན་ནས་བདག་གིས་བསྡེབས། །དེ་རྗེས་བརྒྱུད་པ་དང་བཅས་གཅིག །བྲིས་ཞེས་འཕེན་ནོས་བསྐུལ་ནས་བགྱིས། །དོན་ལ་འགལ་བ་གང་ཡང་མེད། །སྙན་ངག་སྡེབ་སྦྱོར་མ་མཆིས་པས། །ཚིག་ལ་དགྱེས་པའི་སྐྱེ་འགྲོ་ཀུན། །འདི་ལ་བཟོད་པར་མཛད་དུ་གསོལ། །བླ་མ་མྱ་ངན་འདས་ནས་སྤྲེའུ་ལོ་ལ། །དམ་པའི་དུས་དྲན་དཀྱིལ་འཁོར་མཆོད་པ་དང༌། །དགེ་འདུན་བརྒྱ་ཕྲག་དགུ་ལ་བསྙེན་བཀུར་ཞིང༌། །སྐྱེ་བོའི་སྦྱིན་བཏང་བྱས་ཚེ་འདི་སྦྱར་རོ། །མགོན་པོ་ཁྱོད་ཀྱིས་དལ་འབྱོར་བསྐྲུན། །ཆུང་ངུའི་དུས་ནས་རྨི་ལམ་བསྟན། །ངལ་བ་མེད་པར་དགེ་ལ་སྦྱར། །ཟས་གོས་འབྱོར་སོགས་དུ་མས་བསྐྱངས། །འདི་དང་ཕྱི་མའི་ཕན་བདེ་ཀུན་ལ་སྦྱར་བའི་མཐུས། །གཡེལ་བ་མེད་པར་ཐོས་བསམ་དག་ལ་མཐར་ཕྱིན་ཏེ། །སྙན་བརྒྱུད་བཞི་ཡིས་བདག་ཡིད་ཚིམ་པ་དམ་པའི་དྲིན། །དེ་ལྟ་བས་ན་དད་པའི་སྟོབས་ཀྱིས་མཆི་མ་ལྷུང༌། །ཀྱེ་མ་ཀྱི་ཧུད་ཐམས་ཅད་གཟིགས་པའི་སྤྱན་རས་ཀྱིས། །བདག་དང་བདག་གིར་བྱས་པའི་སྤུན་དང་མཆེད་རྣམས་ལ། །བརྩེ་བའི་ཐུགས་ཀྱིས་རྟག་ཏུ་ཉེར་བཟུང་བསྟན་པ་དང༌། །འཇིག་རྟེན་ཀུན་ལ་ཕན་པ་ཡུན་རིང་གཟིགས་སུ་གསོལ། །བསོད་ནམས་རྩེ་མོས་ལུས་སེམས་མ་བསྒྲིམས་པར། །དད་པའི་ཤུགས་ལས་བླ་མ་ལ་བསྟོད་འདི། །གཙང་སྟོད་གྲོམ་པ་དཔལ་ལྡན་ས་སྐྱ་རུ། །བཀའ་དྲིན་དྲན་པས་ངག་ཟིན་བསྡེབས་པ་ཡིན། །ཨ་པོས་བྱས་པའི་གསོལ་འདེབས་ཁ་གདངས་སུ། །ལན་ཅིག་བྱས་པས་དད་པའི་སྟོབས་འཕེལ་ཏེ། །ཞག་ལྔའི་བར་དུ་ཕྱག་རྒྱ་ཆེ་ལ་འབྱམ། །དེ་འདྲ་སྙིང་ལ་འདོད་ནས་འདི་བརྩམས་སོ། །ས་མཱཔྟ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*