རྒྱ་སྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིང་པ།

༼ག༽

༄༅། །རྒྱ་སྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི། དཔལ་ས་སྐྱའི་དབེན་གནས་དམ་པ་ནས། ཚངས་པར་སྤྱོད་པའི་དགེ་བསྙེན་བསོད་ནམས་རྩེ་མོས། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་བཤེས་གཉེན་རྒྱ་སྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིང་བ། ཁྱེད་བསྙུན་མེད་ཅིང་དགེ་སྦྱོར་འགྲོ་དོན་འཕེལ་བའི་ངང་ནས། བདག་སྤུན་ལ་བསྙུན་ཤོག་འབུལ་བ་ཁྱད་པར་ཅན་དང་བཅས་པ་འབུ་མེས་འཕྲོད། སུག་པར་ཕྱིན་པས་ཕྱག་བྱད་བཟང་ཞིང་རྗེས་སུ་ཡི་རང༌། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ། བདག་ཅག་རྣམས་ཀྱང་བདེ་ཞིང་ཆོས་འཕེལ་བར་མཆིས། འབུལ་བའི་གོས་ཀྱི་གྱོན་རྒྱུ་རྣམས་དང༌། ཟི་ཕོ་ལོ་སྲང་ཕྱེད་མ་གཏོགས་པ། བླ་མ་ཆེན་པོའི་དུས་དྲན་ལ་སྟོབས་པ་བགྱིས། བླ་མའི་ཐུགས་དགོངས་རྫོགས་ཏེ། ཁྱེད་དངོས་སློབ་མོས་ཐོབ་ཡིན་པས་ཐུགས་ཚིམས་པར་མཛོད། སླད་མ་ཁམས་བཟང་ཞིང་ཆོས་འཕེལ་བར་གསོལ་བ་འདེབས་ཞིང་མྱུར་དུ་མཇལ་བ་དང་དམིགས་སུ་བཀར་བའི་དོད། བླ་མའི་སྐུ་ཆིངས་ཐུང་ངུ་འདི་དྲི་བསྲུང་ཁྱད་པར་ཅན་མ་ཡལ་བ་བསེའི་ག་འུར་བཙུད་པ་དང༌། བདག་མེད་མའི་དབང་གི་ཐོ་ཡིག རྒྱུད་འདི་ཉིད་ཀྱི་ལུང་སྦྱོར་བ་མཆན་ཞིབ་ཏུ་བྱས་པ། བཟང་པོ་ཡོངས་བཟུང་གི་ཡིག་སྣ་གསུང་གི་དཔེ་རིས་བཞི། ནཱ་རོ་པ་ནས་ཀྱི་སིནྡྷུ་རའི་རུ་མ་རྣམས་ཁོང་པ་རང་ལ་དམ་གཉེར་བྱས་བསྐུར་བདོག ཡང་བླ་ཆེན་གྱི་བསྟོད་པ། དགེ་བཤེས་གཉགས་དང༌། གཉན་ཕུལ་བྱུང་ལ་དབྱར་ཕུ་མ་གསུམ་གྱིས་ཞུས་ནས་བགྱིས་པ་དེ་ལ། སྙན་ངག་གི་རྒྱན་ཚང་ཆེ་ཆུང་གཉིས་ཡོད་པ་ཁྱེད་ཀྱི་ཕྱག་ཏུ་བྱུང་མཆི། རྟིང་མ་དུས་ཕྱིས་བྱས་པ། ཉུང་ཤས་ཤིག་ལས་མེད་ནའང་མང་པོ་བསམས་སོ་ལ་སོགས་ཀྱིས་ཀྱང་ཐོས་ནས་བསྐུར། ཁྱེད་ལའང་འདི་དགོས་པ་ཡིན་བསམས་ནས་བསྐུར་བདོག རྗེ་བཙུན་ན་རེ། བླ་ཆེན་ལྟ་བུའི་དམ་པ་ལ། ཁྱོད་ལྟ་བུས་བྱས་པ་ལ་འདི་བས་རྒྱན་དང་སྙན་ངག་ཚང་བ་ལེགས་པ་བྱེད་ཐང་ཟེར་མོད། དུས་དྲན་གྱི་ཚེ་དད་པའི་ཡུས་དམག་བྱིན་བརླབས་ཀྱི་ཟིང་ལངས་པས། བསམ་ལོང་མེད་པར་ཐེབ་ཚད་བྱུང༌། ཕྱི་སེ་བ་བྲིས་པས་འགྲིག་ཏིང་ངེ་བ་མི་བདོག་སྟེ། ཕྱིས་མ་བཅོས་སེམས་ལ་ཕན་ཆེ་བར་བྱུང༌། ཨ་པོ་ཞུས་བྱས་པ་དེའང༌། སྡེབ་དང་སློབ་པར་གདའ་སྟེ། དེ་རང་ཁོ་ན་འཁུལ་ཆེ། ཕན་ཆེ་བར་བྱུང༌། སླད་མ་ཆོས་འཕེལ་བ་མི་གཡེངས་བའི་ངང་ནས་མྱུར་དུ་མཇལ་ཞིང༌། བདག་ཀྱང་སང་ཕོད་སྔ་སེ་བ་ཅིག་དབུས་ལ་འགྲོ་བ་བྱུང་ན། ཞར་ལ་ལམ་དུ་མཇལ་ནས། གདམས་ངག་དང་རྒྱུད་ཀྱི་མ་བདེ་བ་མཆིས་པ། ཞིབ་ཏུ་གླེངས་ནས་ཚིམ་པར་བྱེད། ཡི་གེར་འདྲི་ལང་བ་ཙམ་ལས་མེད་ནའང་བྲིས་ལ་བསྐུར་བཅོས་པ་ཡིན། ད་ལེན་ག་རིང་རྒྱལ་པོས་བདག་སྤུན་ལ་བྱུང་བའི་གེའུ་བེན་ཟེར་བའི་གོས་ཆེན་ཧ་ལས་པོ་ཟེར་བ་འདམ་གསུམ་ལྷག་རི་མོ་ཟླུམ་ཚིག་གི་དབུས་ན་དབྱངས་དགོད་པ་འདི་ལ་ཀ་རའི་གླང་པོ་མཆོག་གཅིག་ཏུ་མཆིས། བྱ་ལོ་ཟླ་བ་གསུམ་པ་ལ་བྲིས་པ། འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*