རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ། ༢

བརྟག་པ་སུམ་ཅུ་པར་ཡང་བཤད། །ཅེས་སུམ་ཅུའི་མིང་གསུངས་ནས་དེའི་རྗེས་ལ། མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །དག་པའི་སྙིང་པོ་ཡོངས་བསྡུས་པ། །རྡོ་རྗེ་མཁའ་འགྲོས་གསུངས་པ་སྟེ། །འདི་ནི་རྒྱུད་ཀྱི་ངེས་པའོ། །ཞེས་གསུངས་པས་སོ་གཅིག་པ་དང་སོ་གཉིས་པ་དེ་འདི་ཉིད་ཡིན་ནོ། །རྡོ་རྗེ་གུར་འདིས་བརྟག་པ་གཉིས་པ་འདི་རྒྱུད་རྒྱས་པའི་བརྟག་པ་དང་པོ་ཡིན་པ་ལ་སྐྱོན་དང༌། ཕྱི་མ་ཡིན་པའི་ཤེས་བྱེད་གཉིས་ཀ་བསྟན་ཏེ། དེའང་གུར་ཡི་ཐོག་མ་ནས། ནམ་མཁའ་བེམ་བཅས་དྭངས་པ་དང༌། །ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ་རྒྱུད་རྒྱས་པའི་དོན་མ་ལུས་པ་བསྡུས་ནས། མཇུག་ལེའུ་བཅོ་ལྔ་པ་ལས། འདི་སྐད་བདག་གིས་ཐོས་པ་སྟེ། །དུས་གཅིག་པ་ཡི་དུས་སུ་ནི། །བདག་གིས་བཅོམ་ལྡན་འདས་སྤྱན་སྔར། །བཙུན་མོའི་ཆོས་ལ་རྣམ་གནས་ནས། །ལྟ་སྟངས་དགུག་དང་བརྡ་ཆེན་དང༌། །དོན་བྱེད་ནུས་དང་ཆར་སོགས་སོ། །ཞེས་བྱ་བས་བརྟག་པ་གཉིས་པ་བསྡུས་པའོ། །ཡང་རྡོ་རྗེ་གུར་ལས་རྒྱུད་རྒྱས་པ་ལས་བསྡུས་པའི་དགོས་པ་གསུངས་པས་ཀྱང་བརྟག་པ་གཉིས་པ་ཕྱི་མ་ཡིན་པར་ཤེས་སོ། །འདི་ལ་ཁ་ཅིག་རྒྱུད་བསྡུས་པ་རྡོ་རྗེ་གུར་ཉིད་ཡིན་ནོ་ཟེར་ན་མ་ཡིན་ཏེ་རྡོ་རྗེ་གུར་ཉིད་ལས། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་མ་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་གཟུང་ཕྱིར་རོ། །ཞེས་གསུངས་པས་རྒྱུད་བསྡུས་པ་ལ་བརྟག་པ་གཉིས་ཡོད་པར་གསུངས་ལ། དེའི་དང་པོ་སྐྱེས་པ་གདུལ་བའི་དོན་དུ་གསུངས། ཕྱི་མ་བུད་མེད་གདུལ་བའི་དོན་དུ་གསུངས་པར་བཤད་པས་མཚན་ཉིད་འདི་རྡོ་རྗེ་གུར་ལ་མི་སྣང་ལ། བརྟག་པ་གཉིས་པ་ལ་སྣང་བའི་ཕྱིར། བརྟག་པ་གཉིས་པ་འདི་རྒྱུད་རྒྱས་པའི་རྗེས་ལས་བྱུང་བ་དེའི་དོན་བསྡུས་པའི་རྒྱུད་ཡིན་ནོ། །ཡང་ཁ་ཅིག་རྡོ་རྗེ་གུར་དང་བརྟག་པ་གཉིས་པ་གཉིས་ཀ་མ་ཡིན་པའི་རྒྱུད་བསྡུས་པ་གཞན་ཡོད་ཅེས་ཟེར་ན་གཏན་ཚིགས་མེད་པའི་ཕྱིར་བསྙོན་ཚིག་དང་འདྲའོ། །དེས་ན་འདི་ཉིད་བསྡུས་པའི་རྒྱུད་ཡིན་ནོ། །མིང་མཐུན་པའི་སྐྱོན་སྤོང་དང༌། གླེང་གཞི་ཡོད་པའི་རྒྱུ་མཚན་མ་ངེས་པའང་གོང་དུ་བཤད་ཟིན་ཏོ། །གཉིས་པ་ནི་ཀྱེའི་རྡོ་རྗེའི་བཤད་རྒྱུད་ཐུན་མོང་མ་ཡིན་པ་ནི་རྡོ་རྗེ་གུར་ཏེ། འབུམ་ཕྲག་ལྔ་པ་དང་བརྟག་པ་གཉིས་པ་འབའ་ཞིག་གསལ་བར་བྱེད་པའི་ཕྱིར་རོ། །ཐུན་མོང་པ་ནི་སཾ་པུ་ཊ་སྟེ། རྒྱུད་སྡེ་དུ་མ་གསལ་བར་བྱེད་པའི་ཕྱིར་རོ། །འདི་ལ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རྒྱུད་སྡེ་འབུམ་ཕྲག་སུམ་ཅུ་སོ་དྲུག་གི་བཤད་པའི་རྒྱུད་དུ་བཤད། ད་ལྟ་དངོས་སུ་ཕན་པར་བྱེད་པ། རྒྱུད་སྡེ་བཅུ་དྲུག་གམ་བཅུ་བདུན་ཡོད་དོ། །རྡོ་རྗེ་གུར་འདི་ལ་སློབ་དཔོན་བློ་གྲོས་ཆེན་པོ་ལ་སོགས་པ་ནི་རྒྱུད་བསྡུས་པ་ཡིན་ནོ། །ཞེས་བཞེད་དོ། །སློབ་དཔོན་ཁ་ཅིག་ནི་བརྟག་པ་གཉིས་པ་དང་ཕན་ཚུན་སྦྱར་བའི་རྒྱུད་དུ་བཞེད་དོ། །དེ་དག་ཀྱང་འགལ་བ་ཡོད་པ་མ་ཡིན་ཏེ། བརྟག་པ་གཉིས་པ་ནི་རྒྱུད་རྒྱས་པའི་དོན་མངོན་པར་རྟོགས་པ་ཟབ་མོའི་དོན་བསྡུས་པ་ཡིན་ལ། རྡོ་རྗེ་གུར་གྱིས་འབུམ་ཕྲག་ལྔ་པའི་ཚིག་དང་དོན་གྱི་ཆ་མཐའ་དག་བསྡུས་པ་ཡིན་པས་དེའི་ལྡོག་པ་ནས་བསྡུས་པ་ཡིན་པ་ལ་འགལ་བ་མེད་དོ། །འོན་ཀྱང་མངོན་པར་རྟོགས་པ་བསྡུས་པ་ནི་མ་ཡིན་ནོ། །ཡང་འདི་གཉིས་ཕན་ཚུན་སྦྱར་བ་ཉིད་ཀྱང་བཤད་པའི་རྒྱུད་ཡིན་ཏེ། གཅིག་གིས་གཅིག་གསལ་བར་བྱེད་པའི་ཕྱིར་རོ། །གཉིས་པ་བཞུགས་ཚུལ་ནི། རྩ་བའི་རྒྱུད་ནི་གང་ཟག་གཞུག་པའི་རིམ་པ་ལྟར་གནས་ལ། སཾ་པུ་ཊ་ནི་གང་ཟག་གི་རྒྱུད་ལ་སྐྱེ་བའི་རིམ་པ་ལྟར་གནས། གུར་ནི་འཁྲུགས་སུ་གནས་པས་གོ་རིམ་མེད་དོ། །གསུམ་པ་མདོ་རྒྱས་ནི། རྩ་བའི་རྒྱུད་གསུམ་དུ་གནས་ལ། གུར་གཉིས་སུ་གནས། སཾ་པུ་ཊ་ལྔར་གནས་སོ། །བཞི་པ་གཞུང་ཚད་ནི། རྩ་བའི་རྒྱུད་ལ་ཤླཽ་ཀ་བདུན་བརྒྱ་ལྔ་བཅུ། གུར་ལ་སྟོང་ཉི་ཤུ་རྩ་ལྔ། སཾ་པུ་ཊ་ལ་ཉིས་སྟོང་བརྒྱད་བརྒྱ་དང་གསུམ་ཡོད་དོ། །སྤྱི་དོན་གསུམ་པ་རྒྱུད་སྡེ་རྣམས་ཀྱི་ཚད་བསྟན་པ་ནི། འོ་ན་དེ་ལྟ་བུའི་རྒྱུད་སྡེ་བཞི་པོ་རེ་རེ་ལའང་རྒྱུད་སྡེའི་གྲངས་དུ་ཞིག་ཡོད་སྙམ་ན། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་གསུངས་ཏེ། རྟོག་པའི་རྒྱུད་ནི་སྟོང་ཕྲག་བཞིའོ། །བྱ་བའི་རྒྱུད་ཀྱང་སྟོང་ཕྲག་བཞིའོ། །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །རྣལ་འབྱོར་གྱི་རྒྱུད་ལ་མིང་སྟོང་ཕྲག་བཅུ་གཉིས་སོ། །དེ་ལྟར་ན་སྟོང་ཕྲག་སུམ་ཅུ་རྩ་བཞིའོ། །རྒྱས་པར་བྱ་ན་གྲངས་མེད་དོ་ཞེས་རྒྱུད་ལྔའི་ཚད་གསུངས་སོ། །རྣལ་འབྱོར་མའི་རྒྱུད་ཀྱི་ཚད་དེར་མ་གསུངས་སོ། །ཡང་དཔལ་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས་ཀྱང་གསུངས་པ། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །ཞེས་སོ། །འདི་དག་ཐམས་ཅད་ཀྱང་ཚིགས་སུ་བཅད་པའི་གྲངས་སུ་མི་བལྟ་སྟེ། རྒྱུད་དམ་མདོ་སྡེའི་མིང་ཐ་དད་པའི་གྲངས་སུ་བལྟའོ། །ཇི་ལྟར་ཞེ་ན་བྱ་བའི་རྒྱུད་ལ་སྟོང་ཕྲག་བཞི་ཞེས་གསུངས་པ་ལ། དོན་ཡོད་ཞགས་པའི་མདོ་ཁོ་ན་ལའང་སྟོང་ཕྲག་བརྒྱད་ཡོད་དོ། །དེ་བཞིན་དུ་དེ་ཉིད་འདུས་པ་སྟོང་ཕྲག་བརྒྱ་པ་དང༌། དགྱེས་པའི་རྡོ་རྗེ་འབུམ་ཕྲག་བདུན་པ་དང༌། འབུམ་ཕྲག་ལྔ་པ་དང༌། མཉམ་སྦྱོར་ཁྲི་བརྒྱད་སྟོང་པ་ལ་སོགས་པ་རེ་རེ་ལའང་ཚིགས་སུ་བཅད་པའི་གྲངས་མང་པོ་ཡོད་པར་མཐོང་ངོ༌། །དེ་བས་ན་རྒྱུད་སྡེའི་གྲངས་དཔག་ཏུ་མེད་དོ། །རྡོ་རྗེ་གུར་གྱི་རྒྱུད་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང༌། །དགའ་ཆེན་ཟ་ནུས་དང་ནི་གསང་བ་ཡིད་བདེ་དང༌། །བདེ་ཆེན་སྒེག་པ་དང་ནི་གསེར་གྱི་ཆར་པ་དང༌། །རྒྱུད་བརྒྱད་ཕན་པར་བྱེད་པའི་རྡོ་རྗེ་མཁའ་འགྲོ་དང༌། །སངས་རྒྱས་ཐམས་ཅད་ཀྱེ་ཡི་རྡོ་རྗེའི་དཀྱིལ་འཁོར་དང༌། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་འབྱུང་བ་དང༌། །འཁོར་ལོ་སྡོམ་པ་གུར་གྱི་འབྱུང་གནས་ནི། །རྣལ་འབྱོར་མ་ཡི་རྒྱུད་སྡེ་དྲུག་པར་གྲགས་པ་ཡིན། །ཞེས་རྒྱུད་སྡེ་བཅུ་བཞི་པོ་དེ་དག་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་དེ་དྲུག་པའོ་ཞེས་ཤེས་པར་བྱའི་བཅུ་བཞི་པོ་ཁོ་ན་རྣལ་འབྱོར་མའི་རྒྱུད་ཅེས་མི་བལྟ་སྟེ། དཔེར་ན་དཔལ་བདེ་མཆོག་རྩ་རྒྱུད་ལས། དེ་ཉིད་འདུས་པར་གང་གསུངས་དང༌། །གསང་བའི་རྒྱུད་ལས་གསུངས་པ་དང༌། །དཔལ་མཆོག་དང་པོ་ལས་གསུངས་དང༌། །རྡོ་རྗེ་འཇིགས་བྱེད་ལས་གང་གསུངས། །བཟླས་བརྗོད་སྦྱིན་སྲེག་གིས་འགྲུབ་པ། །དེ་འདིར་བསམ་གཏན་ཙམ་གྱིས་འགྲུབ། །ཅེས་པའང་རྒྱུད་དེ་དག་ཁོ་ན་ལ་མི་བལྟ་སྟེ། དེ་ལ་སོགས་པ་བཟླས་བརྗོད་དང་སྦྱིན་སྲེག་ལ་གཙོར་བྱེད་པ་མཐའ་དག་གཟུང་བར་བསྟན་པར་བྱའོ། །དེ་ལྟར་ན་རྒྱུད་སྡེ་གསུམ་མམ་བཞིའམ་ལྔའི་རྣམ་པར་ཕྱེ་ན་དྲུག་པོ་དེ་ལ་རྒྱུད་སོ་སོར་ཕྱེ་ན་དཔག་ཏུ་མེད་པ་གཅིག་བཞུགས་སོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་གསུངས་པ་དེའང་ཉན་ཐོས་མོས་པ་དམན་པའི་དབང་དུ་བྱས་ནས་བསྡུས་པ་ཡིན་གྱི་ཐེག་པ་ཆེན་པོའི་ལུགས་ལ་དབྱེ་བ་མཐའ་ཡས་པར་ཤེས་པར་བྱའོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་རྒྱུད་སྡེའི་དབྱེ་བ་བསྟན་པའི་སྐབས་ཏེ་དྲུག་པའོ།།  །།ད་ནི་སྤྱི་དོན་གཉིས་པ་རྡོ་རྗེ་ཐེག་པའི་བྱུང་ཚུལ་རྣམ་པར་གཞག་པ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་དགག་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་འདོད་ཚུལ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། ཉན་ཐོས་ཀྱི་འདོད་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་བའི་འདོད་པའོ། །དེ་གཉིས་ཀ་ལ་དོན་དྲུག་སྟེ། ཇི་སྲིད་ཅིག་ཚོགས་བསག་པ་དང༌། སངས་རྒྱས་པའི་དུས་དང༌། གནས་དང༌། ཚུལ་དང༌། མཛད་པ་དང༌། མྱ་ངན་ལས་འདས་ནས་ཇི་ལྟར་གནས་པའི་ཚུལ་ལོ། །འདི་རྣམས་ལ་ཕྱོགས་སྔ་མ་དགོད་པ་དང༌། དེ་དགག་པ་སྟེ་གཉིས་གཉིས་ཀྱིས་རྟོགས་པར་བྱའོ། །འདིར་ཡི་གེ་མངས་པས་འཇིགས་པས་མ་བྲིས་པས་རྒྱས་པར་སློབ་དཔོན་གྱིས་བརྗོད་པར་བྱའོ། །སྤྱི་དོན་གཉིས་པ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་འདོད་ཚུལ་གཏན་ལ་དབབ་པ་ལ་དྲུག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སངས་རྒྱས་པའི་དུས་ནམ་ཡིན་པ་དང༌། གནས་གང་ཡིན་པ་དང༌། ཚུལ་ཇི་ལྟར་འཚང་རྒྱ་བ་དང༌། སངས་རྒྱས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དང༌། སྤྱིར་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པའི་ཚུལ་དང༌། བྱེ་བྲག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སྤྲུལ་པའི་སངས་རྒྱས་ཀྱི་དུས་ལ་སོགས་པ་བཤད་པའོ། །དང་པོ་དུས་ནི་སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ནི། རྒྱལ་པོ་ཟས་གཙང་མའི་སྲས་དོན་ཐམས་ཅད་གྲུབ་པ་དཀའ་ཐུབ་མཛད་པ་ཡན་ཆད་བྱང་ཆུབ་སེམས་དཔའ་རང་རྒྱུད་པ་ཡིན་ལ། དེ་ནས་ཡིད་ཀྱིས་ལུས་འོག་མིན་དུ་སངས་རྒྱས་ནས། དེ་ནས་སྤྲུལ་པ་པོ་འདིར་སངས་རྒྱས་པའི་ཚུལ་སྟོན་པའོ་ཞེས་འདོད་དོ། །དེའང་ཡང་དག་པ་མ་ཡིན་ཏེ། མདོ་ལས་བཅོམ་ལྡན་འདས་འདི་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བར་སྟོན་པར་མཛད་དོ། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་དཔག་ཏུ་མེད་པའི་ཐོག་མར་སངས་རྒྱས་ནས། སྤྲུལ་པའི་སངས་རྒྱས་ཤཱཀ་ཐུབ་ནི་ཕྱིས་བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བའི་ཚུལ་སྟོན་པ་ཡིན་ནོ་ཞེས་བྱ་བ་འདི་ཐེག་པ་ཆེན་པོའི་སློབ་དཔོན་དབྱིག་གཉེན་དང༌། ཟླ་བ་གྲགས་པ་དང༌། ཀུན་དགའ་སྙིང་པོ་དང༌། སྐལ་ལྡན་གྲགས་པ་ལ་སོགས་པ་ཕལ་ཆེ་བའང་བཞེད་ལ། ཁོ་བོ་ཅག་གི་བླ་མ་བརྒྱུད་པ་རྣམས་ཀྱང་བཞེད་པ་ཡིན་ནོ། །དེ་ལྟར་ན་དུས་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་ཉིད་དུ་སངས་རྒྱས་ཟིན་ཅིང་ད་དུང་དུ་རྟག་ཏུ་བཞུགས་ཏེ། བརྟན་པ་རྟག་པ་མཆོག་ཏུ་ཡང༌། །ཞེས་གསུངས་སོ། །གཉིས་པ་གནས་ནི། སྟུག་པོ་བཀོད་པའི་གནས་ཞེས་ཀྱང་བྱ། འོག་མིན་གྱི་གནས་ཞེས་ཀྱང་བྱ་བ་དེ་ཡིན་ནོ། །དེ་ལྟར་ཡང༌། སློབ་དཔོན་ངག་དབང་གྲགས་པས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། འཛམ་གླིང་སྐྱེ་བོའི་དོན་ཕྱིར་ཤཱཀྱའི་ཏོག་གྱུར་གང༌། །ཞེས་གསུངས་པ་དང༌། ལང་ཀར་གཤེགས་པ་ལས་ཀྱང༌། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་འཚང་རྒྱ། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་འོག་མིན་ཞེས་བྱ་བའི་དོན་ནི་སློབ་དཔོན་ཀུན་དགའ་སྙིང་པོས་དེ་ཉིད་འདུས་པའི་གླེང་གཞིར་བཅོམ་ལྡན་འདས་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་ཏེ་ཞེས་བྱ་བའི་འགྲེལ་པ་ལས། འོག་མིན་གྱི་ལྷ་ཞེས་བྱ་བ་ནི་ཐོག་མའི་ལྷ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྲས་ཀྱི་ཐུ་བོ་སྟེ་ས་བཅུའི་བྱང་ཆུབ་སེམས་དཔའོ། །དེའི་གནས་ནི་ཐོག་མར་སངས་རྒྱས་པའི་གནས་སོ་ཞེས་སོ། །དེ་ལ་འོག་མིན་གྱི་གནས་དེ་གང་ན་ཡོད་ཅེ་ན། མི་མཁས་པ་ཁ་ཅིག་ན་རེ་གནས་གཙང་མའི་སྟེང་མ་ནི་འོག་མིན་ཞེས་བྱ་བ་ཡིན་ལ། དེ་དག་སྤངས་པའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་གཞན་འོག་མིན་ཞེས་བྱ་བ་ཡོད་དོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་དེ་ལྟར་བཤད་པའི་གཞུང་ཡང་མ་མཐོང་ལ་དེའི་སྟེང་ན་གནས་གཞན་ཡོད་ཀྱང་ས་བཅུ་པ་རྣམས་ཀྱི་གནས་སུ་བཤད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་བཞུགས་པར་མ་བཤད་དོ། །དེས་ན་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་ཆུང་ངུ་ཡིན་ནོ། །ཡང་དེ་དག་ནི་འཇིག་པ་ལ་བརྟེན་པས་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་མི་རྟག་པ་ཡིན་ལ་སྟུག་པོ་བཀོད་པ་ན་མི་འཇིག་སྟེ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དགའ་འདི། །སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དེ་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང༌། །ཞེས་སོ། །འོ་ན་གང་ཡིན་ཞེ་ན། འཕགས་པ་སངས་རྒྱས་ཕལ་པོ་ཆེ་ལས་འབྱུང་སྟེ་དེའང་འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཚུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ནང་དུ་ཚུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཆེན་མཚོའི་ཕྱག་གི་མཐིལ་ལ་གནས་སོ། །བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཁོར་དང་བཅས་པ་གང་ན་བཞུགས་པའི་གནས་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ཡང་དག་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཡིན་ལ། དེའི་ནང་ན་གནས་པའི་དུམ་བུ་ཐམས་ཅད་ནི་སྤྲུལ་པའི་སྐུའི་སངས་རྒྱས་ཀྱི་གནས་ཡིན་ཏེ། དེའང་བློ་གྲོས་ཀྱི་རིམ་པས་ཁ་ཅིག་ལ་ནི་འཛམ་བུའི་གླིང་དུ་སངས་རྒྱས་པར་སྣང་ལ། ཁ་ཅིག་ལ་ནི་གནས་གཙང་མའི་འོག་མིན་དུ་སངས་རྒྱས་ནས་མཛད་པ་མཛད་ལ། བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའ་ཁ་ཅིག་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱར་སངས་རྒྱས་པར་མངོན་ནོ། །ཁ་ཅིག་ལ་ནི་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་མཐའ་དག་སངས་རྒྱས་ཀྱི་ཞིང་གཅིག་ཏུ་བསྟུན་ཏེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང༌། འཕགས་པ་མི་གཡོ་བའི་རྟོག་པ་ཆེན་པོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་ཐམས་ཅད་འོད་ཟེར་གྱིས་ཀུན་ཏུ་གང་བར་མཛད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དེ་བས་ན་བློ་གྲོས་རྒྱ་ཆེ་ཆུང་གི་དབྱེ་བས་སྣ་ཚོགས་སུ་སྣང་བ་ནི་སྤྲུལ་པའི་སངས་རྒྱས་ཀྱི་གནས་སོ། །གལ་ཏེ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ལ་དེ་བས་ཀྱང་ཞིང་ཁམས་ཆེ་བ་ཡོད་མོད་སྙམ་ན། དགག་པར་མི་ནུས་མོད་ཀྱང་མདོ་རྒྱུད་དང་བསྟན་བཅོས་ནས་བཤད་པ་མ་མཐོང་ལ། འདི་ནི་ཕལ་པོ་ཆེ་དང༌། དེ་ཉིད་འདུས་པ་དང༌། དབང་བསྐུར་བའི་རྒྱུད་ལ་སོགས་པ་ནས་བཤད་པ་དང་བླ་མ་རྣམས་ཀྱི་གསུང་ལ་བརྟེན་ཏེ་བྲིས་སོ། །དེ་བས་རྒྱ་ཆེ་བ་ནམ་མཁའི་ཁམས་ཐམས་ཅད་ནི་ཆོས་ཀྱི་སྐུའི་ཞིང་ཡིན་ནོ། །དེ་ལྟར་ཡང་དེ་ཁོ་ན་ཉིད་འདུས་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ནམ་མཁའི་དབྱིངས་བཞིན་དུ་རྟག་ཏུ་བཞུགས་ཤིང་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་གསུངས་སོ། །དེ་ལྟ་བས་ན་སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་ཡིན་ལ། དེའི་སྨོན་ལམ་དང་མཛད་པ་ལའང་མཐའ་མེད་པས་ཞིང་ཡང་མཐའ་མེད་པ་ཡིན་མོད། གོང་དུ་བཤད་པའི་ཞིང་ཁམས་ཀྱི་ཚད་དེ་ལྟར་ངེས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལ་སྣང་བ་ཡིན་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དེ་ཙམ་ཞིག་བཤད་པས་འོག་མིན་ལྷའི་རྒྱལ་པོའི་གནས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོས་མཐར་ཕྱིན་པའི་གནས་ཞེས་བྱ་བ་གོང་དུ་བསྟན་པ་དེ་ཙམ་ཞིག་བཤད་པ་ཡིན་ནོ། །དེ་དག་ཀྱང་རྒྱས་པར་སློབ་དཔོན་གྱིས་བཤད་དོ། །གསུམ་པ་གནས་དེར་སྟོན་པ་ཇི་ལྟར་སངས་རྒྱས་ཤེ་ན། དེ་ལ་གཉིས་ཏེ། ཕྱིའི་མངོན་བྱང་ལྟར་བགྲོད་པ་དང༌། ནང་གི་མངོན་བྱང་ལྟར་བགྲོད་པའོ། །དང་པོ་ལ་གཉིས་ཏེ། སྟོན་པ་སངས་རྒྱས་པའི་ཚུལ་དངོས་དང་དེས་སྐུ་གསུམ་རོ་གཅིག་པར་གྲུབ་པའི་ཚུལ་ལོ། །དོན་འདི་དག་དེ་ཉིད་འདུས་པའི་རྒྱུད་ལས་འབྱུང་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཞིང་ཁམས་ནམ་མཁའ་དང་མཉམ་ཡང༌། ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་དེ་ཙམ་ཞིག་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བསྐལ་པ་དཔག་ཏུ་མེད་པར་ཚོགས་ཡོངས་སུ་རྫོགས་པ་དེས། ཞིང་དེ་ཙམ་ཞིག་སྦྱངས། སེམས་ཅན་དེ་ཙམ་ཞིག་སྨིན་པར་མཛད་ནས། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱའོ་སྙམ་ནས་དཔལ་སྟུག་པོ་བཀོད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། མི་གཡོ་བའི་བསམ་གཏན་ལ་མཉམ་པར་གཞག་གོ །དེ་ནས་ཞིང་ཁམས་དེ་ཐམས་ཅད་དེ་བཞིན་གཤེགས་པས་གང་ནས་བཞུགས་པས་དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་གཤེགས་ཏེ། ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། བྱང་ཆུབ་སེམས་དཔའ་དེ་མི་གཡོ་བའི་ཏིང་ངེ་འཛིན་དེ་ལས་བསླངས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་སྙམ་ཞེས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལངས་ཏེ་ཕྱག་བྱས་ནས། བཅོམ་ལྡན་འདས་རྣམས་བདག་གིས་མ་འཚལ་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས་ཇི་ལྟར་བསྒྲུབ་པར་བགྱི་བཀའ་སྩལ་དུ་གསོལ་ཞེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་ཏུ་བཀའ་སྩལ་པ། རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ་རང་བཞིན་གྱིས་གྲུབ་པའི་སྔགས་ཅི་དགར་ཟློས་ཤིག་ཅེས་བྱ་བ་ལ་སོགས་པའི་ལུང་ཕོག་ཅིང༌། བྱང་ཆུབ་སེམས་དཔས་མཉམ་པར་གཞག་པས་མངོན་པར་བྱང་ཆུབ་པ་ལྔ་ཡེ་ཤེས་ལྔའི་རང་བཞིན་གྱིས་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་ལགས་པར་མཐོང་ལགས་སོ་ཞེས་བྱ་བའི་བར་དུ་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་སུ་ཞུགས་པས་སངས་རྒྱས་ཐམས་ཅད་རོ་གཅིག་པར་གསུངས་པས་མངོན་པར་བྱང་ཆུབ་པ་དེ་བརྟན་པར་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཉམ་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཉིད་ཀྱིས་སྐུ་གསུམ་གྲུབ་སྟེ། མངོན་པར་བྱང་ཆུབ་པ་དང་པོ་དང་ཐ་མས་ཆོས་ཀྱི་སྐུ་གྲུབ་ལ། གཉིས་པ་དང་གསུམ་པས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བཞི་པས་སྤྲུལ་པའི་སྐུར་གྲུབ་བོ། །ཁ་ཅིག་དང་པོ་མེ་ལོང་ལྟ་བུ་ཡིན་པས་དེའང་ལོངས་སྤྱོད་རྫོགས་པའི་སྐུར་འདོད་དོ། །ཁ་ཅིག་དེ་ལྟར་མངོན་པར་བྱང་ཆུབ་པ་ནི་གོ་རིམ་ཡིན་ལ། དེ་ནས་དབང་བཞི་བསྐུར་བ་དང་སྐུ་བཞི་ཐོབ་པར་འདོད་དེ་རྡོ་རྗེ་རྩེ་མོ་ལས། དེ་ནས་སངས་རྒྱས་ཐམས་ཅད་ནི། །ཐུགས་ཀ་ནས་ནི་བྱུང་ནས་ནི། །ཆོས་ཀྱི་དབང་བསྐུར་བཞི་པོ་ཡིས། །དེ་ཚེ་ཐུབ་པ་དབང་བསྐུར་འགྱུར། །རྡོ་རྗེ་སེམས་དཔར་བྱས་པ་ཡི། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བ། །འབྲས་བུ་བྱང་ཆུབ་སེམས་ལྡན་གང༌། །རྡོ་རྗེ་སེམས་དཔའི་དབང་བསྐུར་ཡིན། །ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་དང་ཤེས་རབ་དང་བརྩོན་འགྲུས་ཀྱི་དབང་ངོ༌། །དབང་བཞི་པོ་ཉིད་སྐུ་གསུམ་དུ་བཤད་དེ། རྡོ་རྗེ་སེམས་དཔའི་དབང་བསྐུར་བ། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བ། །དེ་བཞིན་མཚན་དང་དཔེ་བྱད་དོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །མཁའ་མཚུངས་ཆོས་ཀྱི་སྙིང་པོ་ཅན། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །གསང་བ་བཞི་ཡི་དབང་བསྐུར་བས། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་དེ་རྣམ་སྣང་མཛད་ཆེན་འགྱུར། །ཆོས་ཉིད་ཀྱང་ནི་ཡང་དག་རྟོགས། །ཆོས་དང་ལོངས་སྤྱོད་རྫོགས་པར་རྟོགས། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དང༌། སེམས་ཉིད་དབྱེ་བ་མེད་པར་གྱུར་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་མངོན་པར་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རང་གི་དོན་དང་དེའི་མཛད་པ་ཕྲིན་ལས་སྤྲུལ་པའི་སྐུ་སྟེ་གསུམ་མོ། །ཡང་ལོངས་སྤྱོད་རྫོགས་པ་ནི་རྣམ་པར་སྣང་མཛད་ཡིན་ལ་ཆོས་སྐུ་ནི་རྣམ་སྣང་ཆེན་པོ་ཡིན་ཏེ་དེ་ཉིད་སྣང་བ་ལས། རྣམ་པར་སྣང་མཛད་དང་རྣམ་པར་སྣང་མཛད་ཆེན་པོ་འདི་གཉིས་ཀྱི་ཁྱད་པར་ནི་གང་ཡིན་ཞེ་ན། འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་ཡིན་ལ་དེ་དང་ཐུགས་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ནི་རྣམ་པར་སྣང་མཛད་ཆེན་པོ་ཡིན་ནོ་ཞེས་སོ། །ཡང་རྣམ་སྣང་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་ཞེས་བྱ་ལ། རྣམ་སྣང་ཆེན་པོ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་ཞེས་བྱའོ། །སྤྲུལ་པའི་སྐུ་ལ་ནི་དབུགས་དབྱུང་གཉིས་ཀ་ཡོད་དོ། །དོན་གཉིས་པ་ནང་གི་མངོན་པར་བྱང་ཆུབ་པའི་ཚུལ་དུ་བགྲོད་པ་ནི། ཕྱིའི་མངོན་བྱང་དེ་ཉིད་ཀྱི་དུས་སུ་བགྲོད་པ་ཡིན་ཏེ། དེའང་ཚུལ་འདི་དག་རྡོ་རྗེ་གུར་ལས་འབྱུང་སྟེ་ཉི་མ་གཅིག་གིས་འགྲུབ་པར་འགྱུར། ཉི་མ་གཉིས་ཀྱི་ཆོ་ག་དང༌། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཡུལ་རྣམས་ཀྱི་རླུང་དང་བྱང་ཆུབ་ཀྱི་སེམས་དབུ་མར་སྟོབས་སུ་གྱུར་ཏེ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་རྒྱས་པར་རྒྱུད་ཀྱི་མངོན་རྟོགས་ལས་འབྱུང་བ་བཞིན་ནོ། །དེ་ལྟར་ན་སྟོན་པ་ངེས་དོན་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་བསྟན་ཏོ། །བཞི་པ་བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ཞེ་ན། འདི་ལ་གཉིས་ཏེ། ངེས་པའི་དོན་གྱི་སངས་རྒྱས་ཀྱི་ཆོས་མི་འགྱུར་བའི་ཆོས་ཀྱི་འཁོར་ལོ་དང༌། སོ་སོའི་གནས་སུ་སོ་སོའི་གདུལ་བྱ་ལ་སྤྲུལ་པ་མཆོག་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལོ། །དང་པོ་ལའང་ལྔ་སྟེ། གནས་དང༌། སྟོན་པ་དང༌། འཁོར་དང༌། དུས་དང༌། ཆོས་ཕུན་སུམ་ཚོགས་པའོ། །དང་པོ་གནས་ནི་གོང་དུ་བསྟན་པའི་སྟུག་པོ་བཀོད་པའི་གནས་སོ། །སྟོན་པ་ནི་གོང་དུ་བསྟན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན་ནོ། །གལ་ཏེ་སྟོན་པ་ལོངས་སྤྱོད་རྫོགས་པ་ནི་འཁོར་ལ་ཆོས་སྟོན་པར་འགྱུར་ན། སྟོན་པ་ཆོས་ཀྱི་སྐུས་ཆོས་སྟོན་པ་མེད་པས་སྟོན་པར་ཇི་ལྟར་འགྱུར་སྙམ་ན། སྟོན་པའི་ཐུགས་ཉིད་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་སྟོན་པར་ཡང་འགྱུར་ལ། ཡང་ཆོས་ཀྱི་སྐུ་ཉིད་ཀྱང་གཟུགས་ཀྱི་རྣམ་པར་མཛད་དེ། ཆོས་སྟོན་པར་སྤྱོད་པ་དེ་ལ་སྟོན་པ་དཔལ་རྡོ་རྗེ་འཆང་ཞེས་བྱའོ། །དེ་སྐད་དུའང་དེ་ཉིད་འདུས་པ་ལས། ཨེ་མའོ་བདག་ནི་རང་བྱུང་བའི། །ཀུན་ཏུ་བཟང་པོ་སེམས་དཔའ་བསྟན། །དེ་ནི་བསྟན་ཕྱིར་ལུས་མིན་ཡང༌། །སེམས་དཔའི་ལུས་སུ་གྱུར་པ་ཡིན། །ཞེས་རྡོ་རྗེ་སེམས་དཔའི་སྐུར་མཛད་ནས་ཆོས་སྟོན་ཏོ། །གལ་ཏེ་དེ་ལྟར་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་སུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་དེ་གཉིས་ལ་ངོ་བོ་དབྱེར་མེད་པ་ཡིན་ཏེ་དབྱེ་བ་ཡོད་ན་ཆོས་ཀྱི་སྐུ་གཟུགས་བརྙན་དུ་ཇི་ལྟར་འགྱུར། །དེས་ན་ཟླ་གསང་ཐིག་ལེ་ལས། ང་ཡང་འདོད་དང་གཟུགས་མཆོག་ཏུ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །ངས་ཀྱང་ཆོས་ཀྱི་སྐུ་མཆོག་ཏུ། །སངས་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །ཞེས་གསུངས་པས་སྟོན་པ་གཅིག་ཉིད་དོ། །ཡང་ན་སྟོན་པ་སེམས་དཔའ་དེ་ནི་སྡུད་པའི་འཁོར་གྱི་ཆ་བཟུང་ལ། དེ་བཞིན་གཤེགས་པས་སྟོན་པའི་ཆ་བཟུང་བའི་ཕྱིར་ཡང་སྟོན་པ་གཉིས་སུ་གྱུར་པའི་སྐྱོན་མེད་དོ། །འཁོར་ལ་གཉིས་ཏེ། དེ་བཞིན་གཤེགས་པའི་འཁོར་དང༌། བྱང་ཆུབ་སེམས་དཔའི་འཁོར་རོ། །དང་པོ་ནི། ནམ་མཁའི་ཁམས་འདི་ཐམས་ཅད་དཔེར་ན་ཏིལ་གྱི་གང་བུ་ཏིལ་གྱི་ས་བོན་གྱིས་གང་བ་བཞིན་དེ་བཞིན་གཤེགས་པས་གང་བར་མཐོང་ངོ༌། །ཞེས་གསུངས་པ་ལྟ་བུའོ། །གཉིས་པའང་བརྗོད་ཀྱིས་མི་ལང་པའིའང་བརྗོད་ཀྱིས་མི་ལང་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དེ་རེ་རེ་ལའང་སྤྲུལ་པའི་འཁོར་དང༌། རང་རྒྱུད་པ་ཐ་དད་པའི་འཁོར་རོ། །དང་པོ་སྤྲུལ་པ་ནི་ཡེ་ཤེས་ཀྱི་སྐུ་དང་དེའི་ཐུགས་ཆོས་ཀྱི་སྐུའི་བདག་ཉིད་རྣམ་སྣང་ཆེན་པོ་ལས་རྡོ་རྗེ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་སྤྲུལ་པར་དེ་ཉིད་འདུས་པ་ལས་བཤད་ལ། རྡོ་རྗེ་རྩེ་མོ་ལས་ཀྱང༌། ཨེ་མ་ཧོ་རྣམ་དག་ཡེ་ཤེས་དག །ཨེ་མ་ཧོ་སངས་རྒྱས་ཉན་ཐོས་པ། །ཨེ་མ་གར་མཁན་འཁོར་ལོ་འདི། །རང་གི་ཡེ་ཤེས་འདྲི་བར་བྱེད། །ཅེས་གསུངས་པ་དང༌། དཔལ་སཾ་པུ་ཊ་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པའང་ང༌། །ཞེས་སོ། །མདོ་སྡེ་རྒྱན་ལས་ཀྱང༌། སྐུ་གསུམ་དག་གི་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པ་བསྟན། །སྤྲུལ་པའི་སྐུས་ནི་གཞན་དོན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུས་ནི་རང་དོན་ཏོ། །ཆོས་ཀྱི་སྐུས་ནི་གཉིས་ཀའི་དོན་བསྟན་ཏོ། །ཞེས་གསུངས་པས་ལོངས་སྐུ་རང་དོན་ཡིན་པས་འཁོར་ཡང་རང་དོན་ཡིན་ནོ། །ཡང་འཁོར་རྒྱུད་ཐ་དད་པ་ཡོད་པར་ཇི་ལྟར་ཤེས་ཤེ་ན། མདོ་ཁ་ཅིག་ལས་ཀྱང་གསུངས་ལ། རྒྱུད་བླ་མ་ལས་ཀྱང༌། ཀུན་རྫོབ་སྐུ་གཉིས་གཞན་གྱི་དོན། །ཞེས་གསུངས་པས་ཀྱང་ཤེས་ལ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པར་སྣང་བར་བཤད་ལ། དེ་བཞིན་གཤེགས་པའང་ཆོས་སྐུ་ལ་དབྱེ་བ་མེད་ཀྱང་རྒྱུད་ཐ་དད་པས་གྲོལ་བ་ཡོད་ལ། དེ་ཐམས་ཅད་དགོངས་པ་གཅིག་པར་བྱ་བའི་ཕྱིར་གཅིག་ཏུ་འདུ་བ་གསུངས་པ་ལྟ་བུའོ། །དུས་ནི་རྟག་ཏུ་གནས་པ་སྟེ། །བརྟན་པ་རྟག་པ་མཆོག་ཏུ་ཡང༌། །ཞེས་པ་དང༌། སཾ་པུ་ཊའི་རྒྱུད་ཕྱི་མ་ལས་བཅོམ་ལྡན་འདས་ནི་འོག་མིན་ལས་བསྐྱོད་པར་མི་མཛད་དོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ནི་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་དུ་མཛད་པ་སྟེ། མི་འགྱུར་བའི་ཆོས་ཀྱི་འཁོར་ལོའོ། །གཉིས་པ་སོ་སོའི་གནས་སུ་སྤྲུལ་པ་མཆོག་གི་ཆོས་ཀྱི་འཁོར་ལོ་དེའང་སྔ་མ་ལྟར་ལྔ་སྟེ། སྟོན་པ་དང༌། འཁོར་དང༌། དུས་དང༌། གནས་དང༌། ཆོས་སོ། །དེ་ལ་དང་པོ་སྟོན་པ་ནི་འདི་ལྟར་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་ལས་མི་བསྐྱོད་ཀྱང་གནས་ཐ་དད་པར་གདུལ་བྱ་ཐ་དད་པ་ལ་སྤྲུལ་པ་སོ་སོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ནི། དཔེར་ན་ནམ་མཁའ་ལ་ཟླ་བ་ཤར་བས་ཆུ་ཐམས་ཅད་ལ་ཟླ་བའི་གཟུགས་བརྙན་འཆར་བ་དང་འདྲའོ། །བྱེ་བྲག་ཏུ་འདི་གདུལ་བྱ་གྲུབ་པའི་ས་ལ་གནས་པ་ཡན་ཆད་ལ་སྣང་བས་སྤྲུལ་པའི་སྐུ་མཆོག་ཅེས་བྱའོ། །འཁོར་སྤྲུལ་པ་རྣམས་ནི་སྔ་མ་དང་འདྲ་ལ་རང་རྒྱུད་པ་ནི་གྲུབ་པའི་ས་ལ་གནས་པ་ཡན་ཆད་རྣམས་སོ། །དེ་ལྟར་ཡིན་པར་ཅིས་ཤེས་ན་ཁམས་གསུམ་རྣམ་པར་རྒྱལ་བའི་སྤྲུལ་བཤད་ལས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་དུ་བཙུད་པ་ལས་དེ་མ་ཐག་ཏུ་གྲུབ་པར་གྱུར་ཏོ་ཞེས་པས་ཤེས་སོ། །དུས་ནི་རྒྱུན་མི་འཆད་པར་རོ། །གནས་ནི་ངེས་པ་མེད་དོ། །ཆོས་ནི་ཐེག་པ་ཆེན་པོའོ། །ཡང་བྱེ་བྲག་ཏུ་སྟོན་པ་ལོངས་སྐུ་རྣམ་པར་སྣང་མཛད་འདི་སངས་རྒྱས་ནས་དེའི་སྤྲུལ་པ་མཆོག་གིས་གནས་གང་དུ་དུས་ནི་ནམ་ཆོས་ཇི་ལྟར་གསུངས་ཤེ་ན། སྤྱིར་མཐའ་ཡས་ཀྱང་ཅུང་ཟད་སྨོས་ན། དེའང་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་མ་ཐག་ཏུ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་གསུངས་ཏེ། རྒྱུད་དེ་ཉིད་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་རྫོགས་པ་སངས་རྒྱས་ནས་རིང་པོར་མ་ལོན་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་བཟང་པོ་ཞེས་བྱ་བ་དང༌། ཡང་རི་རབ་ཀྱི་རྩེ་མོ་གང་ན་བ་དང༌། ཁང་བུ་བརྩེགས་པ་གང་ན་བ་དེར་བྱོན་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་དབྱིངས་ཀྱི་སྤྲུལ་བཤད་མཛད་པ་ལ་སོགས་པས་དེ་ཁོ་ན་ཉིད་འདུས་པའི་རྒྱུད་གསུངས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྒྱ་ཆེ་བའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རིག་པ་འཛིན་པ་དུ་མ་འདུ་བའི་གནས་བྱང་ཆུབ་སེམས་དཔའི་ལུས་སེངྒེའི་ཁྲི་ལ་བཞུགས་ཏེ། ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་གསུངས་པ་དང༌། བཅོམ་ལྡན་འདས་རླུང་ལ་བཞུགས་ཏེ་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་འདི་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་འཕགས་པ་མི་གཡོ་བའི་རྒྱུད་གསུངས་པ་དང༌། དེ་བཞིན་དུ་བཅོམ་ལྡན་འདས་དབང་བསྐུར་གྱི་ཁང་པ་ན་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པར་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་གསུངས་པ་དང༌། དེ་བཞིན་དུ་བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ལྷའི་བདག་པོའི་གནས་ན་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པས་དཔལ་མཆོག་དང་པོའི་རྒྱུད་གསུངས་པ་དང༌། དེ་བཞིན་དུ་གནས་གཙང་མ་ན་བཞུགས་ནས་སུ། ཐམས་ཅད་མཁྱེན་པས་འདི་སྐད་གསུངས། །ཞེས་བྱ་བ་ལ་སོགས་པས་གདན་བཞིའི་རྒྱུད་གསུངས་པ་དང༌། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཅོམ་ལྡན་འདས་བཞུགས་བྱ་བ་ལ་སོགས་པས་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་གསུངས་པ་དང༌། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ལ་སོགས་པས་བདེ་མཆོག་གི་རྒྱུད་གསུངས་པ་ལ་སོགས་པ་སྟེ། མདོར་ན་བརྗོད་ཀྱིས་མི་ལང་བའི་མདོ་སྡེ་དང་རྒྱུད་སྡེ་རྣམས་སྐུ་དང་གསུང་གི་བཀོད་པ་ཐ་དད་པས་གསུངས་པ་དང༌། ཡང་གནས་གཅིག་ཏུ་དུས་གཅིག་ཉིད་ཀྱི་ཚེ་གདུལ་བྱ་ཐ་དད་པ་ལ་ཆོས་ཐ་དད་པ་བསམ་གྱིས་མི་ཁྱབ་པ་གསུངས་ཏེ། དགོངས་པ་ལུང་སྟོན་པའི་རྒྱུད་ལས། རྟོག་པ་མེད་ཅིང་འཁྲུག་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ན། །བྱེ་བྲག་མང་པོར་གྱུར་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །སྤྱི་དོན་ལྔ་པ་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་པའི་ཚུལ་སྤྱིར་བསྟན་པ་ནི། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་མཛད་པ་ཡིན་མོད་ཀྱང་གཙོ་ཆེ་བས་ལོགས་སུ་བྱས་སོ། །དེ་དག་ལ་སོགས་པའི་མཛད་པ་མཐའ་ཡས་སོ། །དེའང་བསྡུ་ན་ལྔ་སྟེ། མཛད་པ་པོ་དང༌། མཛད་པའི་རྒྱུ་དང༌། དུས་དང༌། གནས་དང༌། མཛད་པའི་ཚུལ་ལོ། །དེ་ལ་དོན་མཛད་པ་པོ་ནི་གོང་དུ་བསྟན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྣམ་པར་སྣང་མཛད་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་བདག་ཉིད་ཅན་གང་ཡིན་ན་གཅིག་པོ་ཉིད་ཡིན་ཏེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཅིག་པུ་ཉིད་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བཞུགས་སོ་ཞེའོ། །གལ་ཏེ་སྟོན་པ་གཞན་གཏན་མེད་དམ་ཞེ་ན། ལུང་ལས་གསུངས་པས་བདག་ཅག་ལ་སྣང་བ་ཁོ་ན་ཡིན་ལ། གཞན་རྒྱུད་ཐ་དད་པ་དུ་མ་གྲོལ་བ་ཡོད་པ་དང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཡོད་པས་དཔག་ཏུ་མེད་པ་དགག་པར་མི་ནུས་སོ། །གཉིས་པ་དོན་མཛད་པའི་རྒྱུ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཤུགས་དང༌། དེའི་དབང་གིས་སྨོན་ལམ་བཏབ་པ་གང་ཡིན་པ་དེ། ཇི་སྐད་དུ་སངས་རྒྱས་མཉམ་སྦྱོར་ལས། རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་དུས་ཇི་སྲིད་ཅིག་ཏུ་སེམས་ཅན་གྱི་དོན་མཛད་ཅེ་ན། བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་དུ་སངས་རྒྱས་ནས། ཇི་སྲིད་དུ་སེམས་ཅན་གྱི་ཁམས་མ་སྟོངས་པ་དེ་སྲིད་ཀྱི་བར་དུ་བཞུགས་ཏེ། དེའི་བར་ལའང་རྒྱུན་ཆད་པ་མེད་པར་སེམས་ཅན་གྱི་དོན་མཛད་དེ། རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །ཞེས་བཤད་དོ། །སློབ་དཔོན་ཟླ་གྲགས་ཀྱིས་ཀྱང་དབུ་མ་ལ་འཇུག་པ་ལས། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་ཐ་དད་ན། །ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་བསྐལ་པ་དེ་སྙེད་དེ། །འོན་ཀྱང་གསང་བ་འདི་ནི་གཞན་ལ་བསྙད་གཞི་མ་ལགས་སོ། །རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེའི་མ་མ་ཡིས། །ཚུལ་ལུགས་མེད་པར་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །ཞེས་བཤད་པ་ལྟ་བུའོ། །བཞི་པ་གནས་གང་དུ་མཛད་པ་ནི་གཙོ་ཆེ་བའི་དབང་དུ་བྱས་ནས། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་བརྒྱུད་པ་བསྟན་ནས། འཇིག་རྟེན་གྱི་ཁམས་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཡོངས་སུ་སྦྱངས་སོ་ཞེས་གསུངས་པས། འཇིག་རྟེན་གྱི་ཁམས་ལ་ལ་ནི་འཆགས་ལ་ལ་ནི་འཇིག་ལ་ལ་ནི་གནས་པ་དེ་ཐམས་ཅད་ཀྱི་སེམས་ཅན་དེ་དག་ཐམས་ཅད་སྐལ་བ་དང་ལྡན་པས་སྔོན་ཡོངས་སུ་བཟུང་བས་གཙོ་ཆེར་དོན་མཛད་དོ། །གཞན་དེ་བཞིན་གཤེགས་པའི་ཡེ་ཤེས་དང་སྨོན་ལམ་དང༌། ཐུགས་རྗེ་ལ་ཐོགས་པ་མེད་པས་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་དེ། སངས་རྒྱས་མཉམ་སྦྱོར་ལས། ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་གནས། །གྲུབ་པའི་དབང་ཕྱུག་རབ་གྲུབ་པས། །ཐམས་ཅད་བདག་ཉིད་འཇུག་པར་བྱེད། །ཅེས་གསུངས་སོ། །ལྔ་པ་ཚུལ་ཇི་ལྟར་དོན་མཛད་པ་ནི། སེམས་ཅན་རེ་རེའི་མདུན་ནའང་ཐབས་སྣ་ཚོགས་ཀྱིས་དོན་མཛད་ཅིང་བཞུགས་ཏེ། དབང་བསྐུར་བའི་རྒྱུད་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གཟུགས་བརྙན་གྱི་རྣམ་པར་སེམས་ཅན་ཐམས་ཅད་ཀྱི་མདུན་དུ་འདུག་གོ་ཞེས་གསུངས་སོ། །ཡང་དུས་གཅིག་ཏུ་གནས་ཐ་དད་པར་མཛད་པ་མཐའ་ཡས་པས་སེམས་ཅན་གྱི་དོན་མཛད་དེ། དཔལ་སཾ་པུ་ཊ་ལས། ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་སེམས། །ཁ་ཅིག་ཏུ་ནི་ཇི་ལྟར་སྤྱོད་རྗེས་འབྲང༌། །ཁ་ཅིག་ཏུ་ནི་བྱང་ཆུབ་མངོན་བྱང་ཆུབ། །ཁ་ཅིག་ཏུ་ནི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་ལ་སོགས་པ་དང༌། ཡེ་ཤེས་ཐིག་ལེ་ལས་ཀྱང༌། ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་དང་ལ་ལ་རུ་ནི་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ལྟ་བུའོ། །དེ་ལྟར་དུས་མཐའ་ཡས་པའི་དུས་ནས་བཅོམ་ལྡན་འདས་གཅིག་པོ་ཉིད་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་དོན་མཛད། ཅེས་བྱ་བ་དེ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནམ་སྙམ་ན། མ་ཡིན་ཏེ་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས། བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཞེས་གསུངས་པ་དང༌། འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་དེ་ཉིད་ཅེས་གསུངས་པས་ཤེས་སོ། །དེ་ལྟར་དུས་མཐའ་ཡས་པ། གནས་མཐའ་ཡས་པ། མཛད་པ་མཐའ་ཡས་པ་འདི་ནི་དམན་པ་བློ་མ་སྦྱངས་པ་རྣམས་ཀྱིས་མོས་པ་བྱ་བ་ཙམ་ཡང་དཀའ་བས་ན་གསལ་བར་སློབ་དཔོན་ཟླ་གྲགས་ཀྱིས་གསུངས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། མདོ་ཀུན་ལས་བཏུས་པ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྒྱ་ཆེ་བ་ཉིད་ལ་མོས་པ་ནི་ཤིན་ཏུ་རྙེད་པར་དཀའོ། །ཞེས་མཐར་ཐུག་པར་གསུངས་སོ། །དེ་བས་ན། བཅོམ་ལྡན་ཡོན་ཏན་རྒྱ་ཆེ་རྟོག་བློའི་ཡུལ་མིན་ཀྱང༌། །བླ་མའི་མཐུ་དང་གསུང་རབ་ལས་རྙེད་ཕྱོགས་ཙམ་ཞིག །མོས་བློས་གསང་བ་སྨྲས་ལ་འཕགས་པ་རྣམས་དགྱེས་ལགས། །འོན་ཀྱང་དེ་ཡི་འཁོར་རབ་གཏུམ་པོའི་ཚོགས་རྣམས་བཟོད་མཛད་རིགས། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ན་དོན་མཛད་པ་པོའི་ཐུགས་རྗེ་ལ་སྐྱོ་དུབ་མི་མངའ་ཞིང་དོན་བྱ་བའི་སེམས་ཅན་ལ་མཐའ་མེད་པ་དེས་ན་མཛད་པ་རྒྱུན་མི་འཆད་པར་རྒྱུན་གྱིས་རྟག་པའི་ཕྱིར་དེ་དག་ཀྱང་ཡང་དག་པའི་སངས་རྒྱས་ཡིན་ནོ། །སྤྱི་དོན་དྲུག་པ། ད་ནི་མཛད་པ་དེ་ཉིད་ཀྱི་བྱེ་བྲག་ཁྱད་པར་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སངས་རྒྱས་འབྱུང་བའི་དུས་ལ་སོགས་པ་བརྗོད་པར་བྱའོ། །འདི་ལ་བརྒྱད་དུ་གསུང་ཡང༌། གཟུང་བདེ་བའི་ཕྱིར་ལྔར་བྱ་སྟེ། སྤྲུལ་པའི་སྐུ་ཇི་ལྟར་འབྱུང་བའི་ཚུལ་དང༌། དེ་ལ་འཁོར་ཇི་ལྟར་འབྱུང་བའི་ཚུལ་དང༌། དེས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་དང༌། བཀའ་ཇི་ལྟར་བསྡུ་བ་བྱས་པ་དང༌། མི་རྣམས་ལ་ཇི་ལྟར་འཕེལ་བའི་ཚུལ་ལོ། །དེ་ལ་དང་པོ་ཇི་ལྟར་བྱུང་བའི་ཚུལ་ལ་བཞི་སྟེ། གནས་དང༌། དུས་དང༌། ཚུལ་ཇི་ལྟར་སངས་རྒྱས་པ་དང༌། དེའི་མཛད་པའོ། །དེ་ལ་དང་པོ་གནས་ནི་སྤྱིར་གོང་དུ་བསྟན་པ་ལྟར་བསམ་གྱིས་མི་ཁྱབ་ཀྱང་རེ་ཞིག་འཇིག་རྟེན་གྱི་ཁམས་མི་མཇེད་བཟུང་ལ། དེ་ལས་ཀྱང་དབུས་ཀྱི་གླིང་བཞི་པའི་ལྷོའི་འཛམ་བུའི་གླིང་སྐབས་དོན་ཡིན་པས་བཟུང་ངོ༌། །གཉིས་པ་དུས་ཀྱང་བསམ་གྱིས་མི་ཁྱབ་ཀྱང་བསྐལ་པ་བཟང་པོ་བཟུང་ལ། ཡང་སྟོན་པ་ངེས་དོན་དུ་སངས་རྒྱས་ནས་རྡོ་རྗེ་ཐེག་པ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་ལ་གདོད་འཛམ་བུའི་གླིང་དུ་ཤཱཀྱ་ཐུབ་པ་འབྱུང་བ་ཡིན་ཏེ། འཕགས་པ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ལས། རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་དང༌། ཕྱི་མའི་ཕྱི་མ་གསུངས་ནས། རྒྱུད་ཉེ་བར་བསྡུ་བ་གསུངས་པའི་སྐབས་སུ་གསུངས་ལ། མི་ཡི་ནང་དུ་བབས་ནས་ཀྱང༌། །དགོས་ཕྱིར་སེམས་ཅན་ཀུན་གྱི་དོན། །རྡོ་རྗེ་འཁོར་ལོ་མཆོག་བསྐོར་ཞིང༌། །མགོན་པོས་རབ་ཏུ་བསྒྲུབ་པར་མཛོད། །ཅེས་བྱ་བ་དང༌། དེ་ནས་རི་རབ་ཀྱི་རྩེ་མོ་ནས་སྙིང་པོ་བྱང་ཆུབ་ག་ལ་བ་དེར་གཤེགས་ནས། ཆེད་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་རྩྭ་བླངས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་ཕྱག་ན་རྡོ་རྗེ་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པར་དབང་བསྐུར་བའི་རྗེས་ལ། དེ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་གྱིས་གླིང་བཞི་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་དུ་བདུད་ཕམ་པར་མཛད་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་སྟོན་པ་ཇི་ལྟར་སངས་རྒྱས་པའི་ཚུལ་ནི། སྟོན་པ་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུ་ནི་འཇིག་རྟེན་དང་མཐུན་པར་མཛད་པའི་ཕྱིར་རང་གི་ངོ་བོ་སངས་རྒྱས་ཟིན་ཡང་འཚང་རྒྱ་བའི་ཚུལ་སླར་སྟོན་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ། དེ་ལྟར་ཡང་དེ་ཁོ་ན་ཉིད་འདུས་པ་ལས་གསུངས་པ། ལྷ་རྣམས་ཀྱིས་སྨྲས་པ། གྲོགས་པོ་རྣམས་འདི་ནི་སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་གྱིས་འོན་ཀྱང་འཇིག་རྟེན་དང་མཐུན་པར་མཛད་ཅིང་སླར་ཡང་བླ་ན་མེད་པའི་བྱང་ཆུབ་སྟོན་གྱིས་ཞེས་བྱ་བ་ནས། དེ་ནས་དེའི་མཚན་མོ་བདུད་ཕམ་པར་མཛད་ནས། ཐོ་རངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་གྱི་ཁམས་མ་ལུས་པ་ལ་ཕན་པར་མཛད་པ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །གལ་ཏེ་དེ་ལྟར་ན་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་ལུགས་ལེགས་ཏེ། མཚམས་འདིར་རྩྭ་བླངས་ནས་ཞེས་བྱ་བའམ། དེའི་མཚན་མོ་ཞེས་བྱ་བ་ནས་མཚམས་བཟུང་བའི་ཕྱིར་རོ་སྙམ་ན། མ་ཡིན་ཏེ་དབང་བསྐུར་བའི་རྒྱུད་ལས། དབང་བསྐུར་བའི་རྗེས་ལ་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། མཐར་གྱིས་སྤྱོད་པ་སྤྱད་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཐར་ཐུག་པར་བྱིན་གྱིས་བརླབས་ནས་ཆོས་སྟོན་ཏོ་ཞེས་གསུངས་པ་ལྟ་བུའོ། །བཞི་པ་དེའི་མཛད་པ་ནི་སྟོན་པ་དེ་བཞིན་གཤེགས་པ་དགའ་ལྡན་ན་གནས་པ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་བར་དུ་མཛད་པ་བརྒྱད་དམ་བཅུ་གཉིས་སམ་བཅུ་དྲུག་གམ་བསམ་གྱིས་མི་ཁྱབ་པ་དེ་དག་མཛད་དེ་ཐུན་མོང་བ་འདི་ནི་རྒྱ་ཆེ་རོལ་པའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་འཁོར་ཇི་ལྟར་བྱུང་བའི་ཚུལ་ལ་གཉིས་ཏེ། སྤྱིར་སྐལ་བ་དང་ལྡན་པའི་འཁོར་ཇི་ལྟ་བུ་ཞིག་ཡིན་པ་དང༌། བྱེ་བྲག་ཏུ་སྡུད་པ་པོ་ཇི་ལྟར་བྱུང་བའི་ཚུལ་བསྟན་པའོ། །དང་པོ་ནི་སྤྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཡོངས་སུ་བཟུང་ཞིང་སྨོན་ལམ་བཏབ་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྨིན་པར་བྱས་པས། ཚོགས་ལམ་ཆེན་པོ་ཡན་ཆད་དུ་གྱུར་པ་སྟེ། ཉན་ཐོས་ཀྱི་རིགས་ཅན་ནམ་བྱང་ཆུབ་སེམས་དཔའི་རིགས་ཅན་གཉིས་ཀའི་དབང་དུ་བྱས་ནས། ཁ་ཅིག་ཚོགས་ལམ་ཆེན་པོ། ཁ་ཅིག་དྲོད། ཁ་ཅིག་རྩེ་མོ། ཁ་ཅིག་བཟོད་པ། ཁ་ཅིག་ཆོས་མཆོག ཁ་ཅིག་མཐོང་ལམ་ནས་བརྩམས་ནས་བྱང་ཆུབ་སེམས་དཔའི་ས་ཆེན་པོར་ཆུད་པའི་བར་ཏེ། དེ་དག་ཀྱང་སྐལ་བ་མཐུན་པ་ཕྱོགས་གཅིག་ཏུ་སྐྱེ་བ་བཟུང་བ་རྣམས་སོ། །གལ་ཏེ་ཚོགས་ལམ་ཡན་ཆད་ལ་མི་རིགས་ཏེ། སངས་རྒྱས་མཐོང་ཡང་ལོག་པར་ལྟ་བ་དང་ལྡན་པ་དང༌། དམྱལ་བར་སྐྱེས་པ་ལ་སོགས་པ་དུ་མ་ཡོད་པའི་ཕྱིར་རོ་སྙམ་ན། མ་ཡིན་ཏེ་མི་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་དབང་དང་ལས་ཀྱི་སྒྲིབ་པས་བསྒྲིབས་པས། བདེན་པ་མ་མཐོང་གི་བར་དུ་ལོག་པར་ལྟ་བ་འཛིན་པའང་ཡོད་ལ། བཟོད་པ་མ་ཐོབ་ཀྱི་བར་དུ་ངན་སོང་དུ་འགྲོ་བ་ཡང་ཡོད་དོ། །འོ་ན་དེ་དེ་དག་གིས་སངས་རྒྱས་མཐོང་བས་ཅི་ཞིག་བྱ་སྙམ་ན། ཡང་དེ་དག་གི་ལས་ཀྱི་སྒྲིབ་པ་སྲབ་མོར་བྱེད་ཅིང་ཡོངས་སུ་སྨིན་པར་བྱེད་དོ། །གཉིས་པ་བྱེ་བྲག་ཏུ་སྡུད་པ་པོ་ཇི་ལྟར་བྱུང་བ་ཡིན་ཞེ་ན། དེ་ལ་སྡུད་པ་པོ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པས་སྡུད་པར་འོས་ཀྱིས་གཞན་མ་ཡིན་ནོ། །ཆོས་ཐུགས་སུ་ཆུད་པ་དེའང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་དབང་བ་ཡིན་གྱི་གཞན་མ་ཡིན་ནོ། །དེ་ལ་སྤྱིར་ཉན་ཐོས་རྣམས་ནི་སངས་རྒྱས་ཀྱི་མཐུ་མ་ཡིན་པར་ཆོས་སྨྲ་བའི་སྤོབས་པ་མེད་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་སྤོབས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་ཆོས་སྟོན་པ་ཡིན་མོད་ཀྱང༌། དེ་ཐམས་ཅད་ཀྱིས་ཀྱང་སྡུད་པའི་འོས་མ་ཡིན་ནོ། །འོ་ན་གང་ཡིན་ན། བཅོམ་ལྡན་འདས་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ། །དེའང་སྟུག་པོ་བཀོད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་ལ་དེའང་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེའང་གཟུགས་ཀྱི་སྐུའི་རྣམ་པར་བཞུགས་ཏེ། ཨེ་མ་བདག་ནི་རང་བྱུང་བའི། །ཞེས་གོང་དུ་བསྟན་ཏོ། །དེས་མེ་ཏོག་གི་སྙིང་པོའི་རྒྱན་གྱི་འཇིག་རྟེན་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བ་བསྟན་པའི་བདག་པོར་གཏད་ལ། དེ་འཇིག་རྟེན་ཆགས་འཇིག་ལ་སོགས་པའི་གནས་སྐབས་ཀྱི་སྐྱེ་བ་ཐ་དད་པ་ལེན་པར་སྨོན་ལམ་བཏབ་སྟེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བསྐལ་པ་བཟང་པོ་ལ་གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་ཞེས་བྱ་བ་གསང་བ་ཐམས་ཅད་དང་བསྟན་པ་ཐམས་ཅད་ཀྱི་བདག་པོ་ཡིན་ཏེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བྱིན་གྱིས་བརླབས་ནས། སངས་རྒྱས་ཀྱི་མཛད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དུས་ཀྱི་དབང་གིས་སྐྱེ་བ་ཡོངས་སུ་བཟུང་བར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དབང་བསྐུར་ནས་དེ་ཉིད་ལ་བསྟན་པ་གཏད་དོ། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འཇིག་རྟེན་ཁྱི་ཁམས་མེ་ཏོག་གི་སྙིང་པོའི་རྒྱན་བཀོད་པ་ཐམས་ཅད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་བསྟན་པར་སྨོན་ལམ་བཏབ་ནས་གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་སྟེ། དབུས་ཀྱི་འཛམ་བུའི་གླིང་མི་མཇེད་འདིར་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་སུ་གནས་སོ། །ཞེས་གསུངས་པ་ལྟ་བུའོ། །མི་རྣམས་ཀྱི་ཕྱིར་ནི་གནས་བརྟན་ཀུན་དགའ་བོ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་ལས་གསུངས་པ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། འདི་ལྟ་སྟེ་འཇམ་དཔལ་ནི་རྒྱལ་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་སྡུད་པ་པོ་ཡོན་ཏན་དང་མཛད་པ་དང་དབང་བསྐུར་བ་ལ་སོགས་པ་རྣམས་དབང་བསྐུར་གྱི་རྒྱུ་དང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །གསུམ་པ་བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