རྗེ་ས་ཆེན་ལ་བསྟོད་པ།

༼ག༽

༄༅། །རྗེ་ས་ཆེན་ལ་བསྟོད་པ་བཞུགས།།

ཨོཾ་སྭ་སྟི་སིདྡྷཾ། ཚངས་དབང་གཙུག་གི་ནོར་བུས་ལེགས་མཆོད་པ། །གང་གི་ཞབས་པད་འཁོར་ལོའི་རི་མོ་དང༌། །ཀུན་ནས་དྭང་བའི་འོད་ཀྱི་དྲྭ་བས་མཛེས། །ཐུབ་དབང་མི་ཡི་མཆོག་ཁྱོད་ཕྱག་འཚལ་ལོ། །གང་སྐུ་པདྨའི་དབུས་ན་གསེར་གྱི་མདོག །རབ་མཛེས་མདངས་གསལ་མཚན་དཔེའི་ཆ་ཤས་རྫོགས། །མི་ཤེས་འཇོམས་མཛད་འབར་བའི་རལ་གྲི་དང༌། །གསུང་དོན་གླེགས་བམ་འཛིན་ཁྱོད་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡོན་ཏན་བགྲང་ཡས་པ། །གང་གི་ཐུགས་ལ་དོགས་པ་མེད་པར་གནས། །འགྲོ་ཀུན་དགའ་བའི་བདུད་རྩིའི་འོད་དཀར་ཅན། །དགེ་ལེགས་ཀུནྡའི་སྙིང་པོ་སྤེལ་ལ་བདུད། །འཛུམ་ཞལ་མཛེས་པའི་ཚེམས་ཀྱིས་ལེགས་སྤྲས་ལས། །ཟག་མེད་བདུད་རྩིའི་དཔལ་རྒྱས་ཆོས་སྒྲ་སྒྲོགས། །རིམ་གཉིས་ལས་བྱུང་ཕྱག་རྒྱ་ཆེན་པོ་ལ། །རྣམ་རོལ་སྙིང་པོའི་ཞབས་ལ་མགོས་ཕྱག་འཚལ། །ལུང་རིགས་རྒྱ་མཚོ་ཆེ་ལ་རབ་ཞུགས་ནས། །ཟབ་དོན་ནོར་བུ་རིན་ཆེན་ལེགས་བླངས་ཏེ། །གང་ལ་ཅི་འདོད་དེ་ལ་དེ་སྟེར་བའི། །གདུལ་བྱའི་དབུལ་བ་སེལ་ལ་གུས་ཕྱག་འཚལ། །རྒྱུད་སྡེ་ཀུན་ལ་མཁྱེན་པའི་དཔལ་རྒྱས་ཤིང༌། །དབང་བཞིས་སྨིན་མཛད་ལམ་བཞིས་གྲོལ་བ་སྟོན། །ཡང་དག་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཡིས། །ལམ་ལོག་རི་བོ་འཇོམས་མཛད་ལ་ཕྱག་འཚལ། །རྨད་བྱུང་ཡོན་ཏན་བསམ་ལས་འདས་པ་དང༌། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་པ་ཡིས། །ཀུན་ལ་ཕན་བདེའི་དགའ་སྟོན་རྒྱུན་མི་ཆད། །འདྲེན་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མཐོ་དམན་བྲལ་བའི་སྐྱེ་དགུ་མཐའ་དག་ལ། །དམིགས་མེད་ཐུགས་རྗེའི་གཟིགས་པ་དྲི་མེད་ཀྱིས། །རྒྱུན་ཏུ་བརྩེ་བས་ནམ་ཡང་མི་འདོར་བའི། །བླ་མ་ཐུགས་རྗེ་ཅན་ལ་གུས་ཕྱག་འཚལ། །སྦྱིན་སོགས་དག་པའི་ཆ་ཤས་རབ་རྫོགས་ཤིང༌། །འགྲོ་ལ་ཕན་བདེ་དྲི་མེད་སྩོལ་བའི་འོད། །མ་རིག་མུན་པ་བསལ་བའི་རི་བོང་ཅན། །དྭང་བའི་འོད་དཀར་བླ་མ་ཁྱོད་ཕྱག་འཚལ། །མགོན་ཁྱོད་ངེས་པར་རྡོ་རྗེ་འཆང་དབང་དང༌། །འཇམ་པའི་དཔལ་ལས་གཞན་དུ་ཡོད་མ་མཆིས། །མཐུ་སྟོབས་དབང་ཕྱུག་དག་དང་མི་གཉིས་པའི། །འགྲོ་ཀུན་དགའ་བའི་སྙིང་པོ་ཁྱོད་ཕྱག་འཚལ། །འཇམ་མགོན་ངག་གིས་དངོས་སུ་འདོམས་མཛད་དེ། །ཤེས་བྱ་མ་ལུས་གཟིགས་པའི་མཁྱེན་པ་རྒྱས། །ལུང་བསྟན་དབུགས་དབྱུང་གྱུར་པ་ཇི་བཞིན་དུ། །རིགས་དང་གྲོལ་བ་མཐར་ཕྱིན་ཕྱག་འཚལ་ལོ། །དེ་སོགས་ཡི་དམ་རྣམས་དང་དམ་པ་ཡིས། །ཡོངས་བཟུང་ཟག་པ་མེད་པའི་བདེ་མཆོག་གི །ཁྱིམ་པའི་ཚུལ་འཛིན་འཆལ་བའི་དྲི་མ་བྲལ། །སྡོམ་གསུམ་ལྡན་པའི་ཞབས་ལ་ཕྱག་འཚལ་ལོ། །སྙིགས་མའི་དུས་འདིར་ལམ་དང་འབྲས་བུའི་ཆོས། །ཟབ་པ་ལས་ཀྱང་མཆོག་གྱུར་སྙན་བརྒྱུད་བཞིས། །སྐལ་བ་དང་མཐུན་གྲུབ་པའི་ས་སོགས་ལ། །ལེགས་སྦྱར་རྡོ་རྗེ་འཛིན་དབང་ཁྱོད་ཕྱག་འཚལ། །བླ་མའི་ཡོན་ཏན་རྨད་བྱུང་དཔག་མེད་ལ། །བདག་འདྲས་ཕྱོགས་ཙམ་རྟོགས་པ་ག་ལ་ནུས། །འོན་ཀྱང་ཅུང་ཟད་སྤེལ་བའི་བསོད་ནམས་འདིས། །ཁྱོད་ཀྱི་ཐུགས་རྗེས་བདག་ལ་གཟིགས་གྱུར་ཅིག །ཁྱོད་ཀྱི་ཡོན་ཏན་དྲན་གྱུར་པས། །ཁྱོད་བཞིན་བླ་མའི་བརྒྱུད་པ་ལ། །རང་དང་ཡིད་ཀྱིས་གུས་པ་འཕེལ། །དེ་དག་ཀུན་ལའང་བདག་ཕྱག་འཚལ། །ཐོག་མ་མེད་པ་ནས་མཆོག་བརྙེས་ཀྱང་འགྲོ་བའི་དོན་དུ་མིའི་གཟུགས་ཀྱིས་དོན་མ་ལུས་པར་སྩོལ་བར་མཛད་པའི་བདག་ཉིད་ཆེན་པོ། ཆོས་ཀྱི་རྗེ་དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞབས་ཀྱི་ཞལ་སྔའི་དྲིན་དང༌། ཡོན་ཏན་ཚད་མེད་པ་དྲན་པས། རྣལ་འབྱོར་པ་བསོད་ནམས་རྩེ་མོས་ཐོག་དྲངས་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་རྙོག་པ་དང་བྲལ་བའི་ཡིད་རབ་ཏུ་གུས་ཤིང༌། གདུང་བ་ཚད་མེད་པས་རྩེ་གཅིག་པར་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཀའ་དྲིན་རྗེས་སུ་དྲན་ནོ། །ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པར་མཛད་དུ་གསོལ། རྟབ་རྟབ་པོར་གྱུར་ནས་གསོལ་བ་འདེབས་པའི་ཚིག་ལ་བརྩེ་བས་གཟུང་དུ་གསོལ། དེ་ལྟར་ཡང་ནས་ཡང་དུ་གསོལ་བ་འདེབས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*