ཞེ་ན། དེ་ལ་གཉིས་ཏེ། ཐུན་མོང་གི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང༌། ཐུན་མོང་མ་ཡིན་པའི་རྡོ་རྗེ་ཐེག་པ་ཇི་ལྟར་བསྐོར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དེ་ལ་དང་པོ་ནི་མི་མཁས་པ་ཁ་ཅིག་ན་རེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཏེ། དང་པོ་ཝཱ་རཱ་ཎ་སཱིར་ཉན་ཐོས་ཀྱི་རིགས་ཅན་དྲང་བའི་དོན་དུ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ལ། དེས་ཡོད་པར་འཛིན་པ་ཤས་ཆེ་བར་གྱུར་པས། བར་དུ་བྱ་རྒོད་ཕུང་པོ་ལ་སོགས་པར་ངོ་བོ་ཉིད་མེད་པ་སྟོང་པར་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ལ། དེས་མེད་པར་འཛིན་པ་ཤས་ཆེ་བར་གྱུར་པས་ཐ་མར་མཉན་ཡོད་ལ་སོགས་པར་ངོ་བོ་ཉིད་མེད་པ་ལས་བརྩམས་ནས། ལེགས་པར་ཕྱེ་བའི་འཁོར་ལོ་གསུམ་པ་ངེས་པའི་དོན་བསྐོར་རོ། །དེ་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱིར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། སུས་ཀྱང་མ་བསྐོར་བའི་འཁོར་ལོ་བསྐོར་ཏེ། འཁོར་ལོ་དེའང་བླ་ན་མཆིས་པ་དྲང་བའི་དོན་རྩོད་པའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། འཁོར་ལོ་དེ་ཡང་བླ་ན་མཆིས་པ་དྲང་བའི་དོན་རྩོད་པའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་བླ་ན་མ་མཆིས་པ་ངེས་པའི་དོན་རྩོད་པའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། ཀྱེ་མ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་རོ་ཞེས་བཤད་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་རིགས་མི་འདྲ་བ་གསུམ་དུ་བསྐོར་བ་དེ་ནི་བདེན་ན། ཡུལ་ཐ་དད་པར་དུས་རིམ་པ་ཅན་དུ་བསྐོར་རོ་ཞེས་ཟེར་བ་དེ་ནི་མི་རིགས་སོ། །ཇི་ལྟར་མི་རིགས་ཞེ་ན། ལུང་རིགས་དང་འགལ་བ་དང༌། ཉན་ཐོས་ཀྱི་རྩོད་པ་མི་སྤོང་བ་དང༌། བདེ་བར་གཤེགས་པ་ལ་སྐུར་པ་བཏབ་པར་འགྱུར་བ་ལ་སོགས་པ་སྐྱོན་དུ་མར་འགྱུར་བས་མི་རིགས་པས་སོ། །གཉིས་པ་རང་གི་འདོད་པ་བརྗོད་པ་ནི། ཁོ་བོ་ཅག་ནི་འདི་ལྟར་འདོད་དེ་དེའང་མདོ་སྡེ་རྒྱན་ལས་ཀྱང་ཐེག་པ་ཆེན་པོ་བཀར་བསྒྲུབ་པའི་དུས་སུ། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་ཞེས་གསུངས་ལ་དགོངས་པ་ལུང་བསྟན་པ་ལས་ཀྱང༌། རྟོག་པ་མེད་ཅིང་འཁྲུག་མེད་པ། །ཡིད་འོང་རྡོ་རྗེ་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ན། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་གསུངས་པས། དུས་གཅིག་ཉིད་ལ་བཅོམ་ལྡན་འདས་ཀྱི་གསུང་གཅིག་ཉིད་གདུལ་བྱ་ཐ་དད་པ་རྣམས་ལ་ཆོས་ཐ་དད་པ་སྣང་བ་ཡིན་ནོ། །དེ་ནི་གང་དུ་བཤད་པའི་དགོངས་པ་ངེས་པར་འགྲེལ་པའི་ལུང་དང་ཡང་མི་འགལ་ཏེ། ལུང་དེ་ལས་ཀྱང་ཆོས་ཐ་དད་པ་གསུངས་ཀྱི་གནས་ཐ་དད་པ་དང་དུས་ཐ་དད་པ་མ་གསུངས་སོ། །དེས་ན་གདུལ་བྱ་རྣམས་ལ་དུས་གཅིག་ཏུ་གསུང་གཅིག་གིས་ཆོས་ཐ་དད་པ་གསུངས་པ་ནི་གསུང་གི་བཀོད་པ་ཞེས་བྱ་བ་ཡིན་ལ། དུས་གཅིག་ལ་གནས་ཐ་དད་པར་སྐུ་ཐ་དད་པ་དུ་མ་སྟོན་པ་ནི་སྐུའི་བཀོད་པས་དོན་མཛད་པའོ། །དོན་གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པ་ཇི་ལྟར་བསྐོར་ཚུལ་ལ་གཉིས། ཇི་ལྟར་བསྐོར་ཚུལ་དངོས་དང༌། དེ་ལ་འགལ་བ་སྤང་བའོ། །དང་པོ་ནི་སྤྱིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དེ་ཉིད་ཀྱིས་གསང་སྔགས་ཀྱང་གསུངས་པར་རིག་པར་བྱ་མོད། འོན་ཀྱང་བྱེ་བྲག་ཏུ་བཤད་ན། སྤྱིར་གསང་སྔགས་མཐའ་དག་སྔར་བཤད་པའི་ཚུལ་གྱིས་ཤཱཀྱ་ཐུབ་པའི་སྔ་རོལ་དུ་སྤྲུལ་པའི་སྐུ་མཆོག་གིས་གསུངས་ལ། ཕྱིས་ཤཱཀྱ་ཐུབ་པས་བཟླས་ཏེ་གསུངས་པའང་ཡོད། ཕྱིས་བཟླས་ཏེ་མ་གསུངས་པའང་ཡོད། དེ་ཉིད་ཀྱི་རྣམ་འཕྲུལ་གཞན་གྱིས་གསུངས་པའང་ཡོད་དོ། །དེ་ལ་བཟླས་ཏེ་གསུངས་པ་ནི་དཔེར་ན་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལྟ་བུ་སྟེ། དང་པོར་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པར་ཀུན་ཏུ་བཟང་པོ་དབང་བསྐུར་བའི་གླེང་གཞི་གསུངས་ནས། དེ་ནས་མི་མཇེད་ཀྱི་གླེང་གཞི་གྲོང་ཁྱེར་དཔལ་ཡོན་ཅན་དུ་ཕྱག་ན་རྡོ་རྗེ་དབང་བསྐུར་བ་གསུངས་པ་ལྟ་བུའོ། །དེ་བཞིན་དུ། འཛམ་བུའི་གླིང་སོགས་ད་ལྟའི་གནས། །ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །ཞེས་བྱ་བ་ལ་སོགས་པ་དང༌། འཁོར་ལྔ་སྡེ་ལ་སོགས་པ་དང་བཅས་པ་ཐུན་མོང་བ་སྨྲོས་པའི་རྒྱུད་རྣམས་ནི་གསུང་གི་བཀོད་པས་ཆོས་གསུངས་པ་ཡིན་ལ། གནས་ཐུན་མོང་མ་ཡིན་པ་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་ལ་སོགས་པ་རྣམས་དང༌། འཁོར་ཐུན་མོང་མ་ཡིན་པ་སྨོས་པ་རྣམས་ནི་སྐུའི་བཀོད་པ་མཛད་དེ་ཆོས་གསུངས་པའོ། །དེ་ལྟར་ན་ཕྱིས་བཟླས་ཏེ་གསུངས་པའོ། །ཕྱིས་བཟླས་ཏེ་མ་གསུངས་པའང་ཡོད་དེ། དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཐོག་མར་གསུངས་ནས་དེའི་རྒྱུད་རྫོགས་པའི་རྗེས་ལ། མི་ཡི་ནང་དུ་བབས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་འཛམ་བུའི་གླིང་དུ་གཤེགས་པ་ལ་སོགས་པ་མཛད་པ་བསྟན་པ་ལྟ་བུའོ། །དཔལ་བདེ་མཆོག་གི་རྒྱུད་ཀྱང་ཕྱིས་བཟླས་ཏེ་མ་གསུངས་པ་ཡིན་ནོ་ཞེས་སློབ་དཔོན་སྐལ་ལྡན་གྲགས་པ་བཞེད་དོ། །དཔལ་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ལས། ཆོས་ཀྱི་རྣམ་གྲངས་འདི་ནི་ཐོག་མ་མེད་པའི་རྒྱུད་ཅན་ཡིན་ཏེ། བཅོམ་ལྡན་ཤཱཀྱ་ཐུབ་པ་ལས་སྔ་བ་ཉིད་དུ་གནས་སོ། །དུས་ཀྱི་དབང་གིས་སྲེག་པའི་བསྐལ་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནུབ་པ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སླར་ཡང་གསུངས་པ་ཡིན་ནོ། །དཔལ་བདེ་མཆོག་ནི་དེ་ལྟ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ན་དཔའ་བོ་དཔའ་མོ་ལ་སོགས་པས་ཉམས་སུ་བླངས་ཏེ་གནས་པའི་ཕྱིར་མ་ནུབ་བོ། །ཞེས་བཤད་པ་ལྟ་བུའོ། །འདི་ཉིད་ཀྱི་རྣམ་འཕྲུལ་གཞན་གྱིས་གསུངས་པ་ནི་འདུས་པ་ལ་སོགས་པའི་རྒྱུད་ཕལ་ཆེ་བ་ཡིན་ནོ་ཞེས་གསུངས་ཏེ། དཔལ་གསང་བ་འདུས་པ་ལས་དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་བྱུང་བ་བརྗོད་ཀྱིས་མི་ལང་བའི་ཡང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པའང་འདས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འདས་པ་ནས་ཐུབ་པ་ཆེན་པོ་འོད་སྲུང་སངས་རྒྱས་པའི་བར་གྱིས་ཀྱང་མ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་ཆེན་པོའི་གནས་ཀྱི་དོན་བཤད་པ་དེའི་དུས་སུ་སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་ཞེས་གསུངས་པ་ལ། སློབ་དཔོན་ཁ་ཅིག་འོད་སྲུངས་ཀྱི་བར་མ་གསུངས་ཞེས་འབྱུང་བས་ཤཱཀྱ་ཐུབ་པས་གསུངས་ཞེས་ཤུགས་ལས་འབྱུང་བས་ཤཱཀྱ་ཐུབ་པས་གསུངས་པར་ཤེས་སོ། །འོ་ན་དེ་ལྟ་བུའི་རྡོ་རྗེ་བཙུན་མོའི་བྷ་ག་དེ་གནས་གང་དུ་བྱུང་ཞེ་ན། འདི་ལ་ཁ་ཅིག་ན་རེ། བཅོམ་ལྡན་འདས་ཡུམ་གྱི་ལྷུམས་ན་བཞུགས་པ་དེའི་ཚེ་གསུངས་པ་ཡིན་པས་དེས་ན་རྡོ་རྗེ་བཙུན་མོའི་བྷ་གའོ་ཞེས་ཟེར་ཏེ་འདི་ནི་གྱི་ནའོ། །གྱི་ན་ཇི་ལྟར་ཡིན་ཞེ་ན། རྒྱུད་དང་རྟོག་པ་དང་བསྟན་བཅོས་ལས་ཀྱང་མ་བཤད་ལ་གཏམ་དུ་ཡོངས་སུ་གྲགས་པའང་མ་ཡིན་པས། རང་བཟོ་མཁན་རྣམས་ཀྱིས་རང་བཟོར་བྱས་པ་ཡིན་པར་རིག་པར་བྱའོ། །ཡང་སློབ་དཔོན་གཞན་དག་ན་རེ་གཏམ་དུ་གྲགས་པ་འདི་ཡོད་དེ། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན་བཞུགས་པ་དེའི་ཚེ། དེ་ནས་དཔག་ཚད་གསུམ་བརྒྱ་ན་ཨཽ་ཌྱན་ཞེས་བྱ་བའི་ཡུལ་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་ཡོད་དེ། དེས་སྔ་དྲོའི་དུས་གཅིག་གི་ཚེ་དགེ་སློང་གི་གཟུགས་དུ་མ་ནམ་མཁའ་ལས་འགྲོ་བ་མཐོང་སྟེ། དེས་དེ་དག་ཅི་ཡིན་མ་ཤེས་ཏེ། བློན་པོ་རྣམས་ལ་དྲིས་པས་དེ་དག་གིས་ཀྱང་མ་ཤེས་སོ། །དེ་ནས་གྲོང་ཁྱེར་བ་ལ་དྲིས་པས་དེ་དག་གི་ནང་ན་གཅིག་ན་རེ་འདི་ནས་དཔག་ཚད་སུམ་བརྒྱ་ན་མཉན་ཡོད་ཅེས་བྱ་བའི་གྲོང་ཁྱེར་ན་རྒྱལ་པོ་ཟས་གཙང་མ་ཞེས་བྱ་བའི་སྲས་སངས་རྒྱས་པ་བཞུགས་པས། འདི་དག་དེའི་འཁོར་ཡིན་ནོ་ཞེས་སྨྲས་པ་དེ་རྒྱལ་པོས་ཐོས་པས་སངས་རྒྱས་ཞེས་བྱ་བའི་སྒྲ་དེས་རྒྱལ་པོ་མངོན་པར་དད་དེ་དེའི་ཕྱོགས་སུ་ཕྱག་བཙལ་ཏེ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་འདུག་པས་མཉན་ཡོད་ན་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་པ་མཐོང་ངོ༌། །དེར་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཅན། རྫུ་འཕྲུལ་གྱི་ཞབས་མངའ་བས་སང་གི་གདུགས་ཚོད་ལ་འདིར་གཤེགས་པར་གསོལ་ཞེས་གསོལ་བ་བཏབ་པས། སང་གི་གདུགས་ཚོད་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་ཏེ། རྒྱལ་པོ་འཁོར་དང་བཅས་པས་མཆོད་ནས་གསོལ་བ། བདག་ཅག་སྲིད་པའི་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ་ཞེས་ཞུས་སོ། །བཀའ་སྩལ་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཤིག་དང་ཐབས་ཡོད་དོ། །གསོལ་པ། བདག་ཅག་ནི་འདོད་པའི་ཡོན་ཏན་གྱི་གདུང་བ་ཆེ་ན་འདི་མ་སྤངས་པ་ཉིད་དུ་ཐར་པའི་ཐབས་ཞུའོ་ཞེས་གསོལ་པ་དང༌། དེ་ཉིད་ཀྱི་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་འདོད་ཆགས་ཅན་དེ་དག་རྗེས་སུ་གཟུང་བའི་ཕྱིར། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ནས་བཙུན་མོའི་འཁོར་གྱི་དབུས་སུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དབང་བསྐུར་བས་དེ་ཉིད་ཀྱི་ཚེ་གྲོལ་བར་མཛད་དོ། །དེ་བཞིན་དུ་རྡོ་རྗེ་ཐེག་པའི་ཆོས་གསུངས་པས་རྒྱལ་པོ་འཁོར་དང་བཅས་པ་གྲོལ་བར་མཛད་དེ་གསང་བའི་བདག་པོ་ལ་བསྟན་པ་གཏད་དེ་བསྡུས་སོ་ཞེས་འདོད་དོ། །གཞན་དག་ན་རེ། གཏམ་དུ་གྲགས་པ་དེའང་ཆོས་བསྡུས་པའི་དུས་ཀྱི་གཏམ་ཡིན་ལ་ཆོས་ཀྱི་རྣམ་གྲངས་འདིའང་ཐོག་མ་མེད་པའི་རྒྱུ་ཅན་དུ་རིག་པར་བྱའོ། །ཇི་ལྟར་ཞེ་ན། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས་གསུངས་པ། མ་འོངས་པའི་དུས་སུ་ཡང་དག་པའི་གསང་བའི་རྒྱུད་སུས་སྐལ་བ་དང་ལྡན་པའི་སེམས་ཅན་ལ་བཤད་པ་བྱེད་པར་འགྱུར། བཀའ་སྩལ་པ་ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ། །ཕྱག་ན་རྡོ་རྗེ་མགོན་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །དེ་ལ་སྐྱེ་དང་འགག་པ་མེད། །རང་བྱུང་མཆོག་གི་དབང་ཕྱུག་གོ །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་དང་ལ་ལ་རུ་ནི་འཛིན། །ཞེས་གསུངས་པས་འཇིག་རྟེན་ཆགས་འཇིག་ལ་སོགས་པ་བྱུང་བའི་སྔ་རོལ་ཉིད་དུ་ཆགས་ཅན་གཟུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཙུན་མོའི་བྷ་ག་ལ་སོགས་པའི་རྣམ་འཕྲུལ་མཛད་ནས་གསུངས་པ། ཕྱིས་ཕྱག་ན་རྡོ་རྗེས་བསྡུས་པ་ལྟ་བུར་གསལ་ལོ། །དཔལ་གསང་བ་གྲུབ་པ་ལས་སྔ་མའི་གཏམ་དེ་སྡུད་པ་ཡིན་པར་འཆད་དེ་འོག་ཏུ་བཤད་པར་བྱའོ། །ཡང་སློབ་དཔོན་ཁ་ཅིག་ན་རེ། མཚན་ཡང་དག་པར་བརྗོད་པ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང༌། །ཞེས་འབྱུང་བས། ཐོག་མར་ཡང་གསུངས་ལ། ད་ལྟར་གྱི་སངས་རྒྱས་ཀྱི་ཀྱང་གསུངས་པས་རྒྱུན་དུ་གསུངས་པ་ཡིན་ནོ། །ཞེས་འདོད་དོ། །དོན་གཉིས་པ་གསང་སྔགས་དེ་ལྟར་གསུངས་པ་ལ་འགལ་བ་སྤང་བ་ལ་གཉིས་ཏེ། གསུངས་པའི་དུས་ལ་འགལ་བ་སྤང་བ་དང༌། སྟོན་པ་ལ་འགལ་བ་སྤང་བའོ། །དང་པོ་ནི་གལ་ཏེ་མཚན་བརྗོད་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་བཤད་པ་དེ་དང་གསང་བ་འདུས་པ་ལས་མར་མེ་མཛད་ནས་འོད་སྲུངས་ཀྱིས་བར་གྱིས་མ་གསུངས་པར་བཤད་པ་དེ་དག་འགལ་ལོ་ཞེ་ན། དེ་ལ་སློབ་དཔོན་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བ་ཁ་ཅིག་གསུང་བར་བཤད་པ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་མཛད་པ་ཡིན་ལ། མི་གསུང་བར་བཤད་པ་ནི་སྤྲུལ་པའི་སྐུའི་དབང་དུ་བྱས་པ་ཡིན་ཏེ་སྤྲུལ་པའི་སྐུས་མ་བཤད་པའམ། ཕྱག་ན་རྡོ་རྗེ་བདག་གིས་དེའི་བར་དུ་མ་བཤད་དོ། །བར་དུ་ཞེས་བྱ་བ་འདིས་གོང་དུ་བྱུང་བ་དང་ཕྱིས་འབྱུང་བ་མ་བཀག་གོ །ཞེས་འཆད་དོ། །ཡང་ཁ་ཅིག་གསུང་བར་བཤད་པ་ནི། སྤྱིར་གསང་སྔགས་གཞན་ཡིན་ལ། མི་གསུང་བར་བཤད་པ་ནི་གསང་བ་འདུས་པ་འབའ་ཞིག་ཡིན་ནོ། །ཞེས་ཟེར་རོ། །ཡང་སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པ་མང་པོའི་བཞེད་ཀྱིས། གསུང་བར་བཤད་པ་ནི་ངེས་པའི་དོན་ཡིན་ལ་མི་གསུང་བར་བཤད་པ་ནི་དཔལ་གསང་བ་འདུས་པའི་ཆེ་བ་བརྗོད་པ་ཙམ་ཡིན་ཏེ། དཔེར་ན་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཀྱང་འཇིག་རྟེན་དུ་མ་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་གསུངས་པ་ལྟ་བུའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འཇིགས་པར་གྱུར་ཏོ་ཞེས་ལ་དོར་བ་ལྟ་བུའམ། སངས་རྒྱས་ཐམས་ཅད་ཀྱི་གསུང་གཅིག་ཡིན་ཞིང་མཐུན་ཡང་དུས་གཅིག་གི་ཚེ་འདི་ཐོས་ཀྱི་གཞན་དུ་འདི་མ་ཐོས་ཞེས་གསུང་བ་ལྟ་བུའོ་ཞེས་བཞེད་དོ། །འདིས་ནི་ཡང་དང་ཡང་དུ་གསུངས་པ་དང༌། དུས་གཅིག་གི་ཚེ་འདི་ཐོས་བྱ་བའི་འགལ་བའང་བསལ་བ་ཡིན་ནོ། །སློབ་དཔོན་ཨཱརྻ་དེ་བའང་འདི་བཞེད་དེ། སྤྱོད་པ་བསྡུས་པའི་སྒྲོན་མ་ལས། རྒྱུད་ཡང་དག་པ་རྣམས་ལས་བཏུས་ཏེ་སྒྲུབ་ཐབས་ཀྱི་ཡན་ལག་མར་མེ་ལྟ་བུ་དག་སྔོན་བྱེད་པ་འབྱུང་བ་མི་རིགས་ཏེ། རྫོགས་ལྡན་དང་སུམ་ལྡན་དང་ཉིས་ལྡན་གྱི་དུས་ན་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་རྒྱུད་ཀྱི་ཚིག་རྒྱ་ཆེ་བ་དང་སྦས་པའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་སྟོན་ལ་དེ་རྣམས་ཀྱིས་ཀྱང་ཁོང་དུ་ཆུད་པ་ཡིན་ནོ། །ད་ལྟ་ནི་རྩོད་པའི་དུས་ཏེ་ཞེས་འབྱུང་བས། ཤཱཀ་ཐུབ་ནི་རྩོད་དུས་སུ་བྱུང་ལ་རྫོགས་ལྡན་ལ་སོགས་པར་བསྟན་བཅོས་བཀག་ལ་རྒྱུད་ཡོད་པར་བཤད་པས་ཤཱཀ་ཐུབ་པས་སྔ་བར་ཡོད་པར་བཞེད་པ་ཡིན་ནོ། །གཉིས་པ་སྟོན་པ་ལ་འགལ་བ་སྤང་བ་ནི། ཤཱཀ་ཐུབ་ལས་སྔ་བར་ཡོད་ན། ཤཱཀྱ་སེངྒེ་མཆོག་གིས་ནི། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པ་ཤཱཀྱ་ཐུབ་པའི་མཚན་ཁོ་ན་འབྱུང་བ་མ་ཡིན་ནམ་ཞེ་ན། མཚན་བྱུང་མོད་དེ་ནི་སྔོན་བྱུང་བའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ད་ལྟའི་ཤཱཀྱ་ཐུབ་པ་སྟེ་ཐ་དད་པ་མེད་པས་ཐ་དད་དགག་པའམ་མཚོན་སླ་བའི་དབང་དུ་བྱས་ནས་སྡུད་པ་པོས་དེ་ལྟར་གསུངས་པ་ཡིན་ཏེ་དཔེར་ན་འཕགས་པ་མཽའུ་གལ་གྱི་བུའི་སྐྱེ་བ་དཔག་ཏུ་མེད་པའི་གོང་གི་ལས་བྱས་པ་དེའང༌། བཅོམ་ལྡན་འདས་ཀྱིས་དགེ་སློང་མཽའུ་གལ་གྱི་བུས་ལས་བྱས་པ་དེ་གཞན་ས་ལ་མ་ཡིན་ཆུ་ལ་མ་ཡིན་མེ་ལ་མ་ཡིན་རླུང་ལ་མ་ཡིན་མཽའུ་གལ་གྱི་བུ་ཉིད་ལ་སྨིན་ཅིང་ཉམས་སུ་མྱོང་ངོ་ཞེས་བཤད་པ་ལྟ་བུའོ། །དེ་བས་ན་ཤཱཀྱ་ཐུབ་པའི་མཚན་ལ་འགལ་བ་མེད་དོ། །དོན་བཞི་པ་བཀའ་བསྡུ་བ་ཇི་ལྟར་བྱས་པ་ལ་གསུམ། ཞར་ལ་བྱུང་བ་ཉན་ཐོས་ཀྱི་བསྡུ་བ་དང༌། ཐེག་པ་ཆེན་པོའི་བསྡུ་བ་དང༌། གསང་སྔགས་ཇི་ལྟར་བསྡུས་ཚུལ་ལོ། །དང་པོ་ནི་ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་བི་མ་ལ་ཡ་ནའི་ཕུག་ཅེས་བྱ་བར་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། མདོ་སྡེ་རྣམས་ནི་ཀུན་དགའ་བོས་བསྡུས། འདུལ་བ་ཉེ་བ་འཁོར་གྱིས་བསྡུས། མངོན་པ་འཕགས་པ་འོད་སྲུངས་ཀྱིས་བསྡུས་སོ། །གཉིས་པ་ཐེག་པ་ཆེན་པོའི་མདོ་རྣམས་ནི་སློབ་དཔོན་ཁ་ཅིག་ན་རེ་ལྷོ་ཕྱོགས་ཀྱི་རྒྱུད་བི་མ་ལ་སཾ་བྷ་བ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་འདུས་ནས་བསྡུས་སོ་ཞེས་བཞེད་ན། དེ་ལའང་སྐྱོན་ཆེན་པོ་ནི་མེད་ལ། འོན་ཀྱང་གསང་སྔགས་དང་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་གཉིས་ཀ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྡུས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་ཕ་རོལ་ཏུ་ཕྱིན་པའི་གཞུང་འགྲེལ་ལས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འཕགས་པ་བྱམས་པས་དྲིས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བདག་གིས་ཐོས་པ་ཡིན་པར་འཁོར་གྱི་ནང་དུ་ཁས་འཆེས་སོ་ཞེས་བཤད་པ་ལྟ་བུའོ། །གནས་ཐ་དད་པར་བསྡུས་པ་ནི། དགག་པར་ཡང་མི་ནུས་བསྒྲུབ་པར་ཡང་མི་ནུས་སོ། །གསུམ་པ་གསང་སྔགས་ཇི་ལྟར་བསྡུས་པ་ལ་གཉིས། གཞན་གྱི་ལོག་རྟོག་དགག་པ་དང༌། །རང་གི་འདོད་པ་བརྗོད་པའོ། །དང་པོ་ནི་འདི་ན་ཁ་ཅིག་སྨྲ་བ། དཔལ་སྡོམ་པའི་རྒྱུད་ཕྱི་མ་ཞེས་བྱ་བ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེར། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེས་གནང་བར་བྱེད། །མི་ལ་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་གྲུབ་འགྱུར་པས། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་འབྱུང་བ་ཡོད་དོ་ཞེས་ཟེར་རོ། །དེ་བས་ན་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་ན་ཤར་ལྷོའི་ཕྱོགས་མཚམས་ཟ་ཧོར་གྱི་ཡུལ་ཨཽ་ཌྱན་ཞེས་བྱ་བར་རྒྱལ་པོ་ཛ་ཞེས་བྱ་བའམ། ཨིནྡྲ་བྷཱུ་ཏི་ཞེས་བྱ་བའི་ཁང་པའི་སྟེང་དུ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་བཞུ་བས་བྲིས་པའི་པོ་ཏི་དཔག་ཏུ་མེད་པ་བབས་སོ། །དེ་རྒྱལ་པོས་བལྟས་པས་ཤེས་ཏེ། བསྒྲུབས་པས་གྲུབ་པ་ཐོབ་བོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྒྱལ་པོས་མ་ཤེས་ཏེ་དགེ་སློང་ཀུ་ཀུ་རེ་ཞེས་བྱ་བ་སྤྱན་དྲངས་པས་དེས་ཀྱང་མ་ཤེས་ཏེ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་ནས་བསྒྲུབས་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་སྟེ་དེར་རྒྱུད་སྡེ་བཅོ་བརྒྱད་ཐམས་ཅད་ཤེས་སོ། །དེ་ནས་རྒྱལ་པོ་ལ་སོགས་པ་འཁོར་དང་བཅས་པས་གྲུབ་བོ། །དེས་གཞན་ལ་འཕེལ་ལོ་ཞེས་ཟེར་བ་ལ་སོགས་པའི་གཏམ་མང་པོ་ཡོད་དེ་མ་བྲིས་སོ། །ཇི་ལྟར་མི་འདྲི་ཞེ་ན། འདི་ནི་རང་བཟོ་མཁན་རྣམས་ཀྱིས་རང་བཟོར་སྦྱར་བ་ཅིའང་རུང་བ་སྨྲས་པའི་ཕྱིར་རོ། །འདི་རང་བཟོ་ཇི་ལྟར་ཡིན་ཞེ་ན། རྒྱལ་པོ་ཛ་ལ་ཕྱག་ན་རྡོ་རྗེས་འཆད་པར་འགྱུར་རོ་ཞེས་བྱ་བ་དེ་དགག་པར་མི་ནུས་སོ། །གླེགས་བམ་བལྟས་ནས་བསྒྲུབས་པས་གྲུབ་ན། གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བ་འབའ་ཞིག་རྒྱུ། །ཞེས་བཤད་པ་དང་འགལ་ལ། བླ་མ་མེད་པར་འགྲུབ་པ་མེད་པར་བཤད་པ་དང་ཡང་འགལ་ལོ། །གཞན་ཡང་ཤར་ལྷོའི་ཕྱོགས་མཚམས་ཞེས་ཟེར་བ་དེ་ཨཽ་ཌྱན་གྱི་ཡུལ་ཡིན་ཞེས་བྱ་བ་འདི་འཇིག་རྟེན་གྱི་གྲགས་པ་དང་མངོན་སུམ་དང་ཡང་འགལ་ལོ། །དེ་ལ་སོགས་པའི་བརྫུན་གྱི་གཏམ་དུ་མ་ཡོད་དེ་བྲི་བར་སུས་ནུས། དེ་བས་ན་གྱི་ན་དེ་བོར་བར་བྱའོ། །དེ་བཞིན་དུ་དེ་དག་གིས་བཤད་པའི་རྒྱུད་སྡེའི་དབྱེ་བ་ལ་སོགས་པ་ཕན་ཚུན་འགལ་བ་དུ་མ་ཡོད་དེ། དེ་དག་གི་སུན་དབྱུང་བ་གཞན་དུ་ཤེས་པར་བྱ་བས་འདིར་མ་བྲིས་སོ། །འོ་ན་དེ་ལྟ་ན་སྡོམ་པའི་རྒྱུད་ཕྱི་མའི་ལུང་འདི་ཇི་ལྟར་དྲང་ཞེ་ན། ལྷ་གནས་གསུམ་དུ་གྲགས་པ་དེ། །ཞེས་བྱ་བ་དེ་ཉིད་བསྡུས་པའི་རྒྱུད་ཡིན་ལ། དེ་ཡུལ་ཤར་ལྷོར་གྲོང་ཁྱེར་པ་ཏི་ཀིརྟི་ཞེས་བྱ་བར་རྒྱལ་པོ་རབ་གསལ་ཟླ་བ་ལ་ཕྱག་ན་རྡོ་རྗེས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལུང་བསྟན་པ་ཡིན་མོད་ཀྱི། ཨཽ་ཌྱན་དུ་ཆོས་བསྡུ་བ་བྱས་པ་ལུང་བསྟན་པ་མ་ཡིན་ནོ། །གཉིས་པ་རང་གི་འདོད་པ་བརྗོད་པ་ནི། འོ་ན་གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བསྡུས་ཤེ་ན། བདག་ཅག་གི་བླ་མ་ལས་ཇི་ལྟར་ཐོས་པ་དེ་ལྟར་རྒྱུད་ནའང་སྣང་བ་ཡིན་ཏེ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་འོངས་པའི་དུས་སུ་གསང་བའི་རྒྱུད་སྐལ་བ་དང་ལྡན་པའི་སེམས་ཅན་ལ་སུས་བཤད་པ་བྱེད། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པ་བྱེད་དོ་ཞེས་བྱ་བ་དང༌། གསང་བའི་སྒྲོན་མ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལས། གསང་བ་ཆེན་མོའི་རྒྱུད་ཤེས་པ་དང་བཤད་པ་མ་འོངས་པ་ན་སུས་བྱེད། བཀའ་སྩལ་པ། ནུབ་ཕྱོགས་ཨཽ་ཌྱན་གྱི་ཡུལ་དཔལ་རྡོ་རྗེ་ཆེན་པོའི་གནས་སུ། ཨཽ་ཌྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བས་ཤེས་པ་དང་བཤད་པ་དང་སེམས་ཅན་ལ་གསལ་བར་བྱེད་དོ། །གསོལ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དེ་ས་བཅུའི་དབང་ཕྱུག་ལགས་སམ། བཀའ་སྩལ་པ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས་གང་ཞིག་བསྟོད་པ། ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ས་བཅུའི་དབང་ཕྱུག་དེ་ཉིད་ཀྱི་སྤྲུལ་པའི་སྐུ་སྟེ་ས་བཅུའི་དབང་ཕྱུག་གོ །ཞེས་བཤད་དོ། །དེ་བས་ན་སྡུད་པའི་གནས་ནི་ཨཽ་ཌྱན་ནོ། །སྡུད་པ་པོ་ནི་ཕྱག་ན་རྡོ་རྗེའོ། །དུས་ནི་བཅོམ་ལྡན་འདས་མྱ་ངན་ལས་མ་འདས་པ་ཉིད་ཀྱི་དུས་ཏེ། འདིའི་གཏམ་ནི་གོང་དུ་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པ་ལ་ཨིནྡྲ་བྷཱུ་ཏིས་ཞུས་པ་ལ་སོགས་པ་སྨྲས་ཟིན་ཏོ། །ཚུལ་ཇི་ལྟར་བསྡུས་ན། བཅོམ་ལྡན་འདས་ཀྱིས་རྣམ་པར་འཕྲུལ་པ་མཛད་པས་འདོད་ཆགས་དང་ལྡན་པ་ཉིད་དུ་བསྟན་ནས། ཆགས་ཅན་གྱི་སེམས་འདུན་པར་མཛད་དེ་སྐལ་བ་དང་ལྡན་པ་ཐམས་ཅད་དབང་བསྐུར་ནས་རྒྱུད་སྨིན་པར་མཛད་པ་ལ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུངས་པ་སྟེ། དཔལ་གསང་བ་གྲུབ་པ་ལས། ཡེ་ཤེས་སྒྱུ་མའི་རང་བཞིན་ཐུགས་རྡོ་རྗེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུར་གྱུར་ནས་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དེ་ཁོ་ན་ཉིད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་ཉིད་སྟོན་ཏོ་ཞེས་འབྱུང་བ་དང༌། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་གསུངས་སོ། །དེ་བས་ན་ངེས་པའི་དོན་ལ་མོས་པ་རྣམས་ཀྱིས་འདི་སྐད་ལ་སོགས་པ་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་སྟེ་ཉམས་སུ་བླང་བྱ་ཉིད་དུ་གོའོ། །བློ་དམན་པ་རྣམས་ཀྱིས་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འདིས་བཅོམ་ལྡན་འདས་ལས་ཐོས་ནས་སྡུད་པ་མཛད་དོ་ཞེས་གོ་བར་གྱུར་ཏོ། །དེས་ན་གཏམ་རྒྱུད་དང༌། འདི་སྐད་བདག་གིས་ཐོས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་ཏོ་ཞེས་བྱ་བ་འདིས་དུས་བཅོམ་ལྡན་འདས་བཞུགས་པའི་དུས་སུ་བསྡུས་པར་ཤེས་སོ། །དེ་ལྟར་ན་ཕྱག་ན་རྡོ་རྗེས་རྒྱུད་སྡེ་མཐའ་དག་བསྡུས་ནས་རྒྱལ་པོ་འཁོར་དང་བཅས་པ་ལ་བྱིན་ནོ། །དེ་དག་གིས་ཀྱང་དངོས་གྲུབ་ཐོབ་པར་གྱུར་པས་རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཞེས་བྱའོ། །དེས་ཨཽ་ཌྱན་གྱི་ཡུལ་དེ་སྟོངས་ཏེ་དེར་མཚོ་ཆེན་པོ་ཀླུས་གང་བ་ཅིག་བྱུང་བར་གྱུར་ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་བྲིས་ཏེ། ཡུལ་དེ་ན་མཚོ་ཆེན་པོའི་ཀླུ་རྣམས་སྨིན་པར་མཛད་ནས་དེ་རྣམས་ལ་རྒྱུད་ཀྱི་གླེགས་བམ་རྣམས་ཕྱག་ན་རྡོ་རྗེས་གཏད་དོ། །དེ་ནས་ཀླུ་དེ་རྣམས་རིམ་གྱིས་མི་གཟུགས་སུ་བསྒྱུར་ཏེ། མཚོའི་འགྲམ་དུ་གྲོང་ཁྱེར་བྱས་ཏེ་དེ་དག་གིས་རྡོ་རྗེ་ཐེག་པ་ཉམས་སུ་བླངས་པས་ཕལ་ཆེར་གྱིས་གྲུབ་པར་གྱུར་ཏོ། །མ་གྲུབ་པ་རྣམས་ཀྱང་མིར་གྱུར་ཏོ། །བུད་མེད་རྣམས་ཕལ་ཆེར་མཁའ་འགྲོ་མར་གྱུར་ཏོ། །དེ་སྐད་ཅེས་དེང་སང་ཡང་གཏམ་དུ་གྲགས་ཏེ། དཔལ་ཨཽ་ཌྱན་མཁའ་འགྲོ་མའི་གནས་ཞེས་བྱའོ། །དེ་ནས་ཡུལ་དེའི་རྒྱལ་པོ་རྣམས་ཀྱང་ཆོས་དང་ལྡན་པ་ཤ་སྟག་སྟེ། དེའང་རིམ་གྱིས་འགྱུར་ཏེ་འདིའི་གཏམ་ནི་ལྷན་ཅིག་སྐྱེས་པ་གྲུབ་པའི་འགྲེལ་པ་ལས་གསལ་ལོ། །དེང་སང་ནི་དང་པོའི་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་རིགས་ཡིན་ནོ་ཞེས་ཟེར་བ་དག་ཀྱང་ཡོད་དེ་ཕྱིས་ཀྱིས་བཏགས་པ་ཡིན་པར་བས་སོ། །དེ་ལྟར་ན་བྱང་ཕྱོགས་ཨཽ་ཌྱན་ཡོན་ཏན་གྱི་འབྱུང་གནས་ཞེས་བྱའོ། །དོན་ལྔ་པ་དེ་ནས་ཡུལ་གཞན་དུ་ཇི་ལྟར་འཕེལ་བ་ནི། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ཅིག་གི་རྨི་ལམ་དུ་ཁྱོད་ཨཽ་ཌྱན་དུ་སོང་ཤིག་སྐྱེ་བ་འདིར་རྡོ་རྗེ་འཛིན་པ་ཐོབ་པར་འགྱུར་རོ་ཞེས་ཐོས་ཏེ་སད་ནས་ཐེ་ཚོམ་མེད་པར་སོང་སྟེ། ཨཽ་ཌྱན་དུ་བུད་མེད་ཅིག་དང་ཕྲད་དེ་བསྙེན་བཀུར་བྱས་པས་དེས་བྱིན་གྱིས་བརླབས་ཏེ་གསང་བ་འདུས་པ་དང་དེ་ཉིད་འདུས་པ་བྱིན་ཏེ། དེས་དེ་ཁྱེར་ནས་འོངས་ཏེ་ཡུལ་ལྷོ་ཕྱོགས་སུ་འཕེལ་ལོ་ཞེས་ཟེར་རོ། །དེ་བཞིན་དུ་སློབ་དཔོན་དུ་མས་ཨཽ་ཌྱན་ནས་རྒྱུད་སྡེ་དུ་མ་སྤྱན་དྲངས་སོ། །ཀྱེའི་རྡོ་རྗེའི་རྒྱུད་ནི་སློབ་དཔོན་ཆེན་པོ་ཌོཾ་བི་ཧེ་རུ་ཀ་ཞེས་བྱ་བས་སྤྱན་དྲངས་སོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ་སློབ་དཔོན་ཀླུ་སྒྲུབ་གླེན་པར་བརྫུས་ནས་བརྐུས་སོ་ཞེས་ཟེར་ཏེ། འདི་ནི་བཞད་གད་ཀྱི་གནས་སོ། །ཇི་ལྟར་བཞད་གད་ཡིན་ཞེ་ན། སློབ་དཔོན་ལ་སྐུར་པ་བཏབ་པར་འགྱུར་ཏེ་ས་དང་པོ་པ་ལ་བརྐུ་བ་ལས་རྫུ་འཕྲུལ་མེད་པའི་ཕྱིར་རོ། །མཁའ་འགྲོ་མ་ལ་སྐུར་པ་བཏབ་པར་འགྱུར་ཏེ་བརྐུ་བ་དང་ཀླུ་སྒྲུབ་ཏུ་ངོ་མི་ཤེས་པའི་དཔེ་གཉེར་བ་ག་ལ་འོང་ཞེས་བྱ་བ་ལ་སོགས་པའོ། །རང་གི་ཆོས་ལའང་སྐུར་པ་བཏབ་པར་འགྱུར་ཏེ། བརྐུས་པའི་དཔེ་ལས་བརྒྱུད་པའི་ཕྱིར་རོ། །དེ་བཞིན་དུ་སློབ་དཔོན་ཀུ་ཀུ་རི་པས་མ་ཧཱ་མཱ་ཡའི་རྒྱུད་སྤྱན་དྲངས་སོ། །དེ་བཞིན་དུ་སློབ་དཔོན་ལ་ལི་ཏ་བཛྲས་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་སྤྱན་དྲངས་ཏེ་དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་སྟེ། སློབ་དཔོན་རྣམས་ཀྱི་གཏམ་རྒྱུད་དང་བོད་ཀྱི་ཡུལ་དུ་རྒྱུད་གང་དག་ཇི་ལྟར་བསྒྱུར་བའི་གཏམ་རྒྱུད་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟར་གསང་སྔགས་བྱུང་ཚུལ་འདི་ནི་བླ་མའི་གསུང་ཉིད་ལ། །གཙོ་བོར་བགྱིས་ནས་སྣ་ཚོགས་རྒྱུད་མདོ་བསྟན་བཅོས་ལས། །ལེགས་པར་བསྡུས་ཏེ་རང་བཟོ་སྤངས་ནས་ཕྱོགས་གཅིག་ཏུ། །གསལ་བར་བགྱིས་པ་འདིས་ནི་འཕགས་རྣམས་མཉེས་པར་གྱུར་ཅིག །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་གསང་སྔགས་ཇི་ལྟར་བྱུང་བའི་ཚུལ་རྣམ་པར་གཞག་པའི་སྐབས་ཏེ་བདུན་པའོ།།  །།དེ་ལྟར་སྐབས་རྣམ་པ་བདུན་གྱིས་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་བསྟན་ཏེ། ལེའུ་དང་པོའོ།།  །།ད་ནི་སྤྱི་དོན་གཉིས་པ་རྒྱུད་ཀྱི་མཚན་དོན་བརྗོད་པར་བྱའོ། །དེ་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་རྒྱུད་དང༌། རྗོད་བྱེད་སྒྲའི་རྒྱུད་བསྟན་པའོ། །དང་པོ་ལ་ལྔ། སྤྱིར་རྒྱུད་ཅེས་བྱ་བ་ཙམ་གང་ཡིན་པ་བསྟན་པ་དང༌། དེ་ལ་གསུམ་དུ་དབྱེ་བ་དང༌། གསུམ་པོའི་ངེས་ཚིག་རྣམ་པར་གཞག་པའི་ཚུལ་དང༌། དེ་ལ་རྒྱུད་སོ་སོའི་མཚན་ཐབས་དང་ཤེས་རབ་ལ་སོགས་པར་གཞག་པ་དང༌། རྒྱལ་པོ་ལ་སོགས་པར་གཞག་པའོ། །དང་པོ་ནི་སྤྱིར་རྒྱུད་ཅེས་བྱ་བ་ནི་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་འདི་ཉིད་ལ་རྒྱུད་ཅེས་བྱ་སྟེ་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་བར་དུ་ཟག་བཅས་ཀྱི་སེམས་རྒྱུན་མི་འཆད་པས་ན་རྒྱུད་དོ། །དེ་ལྟར་འདུས་པའི་རྒྱུད་ཕྱི་མ་དང༌། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཞེས་གསུངས་པ་དང༌། སྒྱུ་འཕྲུལ་དྲྭ་བ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །ཞེས་གསུངས་སོ། །གཉིས་པ་དེ་ལ་གསུམ་དུ་དབྱེ་བ་ནི། སེམས་དེ་ཉིད་ལ་རྒྱུ་དང་ཐབས་དང་འབྲས་བུའི་རྒྱུད་དུ་འགྱུར་ཏེ། དང་པོ་སེམས་ཅན་འཁོར་བའི་གནས་སྐབས་ནི་རྒྱུ་རྒྱུད། བར་དུ་ལམ་ལ་ཞུགས་པ་ནི་ཐབས་རྒྱུད། འབྲས་བུ་ཡེ་ཤེས་ཀྱི་སྐུ་གྲུབ་པ་ནི་འབྲས་བུའི་རྒྱུད་དོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་བཤད་པ་ལྟ་བུའོ། །གསུམ་པ་དེའི་ངེས་ཚིག་རྣམ་པར་གཞག་པ་ནི། དེ་ལ་རྒྱུ་ཞེས་བྱ་བ་ནི། ད་ལྟ་དངོས་སུ་མེད་ཀྱང་སྤྱིར་རྐྱེན་དང་ཕྲད་ན་འབྲས་བུ་སྐྱེར་རུང་གི་ནུས་པ་ལ་བྱ་སྟེ། དཔེར་ན་སྣོད་ན་གནས་པའི་ས་བོན་དང་འདྲའོ། །དེ་བས་ན་རང་གི་སེམས་འདི་ད་ལྟ་སངས་རྒྱས་དངོས་སུ་མ་གྲུབ་ཀྱང་ཐབས་དང་ཕྲད་ན་སངས་རྒྱས་འབྱུང་བས་སངས་རྒྱས་ཀྱི་རྒྱུ་ཞེས་བྱ་སྟེ། ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟ་བུའོ། །དེ་རྒྱུད་དུ་ཇི་ལྟར་འགྲོ་ཞེ་ན། གནས་སྐབས་ཀྱིས་འགྲོ་བ་རིགས་དྲུག་ལ་སོགས་པ་དང༌། ལམ་སྨིན་གྲོལ་དུ་མ་དང༌། འབྲས་བུ་སྣ་ཚོགས་སུ་འགྱུར་ཡང༌། སེམས་ཉིད་ཀྱི་ངོ་བོ་ལ་འགྱུར་བ་མེད་པར་རྒྱུན་མ་ཆད་པས་རྒྱུད་དེ། གུར་ལས། ནམ་མཁའ་ཇི་སྲིད་མི་འཇིག་པ། །ནམ་མཁའ་ཇི་སྲིད་དེ་སྲིད་སེམས། །ཞེས་གསུངས་པ་ལྟ་བུའོ། །ཐབས་ཞེས་བྱ་བ་ནི་རྒྱུ་ལ་གནས་པ་དེ་འབྲས་བུར་འབྱིན་པའི་ཐབས་སུ་གྱུར་པས་ཐབས་ཏེ་ཆུ་ལུད་ལྟ་བུའོ། །དེས་ན་སྨིན་གྲོལ་གྱི་ལམ་འཁོར་དང་བཅས་པ་ལ་ཐབས་ཞེས་བྱ་སྟེ། དཔལ་སཾ་པུ་ཊ་ལས། སེམས་ཅན་ཡེ་ཤེས་སྤེལ་བའི་ཕྱིར། །ཐབས་ནི་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་སོ། །ཐབས་དེ་རྒྱུད་ཇི་ལྟར་ཡིན་ཞེ་ན། གདམས་ངག་གི་བརྒྱུད་པ་བར་མ་ཆད་པའི་ཕྱིར་དང༌། ཉམས་མྱོང་ཏིང་ངེ་འཛིན་བར་མ་ཆད་པའི་ཕྱིར་རོ། །དེ་ལྟར་ཡང་སཾ་པུ་ཊ་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང༌། །ལུང་གི་རྗེས་འབྲང་དེ་ཉིད་རིག །གསང་དོན་དེ་ཉིད་དངོས་པོ་ཡང༌། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་བྱ་བ་དང༌། ཧེ་བཛྲ་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །ཞེས་བྱ་བ་ལ་སོགས་པ་སྟེ། མཉམ་གཞག་རྒྱུན་མར་ལས་དང་པོ་པ་ལ་མེད་ཀྱང་རྗེས་སྤྱོད་ལ་སོགས་པ་དང༌། དང་པོའི་སེམས་ཀྱི་འཕེན་པས་རྒྱུན་ཡིན་ཏེ། སྤྱོད་འཇུག་ལས། རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། །ཞེས་བཤད་པ་ལྟ་བུའོ། །འབྲས་བུ་ཞེས་བྱ་བ་ནི་རྒྱུ་ལ་གནས་པ་མངོན་དུ་གྱུར་པ་སྟེ། མེ་ཏོག་སྨིན་པ་ལྟ་བུའོ། །དེ་བས་ན་སེམས་ཉིད་སངས་རྒྱས་སུ་གྲུབ་པ་དེ་ལ་འབྲས་བུ་ཞེས་བྱ་སྟེ། སཾ་པུ་ཊ་ལས། བརྒྱད་ཀྱི་རང་འདོད་རྣལ་འབྱོར་པའི། །སངས་རྒྱས་རྣམས་ཀྱི་འབྲས་བུའི་དོན། །ཞེས་སོ། །འབྲས་བུ་དེ་རྒྱུད་ཇི་ལྟར་ཡིན་ཞེ་ན། རྟག་ཏུ་རྒྱུན་མི་འཆད་པའི་ཕྱིར་རྒྱུད་དེ། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་ཏེ། ཆོས་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་སྟེ་འགྱུར་བ་མེད་པས་རྒྱུད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པའི་ཕྱིར་རྒྱུད་དོ། །སྤྲུལ་པའི་སྐུ་ནི་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་འཆད་པའི་ཕྱིར་རྒྱུད་དོ། །དེ་ལྟར་དཔལ་སཾ་པུ་ཊ་ལས། རྟག་པར་མཛད་པ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་ནི་འོག་མིན་ལས་འཕོ་བར་མི་མཛད་དོ་ཞེས་གསུངས་པ་དང༌། སེམས་ཅན་གྱི་རྒྱུད་དུ་རྒྱུ་ཞིང་ཆོས་ཀྱི་སྒོ་དུ་མ་རྗེས་སུ་བསྐོར་ཞིང་རྣམ་པར་དག་པའི་བཅོམ་ལྡན་འདས་འཁོར་བར་ལྷན་ཅིག་ཏུ་བཞུགས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་སྤྱིར་དུ་རྒྱུད་ཅེས་བྱ་བའི་དོན་དེ་བསྟན་ནས། ད་ནི་བྱེ་བྲག་སོ་སོའི་རྒྱུད་ཀྱི་དོན་དེ་འཆད་དོ། །དེ་ལ་རྒྱུད་ཀྱི་མཚན་ནི་ཕལ་ཆེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་འབྲས་བུའི་རྒྱུད་ལས་བརྩམས་ཏེ་བཏགས་ནས། དེ་ནས་ཐབས་རྒྱུད་དང་རྒྱུ་རྒྱུད་ལ་ཤུགས་ལ་སྦྱར་བའི་མཚན་མ་སྟེ། དཔེར་ན་དཔལ་ཀྱེའི་རྡོ་རྗེ་དང༌། གསང་བ་འདུས་པ་དང༌། ཡང་དག་པར་སྦྱོར་བ་ལ་སོགས་པ་ལྟ་བུའོ། །ཡང་ཁ་ཅིག་ནི་འབྲས་བུའི་རྒྱུད་དང་ཐབས་རྒྱུད་ལས་བཏགས་ཏེ་དཔེར་ན་དེ་ཁོ་ན་ཉིད་འདུས་པ་ལྟ་བུའོ། །ཁ་ཅིག་ནི་ཐབས་རྒྱུད་ཁོ་ནའི་མིང་ཡིན་ཏེ། དཔེར་ན་ལེགས་པར་གྲུབ་པར་བྱེད་པ་ལྟ་བུའོ། །དེ་བཞིན་དུ་ཁ་ཅིག་ནི་ཞུ་བ་པོའི་མིང་སྟེ་དཔུང་བཟང་ལྟ་བུའོ། །ཁ་ཅིག་ནི་གཞུང་ཚད་ཀྱི་མིང་སྟེ་རྒྱུད་འབུམ་ཕྲག་ལྔ་པ་ལྟ་བུ་སྟེ་དེ་ལ་སོགས་པ་དུ་མ་ཡོད་དོ། །དེ་ལ་རེ་ཞིག་ཀྱེའི་རྡོ་རྗེའི་རྒྱུད་ཅེས་བྱ་བ་ནི། རྒྱུད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་ཏེ། ཀྱེ་ནི་སྙིང་རྗེ་སྟེ་ཐབས་ཡིན་ལ། རྡོ་རྗེ་དེ་དང་འདྲ་བས་ཤེས་རབ་བོ། །དེ་བས་ན་སངས་རྒྱས་རྣམས་ཀྱི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ཤེས་རབ་ཆེན་པོ་ཟུང་དུ་ཆུད་པ་ལ་ཀྱེའི་རྡོ་རྗེ་སྟེ་འབྲས་བུའི་རྒྱུད་དོ། །དེ་ལྟ་བུའི་འབྲས་བུ་ཐོབ་པར་བྱེད་པའི་ལམ་ཡང་ཀྱེའི་རྡོ་རྗེ་རྒྱུའང་ཀྱེའི་རྡོ་རྗེ་ཡིན་དགོས་པས་རྒྱུད་གསུམ་ཀ་ཀྱེའི་རྡོ་རྗེ་སྟེ། ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་ཡང་དེ་སྒྲ་ཡིན། །ཞེས་བཤད་པ་ལྟ་བུའོ། །དེ་ལ་རྒྱུ་རྒྱུད་ཀྱེའི་རྡོ་རྗེའི་ཐབས་ཤེས་རབ་གཉིས་སུ་མེད་པ་གང་ཡིན་ཞེ་ན། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཤེས་རབ་ཐབས་ནི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་པས། དངོས་པོ་གཟུང་བ་དང་འཛིན་པ་ལ་སོགས་པ་སྣ་ཚོགས་སུ་སྣང་བས་ཐབས་ཏེ་འཁོར་བ། དེ་ཉིད་ངོ་བོ་སྤྲོས་པ་མཐའ་དག་དང་བྲལ་བས་ཤེས་རབ་སྟེ་མྱ་ངན་ལས་འདས་པའོ། །དེ་གཉིས་དབྱེར་མེད་པ་ནི་རྒྱུའི་རྒྱུད་ཀྱེའི་རྡོ་རྗེའོ། །ཡང་གསུངས་པ། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་གསུངས་པ་ལྟ་བུའོ། །ཐབས་ཀྱི་རྒྱུད་ཀྱི་ཐབས་ཤེས་རབ་གཉིས་སུ་མེད་པ་ནི། རྒྱུའི་རྒྱུད་དེ་ལྟར་གནས་པའི་བྱིན་གྱིས་རླབས་ཀྱིས་བྱུང་བ་ལམ་སྨིན་གྲོལ་གྱི་ཏིང་ངེ་འཛིན་འཁོར་དང་བཅས་པའོ། །དེའང་སྨིན་ལམ་དབང་ནི་ཐབས། གྲོལ་ལམ་བསྐྱེད་རྫོགས་གཉིས་ནི་ཤེས་རབ། དབང་ལའང་བུམ་དབང་ནི་ཐབས། དབང་ཕྱི་མ་གསུམ་ནི་ཤེས་རབ། གྲོལ་ལམ་ལའང་བསྐྱེད་པའི་རིམ་པ་ནི་ཐབས། རྫོགས་རིམ་ནི་ཤེས་རབ། བསྐྱེད་རིམ་ལའང་ཡབ་ཀྱི་ཆ་ནི་ཐབས། ཡུམ་གྱི་ཆ་ནི་ཤེས་རབ། རྫོགས་པ་ལའང༌། དམིགས་བཅས་ནི་ཐབས། དམིགས་མེད་ནི་ཤེས་རབ་བོ། །དེ་དག་རེ་རེ་ལའང་ཐབས་ཤེས་རབ་དུ་མ་ཞིག་ཡོད་དེ་མདོར་ན་ཐབས་ཤེས་རབ་ཏུ་མ་གྱུར་པ་གང་ཡང་མེད་དོ། །དེ་དག་གི་དབྱེ་བ་མང་པོ་དང་དེ་དག་ལ་ཐབས་ཤེས་རབ་དུ་མའི་ལུང་ནི་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །དེ་ལྟར་ན་ལམ་ཐབས་རྒྱུད་ཀྱེའི་རྡོ་རྗེའོ། །འབྲས་བུའི་རྒྱུད་ཀྱི་ཐབས་ཤེས་རབ་གཉིས་སུ་མེད་པ་ནི་གཟུགས་ཀྱི་སྐུ་ལ་ཐབས་ཞེས་བྱ། ཆོས་ཀྱི་སྐུ་ལ་ཤེས་རབ་ཅེས་བྱ། གཟུགས་སྐུའང་ཡབ་ཀྱི་ཆར་སྣང་བ་ནི་ཐབས་ཡིན་ལ། ཡུམ་གྱི་ཆར་སྣང་བ་ནི་ཤེས་རབ་བོ། །ཆོས་སྐུའང་དམིགས་པ་ལས་གྲོལ་བའི་ཤེས་རབ་དབྱིངས་ནི་ཤེས་རབ་ཡིན་ལ། སྙིང་རྗེ་ཆེན་པོ་ཡེ་ཤེས་ཀྱི་ཆ་ནི་ཐབས་སོ། །དེ་ལྟར་ཡང་སཾ་པུ་ཊ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་མཛད་སྙིང་རྗེ་ཆེ། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁའ་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་འབྲས་བུའང་ཀྱེའི་རྡོ་རྗེ་ཡིན་པས་ཀྱེའི་རྡོ་རྗེའི་རྒྱུད་དོ། །དེ་ལྟ་བུའི་རྒྱུད་དེ་ཉིད་རྒྱལ་པོ་ཡིན་ཏེ། རྒྱུའི་རྒྱུད་རང་བཞིན་གྱིས་རྣམ་པར་རྟོག་པས་མི་རྫི་བས་རྒྱལ་པོ། ཐབས་རྒྱུད་དེས་གློ་བུར་གྱི་རྣམ་རྟོག་སྤོང་བས་རྒྱལ་པོ། འབྲས་བུའི་རྒྱུད་གློ་བུར་དུའང་རྣམ་རྟོག་གིས་མི་རྫི་བས་རྒྱལ་པོའོ། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་ཞེས་བྱ་བའི་མཚན་གྱི་དོན་ཡང་དེ་ཉིད་ཡིན་ཏེ། རྒྱུད་དེ་ཉིད་ལས་ཡང་དག་པར་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །ཞེས་འབྱུང་བས་དེ་ཀྱེའི་རྡོ་རྗེ་དང་འདྲའོ། །ཆེན་པོ་ནི་རྒྱལ་པོ་དང་འདྲའོ། །དེ་བས་ན་བཤད་པ་སྔ་མ་བཞིན་སྦྱར་བར་བྱ་སྟེ་རྒྱུད་གསུམ་གྱི་བདག་ཉིད་ཅན་དུ་ཤེས་པར་བྱའོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་བརྟག་པ་ཞེས་བྱ་བའི་མཚན་གྱི་དོན་ནི། འཕགས་པ་ནི་སྡིག་པ་མི་དགེ་བའི་ཆོས་ལས་རིང་དུ་འཕགས་པའོ། །མཁའ་འགྲོ་མ་ནི་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མི་རྟོག་པར་ནམ་མཁའ་དང་མཉམ་པས་མཁའ་འགྲོ་མའོ། །གཟུགས་ཀྱི་སྐུ་གཉིས་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་འགྲོ་བས་མཁའ་འགྲོ་མའོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ་ཤེས་རབ་ཀྱི་རང་བཞིན་ནོ། །གུར་ནི་དྲྭ་བ་ལས་འབྲེལ་པ་སྟེ། ཕན་ཚུན་ཁྱབ་པར་གྱུར་པའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྟེ་ཐབས་སོ། །དེ་ལྟར་ན་ཐབས་ཤེས་རབ་གཉིས་སུ་མེད་པ་སྟེ་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྒྱུད་ནི་རྒྱུད་གསུམ་སྟེ་སྔ་མ་དང་འདྲའོ། །འཕགས་པ་མཁའ་འགྲོ་མ་ནི་ཐབས་དང༌། འབྲས་བུའི་རྒྱུད་ལ་སྦྱར་རོ། །བརྟག་པ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་མོ་ལས། ཆོས་ཀུན་གཟུགས་ཅན་མ་ཡིན་ཡང༌། །གཟུགས་ཅན་དུ་ཡང་འདི་རུ་བསྟན། །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདིར་བསྟན་ཏོ། །དེ་བས་ངོ་མཚར་ཆོས་འདི་རུ། །རྟོག་པས་བརྟག་པ་ཡིན་པར་བརྗོད། །ཅེས་གསུངས་ཏེ། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནས་རྗོད་བྱེད་སྒྲའི་རྒྱུད་ཡན་ཆད་ལ་བྱའོ། །རྒྱལ་པོ་ནི་སྔ་མ་དང་འདྲའོ། །དེ་ལྟར་ན་བརྗོད་བྱ་དོན་གྱི་རྒྱུད་ནི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཐབས་ཤེས་རབ་ཟུང་དུ་འབྲེལ་པ་རྒྱུད་གསུམ་གྱི་བདག་ཉིད་ཅན་ནོ། །གཉིས་པ་དེ་རྗོད་པར་བྱེད་པའི་སྒྲའི་རྒྱུད་ལ་གཉིས། རྗོད་བྱེད་སྒྲ་རྒྱུད་དངོས་དང༌། དེ་ལས་བྱུང་བའི་དགོས་འབྲེལ་ལོ། །དང་པོ་ལ་གཉིས་ཏེ། ཐུན་མོང་ལས་གྲགས་པ་དང༌། ཐུན་མོང་མ་ཡིན་པ་ལས་གྲགས་པའོ། །དང་པོ་ལ་གསུམ་སྟེ། རྗོད་བྱེད་མཚན་ཉིད་པ་དང༌། བཏགས་པ་བ་དང༌། དེ་ལ་བརྩད་པ་སྤངས་པའོ། །དང་པོ་བརྗོད་བྱ་རྒྱུད་གསུམ་སྟོན་པར་བྱེད་པའི་མིང་དང་ཚིག་དང་ཡི་གེའི་རྣམ་པ་རང་རང་གི་རྣམ་པར་རིག་པ་ལ་སྒྲ་སྤྱི་དང་དོན་སྤྱི་འདྲེས་པའི་རྣམ་པར་སྣང་བ་གང་ཡིན་པའོ། །གཉིས་པ་བཏགས་པ་བ་ནི་དེ་ཉིད་རྒྱུད་ལ་སྐྱེ་བར་བྱེད་པའི་གྲོགས་སུ་གྱུར་པ་སྟེ་སངས་རྒྱས་རྣམས་ཀྱི་གསུངས་ནས་འཆད་པ་པོའི་ངག་གི་བར་དང་གླེགས་བམ་དུ་བྲིས་པའི་བར་རོ། །དེ་ལ་བཏགས་པ་བར་ཇི་ལྟར་འདོགས་ཤེ་ན། རང་གི་སྒྲ་རྒྱུད་བློ་ལ་སྒྲ་གནས་པའི་འབྲས་བུ་ཡིན་པའི་ཕྱིར་དང༌། གཞན་མ་རྟོགས་པ་ལ་སྒྲའི་རྒྱུད་བློ་ལ་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་གདགས་པར་བྱའོ། །དོན་གསུམ་པ་རྩོད་སྤང་ནི་གལ་ཏེ་སྒྲའི་རྒྱུད་ཀྱང་རང་གི་རྣམ་པར་རིག་པ་ལས་འཇོག་ན། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། འགལ་མོད་དེ་ལྟར་སྨྲ་བ་ནི་བྱེ་བྲག་སྨྲ་བའམ་མདོ་སྡེ་པའི་གྲུབ་པའི་མཐའ་ཡིན་ཏེ། ཁོ་བོ་ཅག་ཀུན་རྫོབ་ཏུ་རྣམ་པར་རིག་པ་ཙམ་དུ་འདོད་པའི་ཕྱིར་རོ། །གལ་ཏེ་རྣམ་རིག་ལ་སྣང་བའི་མིང་ཚིག་གི་རྣམ་པ་རྗོད་བྱེད་ཀྱི་རྒྱུད་ཡིན་ན་ཐམས་ཅད་རྒྱུད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་མིང་ཚིག་གི་རྣམ་པ་ནི་རྗོད་བྱེད་ཙམ་ལ་བྱའི། རྒྱུད་ནི་བརྗོད་བྱ་རྒྱུད་གསུམ་སྟོན་ན་ཡིན་ནོ། །གལ་ཏེ་འོ་ན་རྟོག་པའམ་བྱ་བའི་རྒྱུད་མང་པོ་ཞིག་རྒྱུད་མི་སྟོན་པས་རྒྱུད་མ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའང་རྒྱུད་སྟོན་པས་རྒྱུད་དུ་འགྱུར་རོ་ཞེ་ན། དེ་ལྟར་ཆ་གཅིག་ནས་ཡིན་ཏེ། རྒྱུད་སྟོན་པས་རྒྱུད་བླ་མའི་བསྟན་བཅོས་ཞེས་བྱ་བ་ལྟ་བུའོ། །བྱ་སྤྱོད་མང་པོའང་འོད་ཟེར་ཅན་གྱི་རྟོག་པའམ་ཆོ་ག་ཞིབ་མོ་ཞེས་བྱ་བ་ལ་སོགས་པ་བཏགས་པ་ལྟ་བུའོ། །འོ་ན་གོང་དུ་རྒྱུད་སྡེ་བཞིར་ཕྱེ་བ་དང་འགལ་ལོ་ཞེ་ན། གཙོ་ཆེར་ཐབས་རྒྱུད་ཆོ་ག་ཞིབ་མོ་ཞེས་བཏགས་ཀྱི་དེ་དག་གིས་ཀྱང་མཐར་རྒྱུད་ཀྱི་དོན་སྟོན་པས་རྒྱུད་ཡིན་ནོ། །དོན་གཉིས་པ་ཐུན་མོང་མ་ཡིན་པ་ལས་གྲགས་པའི་རྗོད་བྱེད་སྒྲ་རྒྱུད་མཚན་ཉིད་པ་ནི། རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཀུན་ལ་འཕན་པའི་ཕྱིར། །སངས་རྒྱས་རྣམས་ཀྱིས་ཆོས་ལོངས་སྤྱོད། །སངས་རྒྱས་ཐུགས་རྗེས་བསྐུལ་ནས་ནི། །རྒྱུད་དོན་ཡང་དག་བྱུང་བ་ཡིན། །ཞེས་འབྱུང་བས། འོག་མིན་གྱི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལོངས་སྤྱོད་ནི་རྗོད་བྱེད་སྒྲ་རྒྱུད་མཚན་ཉིད་པ་ཡིན་ལ། དེ་ལས་བྱུང་བས་བཏགས་པ་བ་ནི་ད་ལྟའི་རྣལ་འབྱོར་པའི་བློ་ལ་སྣང་བ་དང༌། གླེགས་བམ་གྱི་བར་ནི་རྗོད་བྱེད་སྒྲའི་རྒྱུད་བཏགས་པ་བའོ། །གང་ལྟར་ཡང་རུང་སྟེ། མཚན་ཉིད་པ་དང་བཏགས་པ་བ་གཉིས་ནི་རྗོད་བྱེད་ཀྱི་རྒྱུད་ཀྱི་ཚོགས་སོ། །སྤྱི་དོན་གཉིས་པ་དེ་ལས་བྱུང་བའི་དགོས་འབྲེལ་ལ་བཞི་སྟེ། བརྗོད་བྱ། དགོས་པ། དགོས་པའི་དགོས་པ། འབྲེལ་པའོ། །དང་པོ་བརྗོད་བྱ་ནི་རྒྱུད་གསུམ་མོ། །རང་དང་གཞན་རྒྱུད་གསུམ་ཉམས་སུ་ལེན་པ་ནི་དགོས་པའོ། །རྒྱུད་གསུམ་པོ་མཐར་ཕྱིན་པ་ནི་དགོས་པའི་ཡང་དགོས་པའོ། །གལ་ཏེ་རྗོད་བྱེད་སྒྲ་རྒྱུད་མཚན་ཉིད་པ་དང་ཐབས་རྒྱུད་ལ་ཁྱད་པར་གང་ཡོད། དགོས་པའི་དགོས་པ་དང་འབྲས་བུའི་རྒྱུད་ལ་ཁྱད་པར་གང་ཡོད་ཅེ་ན། རྗོད་བྱེད་ཅེས་བྱ་བ་ནི་གསུམ་ཀའི་སྤྱི་རང་གི་བློ་རྣམ་རིག་ལ་སྣང་བ་ཡིན་ལ། རྒྱུད་གསུམ་པོ་ཉིད་ནི་བརྗོད་བྱ་ཡིན་ཞིང༌། འབྲས་བུ་ཉིད་མངོན་དུ་གྲུབ་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །ཡང་ན་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པ་ནི་བརྗོད་བྱ་ཡིན་ལ་དེ་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་གྲུབ་པ་ནི་དགོས་པ་ཡིན་ལ། འབྲས་བུའི་རྒྱུད་མངོན་པར་གྲུབ་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །འབྲེལ་པ་ནི་ཐམས་ཅད་ཐབས་དང་ཐབས་ལས་བྱུང་བ་རྒྱུ་འབྲས་སུ་འབྲེལ་ལོ། །དེ་ལྟར་ན་རྒྱུད་ཀྱི་མཚན་དོན་གྱི་སྒོ་ནས་དགོས་འབྲེལ་ཡན་ལག་བཞི་བསྟན་པ་འདི་ཉིད་ཀྱིས་ཀྱང་རྒྱུད་བཤད་དུ་རུང་བས་རྒྱུད་བཤད་ཐབས་ཀྱིན་མན་ངག་ཏུའང་འགྱུར་ལ། གཙོར་ནི་རྒྱུད་ཀྱི་དགོས་པ་དང་བརྗོད་བྱ་བསྟན་ཏོ། །རྒྱུད་ཀྱི་མཚན་གྱི་དོན་གྱི་ལེའུ་སྟེ་གཉིས་པའོ།།  །།ད་ནི་སྤྱི་དོན་གསུམ་པ་རྒྱུད་བཤད་ཐབས་ཀྱི་མན་ངག་བཤད་པར་བྱའོ། །དེ་ལ་བཤད་ཐབས་ཀྱི་མན་ངག་དཔག་ཏུ་མེད་ཀྱང༌། བླ་མ་གོང་མ་རྣམས་ཀྱི་གསུང་ནི་དྲུག་སྟེ། ཉན་པ་པོས་རྟོགས་སླ་ཞིང་གཟུང་བདེ་བར་བྱ་བའི་ཕྱིར། གདམས་ངག་དྲུག་གིས་བཤད་པ་དང༌། སེམས་ཀྱི་རྒྱུད་རྒྱུན་ཆགས་གཅིག་གཏན་ལ་དབབ་པ་ལ་དགོངས་ནས་རྒྱུད་གསུམ་གྱིས་བཤད་པ་དང༌། དབང་ལམ་དུ་བྱ་བའི་ཕྱིར་བདག་ཉིད་ཅན་གསུམ་གྱིས་བཤད་པ་དང༌། འབྲས་བུ་སྐུ་བཞི་ལམ་དུ་བྱ་བའི་ཕྱིར་གནས་པ་བཞིས་བཤད་པ་དང༌། སྤང་བྱ་མི་མཐུན་པའི་ཕྱོགས་སྤོང་བ་ལ་དགོངས་ནས་དག་པ་གསུམ་གྱིས་བཤད་པ་དང༌། སྣོད་མ་ཡིན་པ་ལ་གབ་ཅིང་གསང་བའི་དོན་དུ་གསང་བ་རྣམ་པ་བདུན་གྱིས་བཤད་པ་སྟེ་དྲུག་ཏུ་གསུངས་སོ། །དེ་ལ་དང་པོ་གདམས་ངག་དྲུག་ནི། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས་གསུངས་པ། ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པར། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་ཏེ། བརྗོད་པར་བྱ་བའི་དོན་བཤད་པར་བྱ་བའི་མན་ངག་གསུམ་དང༌། དེ་རྗོད་པར་བྱེད་པའི་སྒྲ་འཆད་ལུགས་ཀྱི་མན་ངག་གསུམ་མོ། །དང་པོ་ནི་སྤྱིའི་དོན་དུ་བཤད་པ་དང༌། སྦས་པའི་དོན་དུ་བཤད་པ་དང༌། མཐར་ཐུག་པའི་དོན་དུ་བཤད་པའོ། །སྒྲ་གསུམ་ནི་ཡན་ལག་གི་དོན་གྱིས་བཤད་པ་དང༌། ཡི་གེའི་དོན་གྱིས་བཤད་པ་དང༌། མན་ངག་གི་དོན་གྱིས་བཤད་པའོ། །དེ་ལ་སྤྱིའི་དོན་ཞེས་བྱ་བ་ནི་གཉིས་ཀྱི་ཐུན་མོང་དུ་གྱུར་པ་ལ་བྱའོ། །དེ་ལའང་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱི་དང༌། བསྐྱེད་པའི་རིམ་པ་སྤྱིའོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལམ་ལྔ་དང༌། ས་བཅུ་ལ་སོགས་པ་ཉིད་གསང་སྔགས་ཀྱིའང་བརྗོད་བྱར་བསྟན་པས་ཐུན་མོང་བ་ཡིན་པས་སྤྱིའོ། །བསྐྱེད་རིམ་སྤྱི་ནི་ལམ་བསྐྱེད་པའི་རིམ་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་སྒྲུབ་བས་ཀྱང་བསྒོམ་ལ། ཐུན་མོང་གི་དངོས་གྲུབ་སྒྲུབ་པས་ཀྱང་བསྒོམ་པར་བྱ་བས་ཐུན་མོང་ཡིན་པས་སྤྱིའོ། །དེ་ལྟར་སློབ་དཔོན་ཟླ་གྲགས་ཀྱིས་ཀྱང་བཤད་པ། མདོ་སོགས་ལ་ནི་རབ་ཞུགས་པའི། །འགྱོད་པ་ཟློག་པར་བྱེད་པ་དང༌། །བསྐྱེད་པའི་རིམ་དང་ལྡན་པ་དག །སྤྱི་ཡི་དོན་ནི་ཡིན་པར་བཤད། །ཅེས་བཤད་པ་ལྟ་བུའོ། །སྦས་པའི་དོན་ཞེས་བྱ་བ་ནི་གོང་མའི་ཡུལ་དུ་གྱུར་ལ་འོག་མའི་ཡུལ་དུ་མ་གྱུར་པས་སྦས་པའོ། །དེ་ལ་གོང་མ་ནི་མཆོག་དབང་གསུམ་ཐོབ་པའི་ཡུལ་ཡིན་ལ། འོག་མ་བུམ་དབང་ཐོབ་པའི་ཡུལ་མ་ཡིན་པས་སོ། །དེ་ནི་ཐབས་ལས་མིང་བཏགས་ན་རང་བྱིན་བརླབ་ཀྱི་ཐབས་དང༌། དཀྱིལ་འཁོར་འཁོར་ལོའི་ཐབས་ཞེས་བྱ་ལ། བྱང་ཆུབ་ཀྱི་སེམས་ལས་མིང་བཏགས་ན་ཀུན་རྫོབ་བྱང་ཆུབ་སེམས་དང༌། དོན་དམ་བྱང་ཆུབ་སེམས་ཞེས་བྱ་སྟེ། ཧེ་བཛྲ་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པས་ཀྱང༌། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་སོ། །ཡེ་ཤེས་ལས་མིང་བཏགས་ན་རང་བྱུང་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། །མདོར་ན་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་ལ་བློ་གཏད་དེ་བཤད་པ་མཐའ་དག་སྦས་དོན་ནོ། །དེ་ལ་དཀྱིལ་འཁོར་གསུམ་ནི། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་བྱང་ཆུབ་སེམས་ཉིད་དེ། །དཀྱིལ་འཁོར་གསུམ་ནི་བརྟག་པར་བྱ། །ཞེས་གསང་བ་འདུས་པ་དང་སཾ་པུ་ཊའི་རྒྱུད་ཕྱི་མ་གཉིས་ཀ་ལས་བཤད་དོ། །དེ་ལ་ལུས་རགས་པ་དང་ཕྲ་བ་རྩའི་གནས་ལུགས་ཀྱི་བར་སྟོན་པ་ནི་ལུས་ཀྱི་དཀྱིལ་འཁོར་རོ། །ཐབས་ཤེས་རབ་ཀྱི་རྡོ་རྗེ་པདྨ་དང་རྩ་ཡི་གེའི་གནས་ལུགས་སྟོན་པ་ནི་བྷ་གའི་དཀྱིལ་འཁོར་རོ། །ཀུན་རྫོབ་ཐིག་ལེའི་གནས་ལུགས་དང་དོན་དམ་དེ་ལས་སྐྱེས་པའི་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ཚུལ་སྟོན་པ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་དག་གི་ཞར་ལ་དེ་རྣམས་ལ་མངོན་དུ་བྱེད་པ་སྙིང་པོ་ཡེ་ཤེས་རླུང་སྟོན་པ་རྣམས་ཀྱང་སྦས་པར་བསྡུའོ། །མཐར་ཐུག་པ་དེ་ནི་དེ་ལས་གོང་དུ་བོགས་དབྱུང་དུ་མེད་པས་མཐར་ཐུག་པ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེའང་རྣམ་པ་གཉིས་ཏེ་སྤྱིའི་དོན་གྱི་མཐར་ཐུག་སྟེ་ཐེག་པ་ཐུན་མོང་བ་ལས་གྲགས་པ་ས་བཅུ་གཅིག་པ་དང༌། སྦས་དོན་གྱི་མཐར་ཐུག་སྟེ་གསང་སྔགས་ལས་གྲགས་པའི་ས་བཅུ་གཉིས་པ་དང་ས་བཅུ་གསུམ་པའོ། །གལ་ཏེ་མཐར་ཐུག་གཉིས་མི་རིགས་ཏེ་སྤྱི་དོན་མཐར་ཐུག་ཡིན་ན་དེའི་སྟེང་དུ་ཡོན་ཏན་བསྐྱེད་དུ་མེད་པས་སྦས་དོན་གྱི་མཐར་ཐུག་མི་རིགས་ལ། ཡོན་ཏན་བསྐྱེད་དུ་ཡོད་ན་སྤྱི་དོན་ལ་མཐར་ཐུག་མི་རིགས་སོ་ཞེ་ན། ཡོན་ཏན་བསྐྱེད་དུ་ཡོད་དེ་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བའང་མ་བཤད་ལ། གསང་སྔགས་ལས་བཤད་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལས་སྐུ་གསུམ་ལས་མ་བཤད་ལ། གསང་སྔགས་ལས་སྐུ་བཞི་དང་ལྔ་བཤད་པ་དང༌། དེ་བཞིན་དུ་དཔལ་སཾ་པུ་ཊ་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པར་གསུངས་སོ། །ཞེས་བྱ་བ་འདིས་ཕར་ཕྱིན་པས་ཤེས་བྱ་གཞན་སྣང་ལས་མི་མཁྱེན་ཏེ། ཕར་ཕྱིན་པས་གཟུགས་ཀྱང་གཞན་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་གཞན་ཞེས་གསུངས་ལ། གསང་སྔགས་ཀྱིས་ཐམས་ཅད་རང་སྣང་དུ་མཁྱེན་ཞེས་པས་འདིས་ཁྱད་པར་ཡོད་དོ། །འོ་ན་སྤྱི་དོན་ལ་མཐར་ཐུག་ཏུ་གཞག་པ་མི་འཐད་སྙམ་ན་འཐད་དེ་ཉེ་བའི་བྱ་བ་བྱས་པའི་ཕྱིར་རོ། །དཔེར་ན་མངོན་རྟོགས་རྒྱན་ལས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་ས་བཅུ་པ་ལ་སངས་རྒྱས་ཀྱི་སར་བཤད་པ་དང་འདྲའོ། །གལ་ཏེ་སློབ་དཔོན་ཟླ་གྲགས་ཀྱིས། འོད་གསལ་བ་ནི་རབ་སྟོན་དང༌། །ཟུང་དུ་འཇུག་པ་རྟོགས་པ་སྟེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་སྟོང་པ་ཉིད་ལ་སོགས་པ་སྟོན་པ་ལ་མཐར་ཐུག་ཏུ་བཤད་པས་དེ་དང་འགལ་ལོ་སྙམ་ན་མི་འགལ་ཏེ་སྟོང་ཉིད་དང་ཟུང་འཇུག་ལ་ལུགས་གཉིས་ཡོད་དེ། དེའི་མཐར་ཐུག་པ་ཐོབ་པ་དང༌། སྤྱིའི་བློའི་ཡུལ་དུ་བསྟན་པའོ། །སྤྱི་བློའི་ཡུལ་མིང་གི་རྗེས་སུ་འབྲངས་པ་ཙམ་དེ་ནི་ཕར་ཕྱིན་པ་དང་སྤྱིའི་དོན་དུ་བཤད་ལ། མཐར་ཐུག་ཐོབ་པ་ནི་སངས་རྒྱས་ཉིད་དེ། འོད་གསལ་བ་ནི་ཆོས་ཀྱི་སྐུ་ལ། ཟུང་འཇུག་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟར་བརྗོད་པར་བྱ་བའི་དོན་གསུམ་ལ་ཕྱེ་ན་དྲུག་ཏུ་བསྟན་ཏོ། །དེ་རྗོད་པར་བྱེད་པའི་སྒྲ་གསུམ་ནི་ཡན་ལག་གི་དོན་གྱིས་བཤད་པ་དང༌། ཡི་གེའི་དོན་གྱིས་བཤད་པ་དང༌། མན་ངག་གི་དོན་གྱིས་བཤད་པའོ། །དང་པོ་ཡན་ལག་གི་དོན་ནི། འཇིག་རྟེན་ལས་གྲགས་པའི་སྒྲ་དང་བཅས། བསྟན་བཅོས་ལས་གྲགས་པའི་སྒྲ་དང་བཅས། སྒྲ་འཇུག་པའི་རྒྱུ་མཚན་ངེས་པའི་ཚིག་དང་བཅས་པས་གཞུང་དངོས་ཀྱི་དོན་ལ་འཇུག་པའོ། །དེའང་འཇིག་རྟེན་ལས་གྲགས་པ་ནི་དཔེར་ན་རྒྱུ་མེ་ཤེལ་ལས་གྲུབ་པ་ནམ་མཁའ་ལ་གནས་པ་ཚ་བའི་འོད་ཅན་དེ་ལ་ཉི་མ་ཞེས་གྲགས་སོ། །དེ་ཉིད་ལ་བསྟན་བཅོས་ལས་བཅུ་གཉིས་པ་དང༌། འོད་ཟེར་བརྒྱ་པ་དང༌། པདྨོའི་གཉེན་དང༌། སྣང་བྱེད་དང༌། ཉིན་མོར་བྱེད་པ་ལ་སོགས་པ་གྲགས་པ་བཞིན་ནོ། །སྒྲ་འཇུག་པའི་རྒྱུ་མཚན་ཡང་ཉི་མ་ལ་ཁྱིམ་བཅུ་གཉིས་ཡོད་པས་དང༌། པདྨོ་ཁ་འབྱེད་པས་དང༌། མུན་པ་སེལ་བ་མཚན་མོ་འཇོམས་པ་ལ་སོགས་པ་ཡོན་ཏན་དུ་མ་ཡོད་པས་དེ་དང་དེ་དག་ཏུ་གདགས་སུ་རུང་བས་ཚུལ་འདི་ལྟ་བུ་རྣམས་ལ་ཡན་ལག་གི་དོན་གྱིས་བཤད་དོ། །ཡི་གེའི་དོན་གྱིས་བཤད་པ་ནི་གཞུང་དངོས་ལ་རྒྱུ་མཚན་མི་རྙེད་ཀྱང་ཡི་གེ་སོ་སོར་བྱས་ནས་རྒྱུ་མཚན་རྙེད་པ་སྟེ་དེའང་སྒྲས་དྲངས་ཏེ་བཤད་པ་དང༌། ཡི་གེ་ཁ་ཕྲལ་ཏེ་སྒྲས་དྲངས་པས་བཤད་པ་དང༌། ཡི་གེའི་དབྱིབས་མཐུན་པས་བཤད་པའོ། །དང་པོ་ནི་དཔེར་ན། ན་ག་ཧ་ཨ་ཤྭ་ཞེས་བྱ་བ་ལྟ་བུས་དངོས་སུ་བཤད་དུ་མི་བཏུབ་པ་ལ་སྒྲས་དྲངས་ན། ན་ནི་ན་ར་སྟེ་མི། ག་ནི་ག་བི་སྟེ་བ་ལང་ཞེས་བྱ་བ་ལྟ་བུའོ། །གཉིས་པ་ནི་དཔེར་ན། ཧཱུྃ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའོ། །ཞེས་གསུངས་པ་ལ་དངོས་སུ་གཟུང་འཛིན་དང་བྲལ་བའི་དོན་བཤད་དུ་མི་བཏུབ་པས་ཡི་གེ་ཕྲལ་ཏེ་སྒྲར་དྲངས་ནས་བཤད་ན། ཧ། གྲ་ཧ་ཀ་ནི་གཟུང་བའི་ཡུལ་དུ་འགྲོ་ལ། ཧ། གྲ་ཧ་ཙ་ནི་འཛིན་པའི་སེམས་སུ་འགྲོ་ལ། ཞབས་སྐྱེད་ཨཱུ་ལ་རྐྱེན་ཤ་བྱིན་པས་ཤཱུ་སྟེ་ཤཱུནྱ་ཏཱ་སྟོང་པར་འགྲོ། ཀླད་ཀོར་མ་ཡིན་པས་མ་ནོ་ཏ་སྟེ་ཡིད་ཡིན་པས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡིད་ཙམ་ཞེས་བྱ་བ་ལྟ་བུར་འགྲོ་བ་ལ་བྱའོ། །དབྱིབས་མཐུན་པས་བཤད་པ་ནི་དཔེར་ན་ཨེ་བྃ་མ་ཡ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་སྤྱི་བོའོ་ཞེས་གསུངས་པ་ལྟ་བུ་དངོས་སུ་བཤད་དུ་མི་བཏུབ་པ་ལ་དབྱིབས་ཀྱིས་མཚོན་ནས་ཨེ་གྲུ་གསུམ་དང་དབྱིབས་མཐུན་པས་ལྟེ་བ་སྤྲུལ་པའི་འཁོར་ལོར་བརྗོད་པ་ལྟ་བུའོ། །བསྡུས་པའི་དོན་གྱི་མན་ངག་གིས་བཤད་པ་ནི། འཇིག་རྟེན་ལས་གྲགས་པའི་སྒྲ་ཡང་མ་ཡིན་བསྟན་བཅོས་ལས་གྲགས་པའང་མ་ཡིན་ཡི་གེས་བཤད་དུའང་མི་བཏུབ་སྟེ། སངས་རྒྱས་རྣམས་ཀྱིས་བརྡ་མཛད་པ་སྟེ་དཔེར་ན་ཆང་ལྟ་བུ་ལ་འཇིག་རྟེན་ན་ཆང་ཞེས་གྲགས། བསྟན་བཅོས་ལས་མྱོས་བྱེད་ཅེས་གྲགས་ཏེ་འདིར་མ་ད་ན་ཞེས་པ་ལྟ་བུ་དེ་བཞིན་གཤེགས་པའི་བརྡར་གྱུར་པ་ལས་སོ་སོ་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་སྟེ། དེ་བཞིན་དུ་ཚོད་མ་ལ་མ་ལ་ཨིན་དྷ་ནཾ་དང༌། བཟའ་བ་ལ་ཏྲི་པི་ཏ་ཞེས་བརྗོད་པ་ལྟ་བུ་སྟེ། ཟླ་བ་གྲགས་པས། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང༌། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །འདི་ནི་ཇི་བཞིན་མིན་པར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་བརྗོད་བྱའི་དོན་གསུམ་མམ་ཕྱེ་ན་དྲུག་པོ་དེ་རེ་རེ་ལའང་རྗོད་བྱེད་ཀྱི་སྒྲ་འཆད་ལུགས་གསུམ་གྱིས་འཆད་པ་ཡིན་ནོ། །དེ་དག་ཀྱང་དཔེར་བརྗོད་སྤྱིར་བསྟན་པ་དང༌། རྒྱུད་ཇི་ལྟར་འཆད་པའི་ཚུལ་བསྟན་པའོ། །དང་པོ་ནི་ཕར་ཕྱིན་པ་སྤྱི་ལྟ་བུ་ལ། ཡན་ལག་གི་དོན་གྱིས་བཤད་པ་ནི། དང་པོར་བྱམས་པ་བསྒོམ་པར་བྱ་ཞེས་བྱ་བ་ལྟ་བུ། དང་པོ་ནི་གོ་རིམ། བྱམས་པ་ནི་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་འདོད་པ། བསྒོམ་པར་བྱ་བ་ནི་རྣལ་འབྱོར་པས་དེ་ལྟ་བུ་ལ་བསམ་པར་བྱ་ཞེས། འཇིག་རྟེན་དང་བསྟན་བཅོས་ལས་གྲགས་པའི་སྒྲ་ཇི་བཞིན་པའོ། །ཡི་གེའི་དོན་ནི། ཡི་དྭགས་བསྟན་ལ་རབ་ཏུ་གནས། །ཞེས་བྱས་པ་ན། ཕ་རོལ་ཏུ་ཕྱིན་པ་དག་ཀྱེ་མ་ཡི་དྭགས་ལ་ཇི་ལྟར་སྡོད་སྙམ་པ་ལ། ཡི་དྭགས་ནི་པྲེ་ཏ་ལ་པྲ་ཏི་རབ་ཏུའོ། །ཨེ་ཏ་ནི་སོང་བ་སྟེ་རྣམ་པར་རྟོག་པ་རབ་ཏུ་སོང་བ་ལ་སྡོད་པའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཉིད་གང་ཡིན་སྙམ་ན། པཱ་ར་ནི་མཆོག་ཏེ་སངས་རྒྱས་སོ། །མི་ཏཱ་ནི་འགྲོ་བ་སྟེ་སངས་རྒྱས་ཀྱི་སར་འགྲོ་བ་ཞེས་བྱ་བ་ལྟ་བུའོ། །མན་ངག་གི་དོན་གྱིས་བཤད་པ་ནི། སྙིང་སྟོབས་སྐུ་དང་རྡུལ་ངག་བཅས། །མུན་པ་སེམས་ཀྱི་རང་བཞིན་ལས། །ཞེས་བརྗོད་པ་ན། ཀྱེ་མ་སྔགས་པ་ནི་མུ་སྟེགས་གྲངས་ཅན་འཛིན་པའོ་སྙམ་པ་ལ། རྡུལ་མུན་པ་སྙིང་སྟོབས་ཀྱི་བརྡས་ནི་ཀུན་བརྟགས་པ་དང་གཞན་དབང་དང་ཡོངས་གྲུབ་ཡིན་ནོ་ཞེས་བཤད་པ་དང༌། དེ་བཞིན་དུ་ཕྱག་བཅུ་གཉིས་བསྒོམ་ཞེས་བྱས་པ་ན་ཕྱག་བཅུ་གཉིས་ཀྱི་ཅི་བྱ་སྙམ་པ་ལ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཤེས་པར་བྱ་བའི་དོན་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། མདོར་ན་ཕ་རོལ་ཏུ་ཕྱིན་པ་བདག་གསང་སྔགས་ལ་ཞུགས་པ་ན་རིམ་པ་གཉིས་ཀྱི་དོན་མ་གོ་བས་འདི་ལྟ་བུ་ལམ་མ་ཡིན་ནམ་སྙམ་པའི་འགྱོད་པ་བསལ་བའི་ཕྱིར། ཁ་ཅིག་ནི་སྒྲ་ཇི་བཞིན། ཁ་ཅིག་ནི་ཡི་གེའི་སྒོ་ནས། ཁ་ཅིག་ནི་བརྡ་ཡིན་ནོ་ཞེས་བསྟན་པའི་སྒོ་ནས་དེ་དག་གཞུག་པའི་ཕྱིར་བསྟན་པ་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱི་དོན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ངོ་མཚར་གྱི་རྡོ་རྗེའི་ཚིག་ཐོས་ནས་སྨོད་པར་བྱེད་པ་དེ་རྣམས་ལ་མི་འགལ་བའི་སྒོ་ནས་བཤད་པ་འདི་ནི་སྤྱིའི་དོན་ཏོ། །ཞེས་གསུངས་པ་ལྟ་བུའོ། །བསྐྱེད་པའི་རིམ་པ་སྤྱི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པ་ནི། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། །ཁ་དོག་ནག་པོ་འཇིགས་ཆེན་པོ། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ནི་ཧཱུྃ་གི་དེ་ཉིད་བསྒོམ། །ཞེས་བྱ་བ་ལ་སོགས་པ་གཞུང་བཞིན་བཤད་པས་གོ་བ་རྣམས་སོ། །ཡི་གེའི་དོན་གྱིས་བཤད་པ་ནི། ན་དང་ག་ཧ་དང་པོ་དང༌། །མཐའ་ཡི་ཤྭ་དང་དང་པོའི་ཤྭ། །ཞེས་བྱ་བ་ལ་སོགས་པ་ལ། ན་ར་ནི་མི་ཤ། ག་བི་ནི་བ་ལང༌། ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྒྲས་དྲངས་ཏེ་བཤད་པས་བཟའ་བའི་དམ་ཚིག་དུ་སྟོན་པ་རྣམས་ལྟ་བུའོ། །མན་ངག་གི་དོན་གྱིས་བཤད་པ་ནི། གཽ་རཱི་རི་དྭགས་མཚན་མ་འཛིན་ཞེས་བྱ་བ་ལ། གཽ་རཱི་ནི་དབང་ཕྱུག་ཆེན་པོའི་ཆུང་མ་སྟེ་དེའི་བརྡས་རྣམ་པར་སྣང་མཛད་མཁའ་འགྲོ་མའི་སྐུའོ། །རི་དྭགས་མཚན་མ་ནི་ཟླ་བ་སྟེ། དེའི་བརྡས་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །ཞེས་བྱ་བ་ལྟ་བུའོ། །རང་བྱིན་གྱིས་བརླབས་པ་སྦས་པ་ཡན་ལག་གི་དོན་གྱིས་བཤད་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེའི་དོན་གྱིས་བཤད་པ་ནི། ཨེ་བྃ་མ་ཡ་བཞིས་འཁོར་ལོ་བཞི་བསྟན་ཏེ་དབྱིབས་མཐུན་པའི་སྒོ་ནས་སོ། །མན་ངག་གི་དོན་གྱིས་བཤད་པ་ནི། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ནི་སྐུ་དང་གསུང་དང་ཐུགས་སོ་ཞེས་བྱ་བའི་བརྡས་འཁོར་ལོ་བཞི་དང་རྩ་གསུམ་བསྒོམ་ཞེས་བྱ་བར་བསྟན་པ་ལྟ་བུའོ། །དཀྱིལ་འཁོར་འཁོར་ལོའི་ཐབས་ཡན་ལག་གི་བཤད་པ་ནི། འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །ཅེས་བྱ་བ་ལ་སོགས་པ་གཞུང་དངོས་དོན་གྱིས་སྒྲས་གོ་བ་རྣམས་སོ། །ཡི་གེའི་དོན་གྱིས་བཤད་པ་ནི། ཨེ་བྃ་གཉིས་ཀྱི་བརྡས་མཁའ་གསང་གཉིས་དབྱིབས་མཐུན་པའི་སྒོ་ནས་བསྟན་པ་ལྟ་བུའོ། །མན་ངག་དོན་གྱིས་བཤད་པ་ནི། རྡོ་རྗེ་བློ་ལ་ཞེས་བཤད་དེ། །པདྨ་ཀཀྐོ་ལ་ཞེས་ཟེར། །ཞེས་བཤད་པ་ལྟ་བུའོ། །མཐར་ཐུག་པའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་གསང་བའི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེའི་དོན་གྱིས་བཤད་པ་ནི། བཞུགས་སོ་ཞེས་བྱ་བ་ལ་བི་ཛ་ཧ་ར་སྟེ། བི་ཙི་ཏྲ་ནི་སྣ་ཚོགས་ཡིན་ལ། ཛནྨ་ནི་སྐྱེ་བོའོ། །ཧ་ར་ནི་འཕྲོག་པ་སྟེ། གདུལ་བྱའི་སྐྱེ་བོ་སྣ་ཚོགས་ཀྱི་ཡིད་འཕྲོག་པ་སྟེ། སྤྲུལ་པའི་སྐུ་སྟོན་པ་ལྟ་བུའོ། །མན་ངག་གི་དོན་གྱིས་མཐར་ཐུག་ཏུ་བཤད་པ་ནི། ཚངས་པ་ཁྱབ་འཇུག་ཞི་བ་དང༌། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཅེས་བྱ་བས་ཡེ་ཤེས་ལྔ་བཤད་པ་ལྟ་བུའོ། །དེ་ལྟར་ན་མཐར་ཐུག་གཅིག་ཏུ་བསྡུས་པས་ལྔ་ལ་གསུམ་གསུམ་སྟེ་བཅོ་ལྔར་སྦྱར་བར་བྱའོ། །མཐར་ཐུག་གཉིས་སོ་སོར་བྱས་ན་འཆད་ལུགས་ཀྱི་མན་ངག་བཅོ་བརྒྱད་དུ་འགྱུར་རོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བའི་རྒྱུད་ལས་མཐའ་དྲུག་གི་བཤད་པ་ཞེས་བྱ་བ་གསུངས་པ་ནི་འཆད་ལུགས་ཀྱི་མན་ངག་འདི་ཉིད་ཡིན་ནོ། །ཇི་ལྟར་ཡིན་ན། བརྗོད་བྱ་སྤྱིའི་དོན་གཉིས་སུ་ཡན་ལག་གི་དོན་གྱིས་བཤད་པ་ནི་སྒྲ་ཇི་བཞིན་པ་ཞེས་བྱའོ། །བརྗོད་བྱ་སྤྱི་དོན་གཉིས་སུ་ཡི་གེ་དང་མན་ངག་གི་དོན་གྱིས་བཤད་པ་ནི་སྒྲ་ཇི་བཞིན་མ་ཡིན་པ་ཞེས་བྱའོ། །བརྗོད་བྱ་སྦས་པའི་དོན་དུ་ཡན་ལག་གི་དོན་གྱིས་བཤད་པ་ནི་ངེས་པའི་དོན་དུ་བཤད་པ་ཞེས་བྱ་ལ། བརྗོད་བྱ་སྦས་དོན་དུ་ཡི་གེ་དང་མན་ངག་གིས་བཤད་པ་ནི་དྲང་བའི་དོན་གྱི་བཤད་པ་ཞེས་བྱའོ། །བརྗོད་བྱ་མཐར་ཐུག་ཏུ་ཡན་ལག་གི་དོན་གྱིས་བཤད་པ་ནི། དགོངས་པ་མ་ཡིན་པས་བཤད་པ་ཡིན་ལ། ཡི་གེ་དང་མན་ངག་གིས་བཤད་པས་མཐར་ཐུག་པའི་དོན་དུ་འགྱུར་བ་ནི་དགོངས་པས་བཤད་པ་ཞེས་བྱ་བ་ཡིན་ནོ། །བཤད་ཐབས་ཀྱི་མན་ངག་དེས་རྒྱུད་ཇི་ལྟར་འཆད་པའི་ཚུལ་ལ་གཉིས་ཏེ། གཞུང་གི་ཚིག་དོན་ལ་བརྗོད་བྱ་གསུམ་སོ་སོར་སྦྱར་བ་དང༌། ཚིག་རེ་རེ་ལ་བརྗོད་བྱའི་དོན་གསུམ་ཀ་སྦྱར་བའི་བཤད་པའོ། །དང་པོ་ནི་རྗོད་བྱེད་ཀྱི་སྒྲ་ཡན་ལག་གི་དོན་གཙོ་ཆེ་བར་བྱས་ཏེ་ཡི་གེ་དང་མན་ངག་ཀྱང་སྐབས་ཀྱི་ཅུང་ཟད་ཙམ་བྱས་ནས་འཆད་པ་སྟེ། དེ་ནི་གཞུང་གི་སྐབས་ཁ་ཅིག་ཏུ་ནི་སྤྱི་དོན། ཁ་ཅིག་ནི་སྦས་པ། ཁ་ཅིག་ནི་མཐར་ཐུག་པའི་དོན་དུ་འཆད་པ་སྟེ། འདི་ནི་གཞུང་གི་ཡི་གེ་དང་མིང་དང་ཚིག་ལ་འཇུག་པ་ཡིན་པས་ཡི་གེའི་དོན་གྱི་བཤད་པ་ཞེས་བྱ། གཞུང་ཐད་སོའི་བཤད་པ་ཞེས་བྱ། བཀའ་བསྟན་བཅོས་སྤྱི་ལ་གྲགས་པ་དང་མཐུན་པས་ཡོངས་གྲགས་ཀྱི་བཤད་པ་ཞེས་བྱ། ཡན་ལག་གི་དོན་གཙོ་ཆེ་བས་ཡན་ལག་གི་དོན་གྱི་བཤད་པ་ཞེས་བྱའོ། །གཉིས་པ་ནི་དེའི་དོན་དུ་ཚིག་རེ་རེའང་བློ་དམན་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་འགྱོད་པ་བཟློག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྤྱིར་ཡང་འཆད། བསྐྱེད་པའི་རིམ་པ་སྤྱིར་ཡང་ཆོ་ག་ལ་དགའ་བ་རྣམས་ལ་འཆད། ཟབ་མོ་ལ་མོས་པ་རང་གི་ལུས་ལ་དགའ་བ་དང༌། ཆགས་ཅན་ཕྱག་རྒྱ་བསྟེན་པ་ལ་དགའ་བ་གཉིས་ལ་ཙཎྜཱ་ལཱི་ལྟར་ཡང་འཆད་ལ། དཀྱིལ་འཁོར་འཁོར་ལོའི་ཐབས་ལྟར་ཡང་འཆད། རྟོགས་པ་དང་མི་ལྡན་པ་རྣམས་ལ་སྤྱི་བློས་མོས་པ་ཡུལ་དུ་བྱ་བའི་ཕྱིར་དང༌། རྟོགས་ལྡན་རྣམས་ལ་ཏིང་ངེ་འཛིན་གྱིས་དཔེའི་ཚུལ་དུ་རྟོགས་པར་བྱ་བའི་ཕྱིར་མཐར་ཐུག་པའི་དོན་དུའང་འཆད་དོ། །དེ་ལྟར་བཤད་ཡམས་མང་དུ་ཡོད་ཀྱང༌། ཡི་གེའི་དོན་དང༌། སྤྱིའི་དོན་དང༌། སྦས་པའི་དོན་དང༌། མཐར་ཐུག་པའི་དོན་དུ་བཤད་པ་ཞེས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་དེ་ལྟར་ཚུལ་བཞིའི་བཤད་པ་ཞེས་མིང་བཏགས་ལ། བརྒྱུད་པ་འདིའི་ལུགས་ཀྱི་ཡི་གེའི་དོན་གྱིས་བཤད་པ་ནི། སྔ་མ་ཁྲ་བོར་བཤད་པ་དེ་ཡིན་ལ། སྤྱི་དང༌། རང་བྱིན་བརླབ་དང་དཀྱིལ་འཁོར་འཁོར་ལོའི་སྦས་པ་གཉིས་དང༌། མཐར་ཐུག་པ་སྟེ་བཞི་པོ་ལ་བཞི་བཤད་ཅེས་མིང་འདོགས་སོ། །གང་ལྟར་ཡང་དོན་ལ་འགལ་བ་མེད་དོ། །ཚུལ་འདིར་བཤད་པ་འདི་ནི་རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་དེ་ལྟ་བུ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །སློབ་དཔོན་ཁ་ཅིག་གིས། ཕྱི་དང་གསང་བ་དེ་བཞིན་ནང༌། །དེ་བཞིན་ཉིད་དོན་རྣམ་པ་བཞི། །དཀྱིལ་འཁོར་ལས་ཀྱི་ཕྱག་རྒྱ་དང༌། །ལུས་དང་རང་བཞིན་གྱིས་གནས་པའོ། །ཞེས་གསུངས་པ་དེའང་བཤད་ཚུལ་འདི་དང་མཐུན་པར་ཤེས་པར་བྱའོ། །བཤད་ཐབས་ཀྱི་མན་ངག་གཉིས་པ། སེམས་ཀྱི་རྒྱུད་རྒྱུན་ཆགས་ལ་དགོངས་ནས་རྒྱུད་གསུམ་དུ་བཤད་པ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུན་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པའི་དོན་ཏེ། འདི་ལའང་བཤད་ཐབས་ཀྱི་མན་ངག་གི་ཚུལ་བསྟན་པ་དང༌། དེས་རྒྱུད་ཇི་ལྟར་འཆད་པའི་ཚུལ་བསྟན་པའོ། །དང་པོ་ནི་རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དོ། །དེ་ལ་རྒྱུ་རྒྱུད་ནི་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རང་བཞིན་གྱིས་དག་པ་མྱ་ངན་ལས་འདས་པ་ཇི་ལྟར་ཡིན་པའི་ཚུལ་དང༌། དེ་ཆོས་ཅན་རྒྱས་པར་ཕྱེ་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་སུམ་ཅུ་རྩ་ལྔའམ་མདོར་ན་ལུས་ངག་ཡིད་གསུམ་ཇི་ལྟར་གནས་པའི་ཚུལ་བསྟན་པ་རྣམས་སོ། །ཐབས་ཀྱི་རྒྱུད་ནི་སྨིན་པར་བྱེད་པའི་ལམ་དབང་བསྐུར་བ་དང༌། གྲོལ་བྱེད་ཀྱི་ལམ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་སྟེ་གཉིས་པོ་འཁོར་དང་བཅས་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་དང༌། འབྲས་བུའི་རྒྱུད་ནི་རྒྱུ་ལ་ཇི་ལྟར་གནས་པ་དབང་གིས་སྨིན་པར་བྱས་ནས་དབང་ཐོབ་པ་བཞིན་དུ་བསྐྱེད་རིམ་བསྒོམ་པ་དང༌། རྫོགས་རིམ་བསྒོམས་པས། རྟོགས་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ནས་གྲུབ་པའི་ས་ཐོབ་སྟེ། དེ་ཁོ་ན་བཞིན་དུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་གང་ཡིན་པའོ། །འདི་དག་རྒྱས་པར་ནི་རྒྱུད་ཀྱི་མངོན་པར་རྟོགས་པ་ལས་ཤེས་པར་བྱ་བས་འདིར་རྒྱས་པར་མ་སྨྲས་སོ། །གཉིས་པ་དེས་རྒྱུད་ཇི་ལྟར་འཆད་ན། འདིའང་སྔ་མ་ལྟར་གཉིས་ཏེ་ཁ་ཅིག་ཏུ་རྒྱུ་རྒྱུད་ཁ་ཅིག་ཏུ་ཐབས་རྒྱུད་ཁ་ཅིག་ཏུ་སྨིན་ལམ་ཁ་ཅིག་ཏུ་གྲོལ་ལམ། ཁ་ཅིག་ཏུ་འབྲས་བུའི་རྒྱུད་འཆད་པ་སྟེ། ཁྲ་བོར་བཤད་པ་དང་ཚིག་རེ་རེའང་རྒྱུད་གསུམ་དང་ལྡན་པར་བཤད་པའོ། །དེ་ལྟར་གདམས་ངག་དྲུག་གིས་གཞུང་ཚིག་དང་ཡི་གེའི་དོན་བཤད། རྒྱུད་གསུམ་གྱིས་དོན་ཉམས་བླང་གི་མངོན་རྟོགས་སུ་སྦྱར་ཏེ་བྱེད་པས་འདི་གཉིས་བཤད་ཐབས་ཀྱི་གཙོ་བོ་ཡིན་ནོ། །བཤད་ཐབས་གསུམ་པ་དབང་ལམ་དུ་བྱ་བའི་ཕྱིར་བདག་ཉིད་ཅན་གསུམ་གྱིས་བཤད་པ་ནི། ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་མི་གོས་ཤིང༌། །རྒྱུད་ཀྱི་དོན་ལ་འཇུག་པར་བྱ། །ཞེས་གསུངས་སོ། །འདི་ལའང་གཉིས་ཏེ། བདག་ཉིད་ཅན་གསུམ་གང་ཡིན་བཤད་པ་དང༌། དེས་རྒྱུད་ཇི་ལྟར་འཆད་པའི་ཚུལ་བསྟན་པའོ། །དང་པོའང་ལུས་ལ་བུམ་པའི་དབང་བསྐུར་ནས་ལུས་ཉིད་སྤྲུལ་པའི་སྐུ་སྟོན་པར་བྱེད་པའི་བསྐྱེད་པའི་རིམ་པ་དབྱིབས་ཀྱི་བདག་ཉིད། ངག་ལ་གསང་བའི་དབང་བསྐུར་ནས་ངག་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ་ཙཎྜཱ་ལཱི་སྔགས་ཀྱི་བདག་ཉིད། སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་སེམས་ཉིད་ཆོས་ཀྱི་སྐུར་སྟོན་པར་བྱེད་པ་དབང་ཆོས་ཀྱི་བདག་ཉིད། ལུས་ངག་ཡིད་མཐའ་དག་རླུང་དང་བཅས་པ་ལ་དབང་བཞི་པ་བསྐུར་ནས་རླུང་ངོ་བོ་ཉིད་ཀྱི་སྐུར་སྟོན་པ་མཐར་ཐུག་ཆོས་ཀྱི་བདག་ཉིད་དོ། །དེ་ལྟར་ན་དབང་ཆོས་དང་མཐར་ཐུག་ཆོས་གཉིས་ཀ་ཆོས་སུ་སྡུད་པ་ན་བདག་ཉིད་ཅན་གསུམ་མོ། །དེ་དག་སོ་སོར་བྱས་ན། ལུས་ལ་ཞེས་བྱ་བ་ནི་སྦྱང་གཞིའམ་རྒྱུའི་རྒྱུད་དོ། །བུམ་པའི་དབང་ཞེས་བྱ་བ་ནི། སྨིན་ལམ་མོ། །བསྐྱེད་པའི་རིམ་པ་ཞེས་བྱ་བ་ནི་གྲོལ་ལམ་མོ། །སྤྲུལ་པའི་སྐུ་ཞེས་བྱ་བ་ནི་འབྲས་བུའོ། །དེ་ལྟར་བཞི་ཀ་ཕྱིའི་ཆོས་ཡིན་པས་ནི་དབྱིབས་ཀྱི་བདག་ཉིད་ཅེས་མིང་དུ་བཏགས་སོ། །འོག་མ་གསུམ་ཡང་དེས་བསྒྲེས་ཏེ་ཤེས་པར་བྱའོ། །གཉིས་པ་དེས་རྒྱུད་ཇི་ལྟར་འཆད་པའང༌། ལུགས་གཉིས་ཏེ་རྒྱུད་ཁྲོ་བོར་བཤད་པ་ནི་སྐབས་ཁ་ཅིག་ཏུ་དབྱིབས་ཀྱི་ལུས། ཁ་ཅིག་ཏུ་དབྱིབས་ཀྱི་སྨིན་ལམ། ཁ་ཅིག་ཏུ་དབྱིབས་ཀྱི་གྲོལ་ལམ། ཁ་ཅིག་ཏུ་དབྱིབས་ཀྱི་འབྲས་བུ། ཁ་ཅིག་ཏུ་སྔགས་ཀྱི་སྦྱང་གཞི་ངག ཁ་ཅིག་ཏུ་འབྲས་བུ་ལོངས་སྐུ་ལ་སོགས་པ་འཆད་པའོ། །བཤད་ལུགས་གཉིས་པ་ནི་ཚིག་རེ་རེ་ལའང་སྔགས་དང་དབྱིབས་དང་ཆོས་སུ་འཆད་ལ་དེ་རེ་རེ་ལའང་རྒྱུ་དང་དབང་དང་ལམ་དང་འབྲས་བུར་འཆད་པས་བཅུ་གཉིས་སུ་བཤད་པའམ་ཆོས་ལ་གཉིས་སུ་བྱས་ཏེ་བཅུ་དྲུག་གིས་འཆད་པར་འགྱུར་རོ། །བཤད་ཚུལ་འདི་ནི་རབ་ཏུ་རྒྱ་ཆེ་སྟེ། སྔར་གྱི་གདམས་ངག་དྲུག་དང་རྒྱུད་གསུམ་གྱི་བཤད་པ་ཕྱོགས་གཅིག་ཏུ་བྱས་པ་དང་འདྲའོ། །བཤད་ཐབས་བཞི་པ་འབྲས་བུ་སྐུ་བཞི་ལམ་དུ་བྱ་བའི་ཕྱིར་གནས་པ་བཞིར་བཤད་པ་ནི། དཔལ་ནམ་མཁའ་དང་མཉམ་པ་ལས། གོང་བུ་ཆུ་དང་གཟུགས་སུ་བཅས། །དེ་བཞིན་གཟུགས་ལས་འདས་པ་དང༌། །གནས་པ་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་སོ། །འདིའང་བཤད་ཐབས་གང་ཡིན་པ་བཤད་པ་དང༌། དེས་རྒྱུད་འཆད་པའི་ཚུལ་བསྟན་པའོ། །དང་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ནི་གོང་བུར་གནས་པ་དེ་བདེ་བ་ལ་ལོངས་སྤྱོད་པས་སོ། །ཆོས་ཀྱི་སྐུ་ནི་ཆུ་རུ་གནས་པ་སྟེ། ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་པའམ། ཆུའི་ཐིག་ལེ་ལྟར་རྣམ་རྟོག་གི་ཟུར་མེད་པའོ། །སྤྲུལ་པའི་སྐུ་ནི་གཟུགས་སུ་གནས་པ་སྟེ་ཞལ་ཕྱག་གི་རྣམ་པ་ཅན་ཡིན་པས་སོ། །ངོ་བོ་ཉིད་ཀྱི་སྐུ་ནི་གཟུགས་ལས་འདས་པར་གནས་པ་སྟེ་ཐམས་ཅད་དེར་ཐིམ་པའི་ཕྱིར་རོ། །འབྲས་བུ་སྐུ་བཞི་གནས་པ་བཞི་ཡིན་པ་ལྟར་རྒྱུ་རྒྱུད་སྦྱང་གཞི་གནས་པ་བཞིར་གནས་ཏེ་མངལ་སྐྱེས་ཀྱི་སེམས་ཅན་གྱི་དབང་དུ་བྱས་ནས། དང་པོ་ཕ་མ་གཉིས་འཁྲིག་པའི་བདེ་བ་ལ་ལོངས་སྤྱོད་པའི་ཚེ་བར་དོའི་སེམས་ཅན་ཡང་བདེ་བ་དེ་ལ་ཆགས་པས་མངལ་དུ་འཇུག་པའི་ཕྱིར་བདེ་བ་ལ་ལོངས་སྤྱོད་པས་ལོངས་སྐུ་སྟེ་གོང་བུར་གནས་ལ། ཁུ་ཁྲག་གི་ནང་དུ་བར་དོའི་རྣམ་ཤེས་བརྒྱལ་ཏེ་མེར་མེར་པོ་ལ་སོགས་པ་ཆུ་རུ་གནས་པའོ། །དབང་པོ་རྫོགས་ཏེ་ལུས་གནས་པའི་གནས་སྐབས་ནི་གཟུགས་སུ་གནས་པའོ། །ཤི་བའི་གནས་སྐབས་ནི་གཟུགས་ལས་འདས་པར་གནས་པའོ། །དེ་ལྟར་རྒྱུ་དང་འབྲས་བུ་གཉིས་གནས་པ་བཞི་ཡིན་པའི་ཕྱིར་ཤུགས་ལ་དབང་བཞི་དང་ལམ་བཞི་དེ་བཞིན་དུ་སྦྱར་ལ། ལམ་རེ་རེ་ལའང་གནས་པ་བཞི་བཞི་དང་ལྡན་ཏེ། དཔེར་ན་རྒྱུ་རྡོ་རྗེ་འཆང་ལྷ་མོ་དབྱུང་བ་དང་བཅས་པ་ནི་གོང་བུར་གནས་པ། རྒྱུ་རྡོ་རྗེ་འཆང་འོད་དུ་ཞུ་བ་ནི་ཆུ་རུ་གནས་པ། འབྲས་བུར་བཞེངས་པ་ནས་དབང་བསྐུར་གྱི་བར་ནི་གཟུགས་སུ་གནས་པ། ལྷ་བསྡུ་བ་ནི་གཟུགས་ལས་འདས་པར་གནས་པ་ཞེས་བྱ་བ་ལྟ་བུའམ། དེ་བཞིན་དུ་སཾ་པུ་ཊའི་བརྟག་པ་ལྔ་པའི་གཉིས་པ་ལས་དཔག་ཏུ་མེད་པ་སྦྱར་བ་ལྟ་བུའོ། །གཉིས་པ་དེས་རྒྱུད་འཆད་པའི་ཚུལ་ནི་སྔ་མ་ལྟར་ཁྲ་བོར་སྦྱར་བ་ནི་སྐབས་ཁ་ཅིག་ཏུ་རྒྱུའི་གནས་པ། ཁ་ཅིག་ཏུ་འབྲས་བུའི། ཁ་ཅིག་ཏུ་ལམ་གྱི་སྦྱར་བ་དང༌། ཚིག་རེ་རེ་ལ་གནས་པ་བཞི་བཞི་སྦྱར་བ་ནི་མེད་ཀྱང་ཚིག་རེ་རེ་ལ་རྒྱུ་དང་ལམ་དང་འབྲས་བུར་སྦྱར་བ་རྒྱུད་གསུམ་ཆར་དུ་སྦྱར་ཏེ་འདི་ནི་རྒྱུད་གསུམ་གྱི་བཤད་པ་དང་ཆ་འདྲའོ། །བཤད་ཐབས་ལྔ་པ་སྤང་བྱ་མི་མཐུན་པའི་ཕྱོགས་སྤོང་བའི་དབང་དུ་བྱས་ནས་དག་པ་གསུམ་གྱི་བཤད་པ་ནི། ཧེ་བཛྲ་ལེའུ་དགུ་པ་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །ཞེས་སོ། །འདི་ལའང་བཤད་ཐབས་གང་ཡིན་པ་དང༌། དེས་རྒྱུད་འཆད་པའི་ཚུལ་བསྟན་པའོ། །དང་པོའང་དེ་བཞིན་ཉིད་ཀྱི་དག་པ་དང༌། ལྷ་སོ་སོའི་དག་པ་དང༌། རང་རིག་པའི་དག་པའོ། །འདི་གསུམ་ཡང་རྒྱུའི་རྒྱུད་ཀྱིས་བསྡུས་པའི་དག་པ་གསུམ་དང༌། ཐབས་རྒྱུད་ཀྱིས་བསྡུས་པའི་དག་པ་གསུམ་དང༌། འབྲས་བུའི་རྒྱུད་ཀྱིས་བསྡུས་པའི་དག་པ་གསུམ་མོ། །དེ་ལ་རྒྱུ་རྒྱུད་ཀྱི་གསུམ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གདོད་མ་ནས་མ་སྐྱེས་པ་ནི་དེ་བཞིན་ཉིད་ཀྱི་དག་པ། ལུས་ཞལ་ཕྱག་གི་རྣམ་པར་སྣང་བ་ལྷ་སོ་སོའི་དག་པ། སྣང་བ་ཐམས་ཅད་རང་གི་སེམས་ཉིད་དུ་གྲུབ་པ་རང་རིག་པའི་དག་པའོ། །ཐབས་རྒྱུད་ཀྱི་དག་པ་གསུམ་ནི་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ལྟ་བ་ནི་དེ་བཞིན་ཉིད་ཀྱི་དག་པ། ལམ་བསྐྱེད་པའི་རིམ་པ་ནི་ལྷ་སོ་སོའི་དག་པ། རྫོགས་པའི་རིམ་པ་རང་རིག་པའི་དག་པའོ། །འདིས་དབང་བསྐུར་ཡན་ཆད་ཀྱང་དག་པ་གསུམ་དུ་སྦྱར་བར་ཤེས་པར་བྱའོ། །འབྲས་བུའི་རྒྱུད་ཀྱི་དག་པ་གསུམ་ནི། ངོ་བོ་ཉིད་ཀྱི་སྐུ་དེ་བཞིན་ཉིད་ཀྱི་དག་པ། གཟུགས་སྐུ་གཉིས་ལྷ་སོ་སོའི་དག་པ། ཆོས་ཀྱི་སྐུ་རང་རིག་པའི་དག་པའོ། །གཉིས་པ་དེས་རྒྱུད་འཆད་པའི་ཚུལ་ཡང་རྒྱུད་གསུམ་སོ་སོར་སྦྱར་ཏེ་འཆད་པ་ནི་བཤད་པ་ཁྲ་བོའོ། །ཚིག་རེ་རེ་ལ་དག་པ་གསུམ་གསུམ་སྦྱར་དུ་མི་བཏུབ་ཀྱང༌། ཚིག་རེ་རེ་ལ་རྒྱུའི་དང༌། ཐབས་ཀྱི་དང༌། འབྲས་བུར་སྦྱར་ཏེ་བཤད་པ་བྱེད་པ་ནི་བཤད་ཚུལ་ཡོངས་སུ་རྫོགས་པ་སྟེ་འདིའང་རྒྱུད་གསུམ་གྱི་བཤད་པ་དང་མཚུངས་པར་ཤེས་པར་བྱའོ། །བཤད་ཐབས་ཀྱི་མན་ངག་དྲུག་པ་གསང་བ་བདུན་དུ་བཤད་པ་ནི། དཔལ་སཾ་པུ་ཊའི་རྒྱུད་ཕྱི་མ་ལས། གསང་བ་ནི་མི་གསལ་བའོ། །གསང་བ་ནི་དེ་ཁོ་ན་ཉིད་མདོར་བསྟན་པའོ། །གསང་བ་ནི་ས་བོན་ལྔའོ། །གསང་བ་ནི་དམ་པའི་དངོས་པོ་སྦས་པའོ། །གསང་བ་ནི་གསང་བའི་པདྨའོ། །གསང་བ་ནི་ལྟེ་བའི་དགའ་བའོ། །གསང་བ་ནི་ཐམས་ཅད་དུ་འགྲོ་བ་བསྡུས་པའོ། །གསང་བ་ནི་བདེ་བ་མཐའ་ཡས་པ་སྟེ་རྒྱུད་ཀྱི་གཞུང་གི་བཤད་པའོ། །ཞེས་བརྒྱད་གསུངས་སོ། །འདི་ལའང་གཉིས་ཏེ། བཤད་ཐབས་གང་ཡིན་པ་དང༌། དེས་རྒྱུད་འཆད་པའི་ཚུལ་བསྟན་པའོ། །དང་པོ་ནི་རྒྱུད་ལས་བརྒྱད་གསུངས་ན་གསང་བ་བདུན་ཇི་ལྟར་ཡིན་ཞེ་ན། དེ་ཉིད་ལས་གསང་བའི་སྒྲ་ནི་བདུན་པ་སྟེ། བརྒྱད་པ་ནི་བརྗོད་དུ་མེད་པའི་མཚན་ཉིད་དོ་ཞེས་གསུངས་པས། བདེ་བ་མཐའ་ཡས་པ་ཞེས་བྱ་བ་དང༌། གསང་བ་མི་གསལ་བ་ཞེས་བྱ་བ་དེ་གཉིས་ནི། རྟོགས་བྱའི་དོན་རྒྱུའི་རྒྱུད་ནི་མི་གསལ་བ་ཞེས་བྱ་བས་བསྟན་ལ། བདེ་བ་མཐའ་ཡས་པས་དེ་རྟོགས་པ་བསྟན་པས་དེ་གཉིས་ཀ་གནས་ལུགས་སུ་གཅིག་པའི་ཕྱིར་བདུན་པ་ཡིན་པ་དང༌། གནས་ལུགས་རྟོགས་པ་ཉིད་བསྟན་རྒྱུ་མེད་པས་བརྒྱད་པ་བརྗོད་དུ་མེད་པ་ཞེས་བྱ་བ་ཡིན་པས་དེ་མ་གཏོགས་སོ། །དེ་ཁོ་ན་མདོར་བསྟན་པ་ནི་སྨིན་པར་བྱེད་པའི་ལམ་དབང་ངོ༌། །ས་བོན་ལྔ་ནི་བསྐྱེད་པའི་རིམ་པའོ། །དམ་པའི་དངོས་པོ་སྦས་པ་ནི་རྟོགས་པའི་ལྟ་བའོ། །གསང་བའི་པདྨ་ནི་དཀྱིལ་འཁོར་འཁོར་ལོའི་ཐབས་སོ། །ལྟེ་བའི་དགའ་བ་ནི་རང་བྱིན་གྱིས་བརླབ་པའོ། །ཐམས་ཅད་དུ་འགྲོ་བ་བསྡུས་པ་ནི་ལམ་གྱི་ཡན་ལག་རྣམས་བསྟན་ཏོ། །གཉིས་པ་འདིས་རྒྱུད་བཤད་པའི་ཚུལ་ནི་བཤད་ཐབས་སྔ་མ་རྣམས་ལྟར་ཚིག་རེ་རེ་ལ་བཤད་ཐབས་མང་པོ་སྦྱར་བ་ནི་མི་གསུང་ཏེ། གཞུང་ཡི་གེའི་དོན་ཉིད་ཀྱིས་གནས་སྐབས་གང་དང་གང་དུ་འབྲེལ་པ་ཁྲ་བོར་བཤད་པ་སྦྱར་ཏེ་འདི་ནི་མངོན་པར་རྟོགས་པ་དང་འདྲའོ། །དེ་ལྟ་བུའི་བཤད་ཐབས་འདི་དང་སློབ་དཔོན་ཁ་ཅིག་གིས་རྒྱུད་དོན་ཡན་ལག་ལྔའི་བཤད་པ་ཞེས་བྱ་བ་དང་ཡང་འདྲ་སྟེ། དེ་ལ་ཡན་ལག་ལྔ་ནི་སྔོན་དུ་འགྲོ་བ་དབང་གི་ཡན་ལག ལམ་མངོན་པར་རྟོགས་པའི་ཡན་ལག་སྟེ་རིམ་པ་གཉིས་དང༌། གྲོགས་དམ་ཚིག་དང་སྡོམ་པའི་ཡན་ལག་སྟེ་ལམ་གྱི་གྲོགས་དང༌། བརྟན་པར་བྱེད་པ་སྤྱོད་པའི་ཡན་ལག་དང༌། འབྲས་བུ་ལས་ཀྱི་ཚོགས་ཡན་ལག་སྟེ། དམན་པ་ཞི་སོགས་འབྲིང་གྲུབ་ཆེན་ཏེ་གཉིས་པོ་ཐུན་མོང་གི་འབྲས་བུ། སངས་རྒྱས་ཏེ་མཆོག་གི་འབྲས་བུ་ཞེས་བྱ་བར་བསྡུས་ཏེ་འཆད་དོ། །ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པ་དང༌། སྒྲུབ་པ་དང༌། ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་ཆེན་པོ་དང་དེ་ཐམས་ཅད་ཀྱི་ཐུན་མོང་གི་ཡན་ལག་ཅེས་བྱ་བ་བཞིའམ་ལྔར་བསྡུས་ཏེ་བཤད་པའང༌། འདི་དང་ཚུལ་མཚུངས་སོ། །ཡང་བདེ་མཆོག་ཉུང་ངུར་ལམ་གྱི་གསང་བ་དང༌། འབྲས་བུའི་གསང་བ་དང༌། དེ་རྫོགས་པར་བྱེད་པའི་ཡན་ལག་ཅེས་བྱ་བར་བསྡུས་ཏེ་འཆད་པ་དང་ཡང་ཚུལ་མཚུངས་སོ། །མདོར་ན་རྒྱུད་བཤད་ཐབས་ཀྱི་མན་ངག་གི་ཚུལ་གཉིས་ཏེ། ཚིག་རེ་རེ་ལ་བསྡུས་པའི་དོན་དང༌། ཚིག་དོན་དུ་མ་སྦྱར་བ་དང༌། ཚིག་རེ་རེ་ལ་བཤད་པ་རེ་རེ་སྦྱར་བའོ། །མང་པོར་སྦྱོར་བ་ནི་གང་ལྟར་སྦྱོར་ཡང་རུང་སྟེ་སྔ་མ་རྣམས་དང་མཚུངས་སོ། །དེ་རེ་རེར་སྦྱོར་བ་ནི་གང་ལྟར་སྦྱོར་ཡང་རུང་སྟེ་ཕྱི་མ་གསང་བ་བདུན་དང་མཚུངས་སོ། །དེའང་མངོན་རྟོགས་ནི་རྒྱུད་གསུམ་དུ་དོན་གྱིས་འགྱུར་ལ། ཚིག་དོན་ནི་ཡན་ལག་གི་དོན་གྱིས་བཤད་པ་གཙོ་ཆེ་བར་འགྱུར་རོ། །ད་ནི་དེ་ལྟ་བུའི་བཤད་ཐབས་ལ་རྩོད་པ་སྤང་བ་བཤད་པར་བྱའོ། །དེ་ལ་གསུམ་སྟེ། བཤད་ཐབས་མང་པོ་དོན་མེད་པ་སྤང་བ་དང༌། བཤད་ཡམས་གཅིག་ཏུ་བཤད་པ་ཚོགས་པ་ལ་བཤད་པར་ཐལ་བ་སྤང་བ་དང༌། བཤད་ཐབས་མང་པོ་གཞན་གྱི་བཤད་ཚུལ་དུ་ཐལ་བ་སྤང་བའོ། །དང་པོ་ནི་གལ་ཏེ་བཤད་ཚིག་རེ་རེ་ལ་མང་པོ་སྦྱོར་རོ་ཞེས་བྱ་བ་དེ་དོན་མེད་དེ་ད་ལྟར་མང་པོ་འཆད་པ་དེ་མི་སྣང་བའི་ཕྱིར་རོ་ཞེ་ན། བདེན་ཏེ་ཚིག་མཐའ་དག་ལ་མང་པོ་སྦྱོར་བ་ད་ལྟ་མི་སྣང་སྟེ་ད་ལྟ་སྙིགས་མའི་དུས་སུ་གྱུར་པས་བློ་གྲོས་དང་བརྩོན་འགྲུས་ཞན་པས་མི་ནུས་པར་གྱུར་ཏོ། །འོན་ཀྱང་བཤད་ཚུལ་འདི་དག་ཁོང་དུ་ཆུད་པ་དང༌། གླེང་གཞི་ལ་སོགས་པ་མདོར་བསྟན་པའི་ཚིག་དང་དཀའ་བའི་གནས་འགའ་ཞིག་ལ་བཤད་པ་ཡོད་པས་ཐམས་ཅད་ལ་སྣང་བ་སྐྱེད་པར་བྱེད་དེ། ཕྱོགས་གཅིག་གིས་ཀུན་མཚོན་པར་བྱེད་དོ། །གལ་ཏེ་ཡང་བཤད་ཚུལ་རེ་རེ་བརྗོད་པ་འདི་ཡི་གེའི་དོན་ལ་ཞུགས་པ་ཙམ་ཡིན་པས་འདིའང་ཚོགས་པ་ལ་བཤད་པར་འགྱུར་ཏེ། སློབ་དཔོན་ཟླ་གྲགས་ཀྱིས། ཇི་བཞིན་སྒྲ་དང་དགོངས་མིན་དང༌། །དྲང་བའི་དོན་དུ་གང་གྱུར་དང༌། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་པ་ལ་ནི་བཤད་པར་འདོད། །ཇི་བཞིན་སྒྲ་མིན་ངེས་དོན་དང༌། །དེ་བཞིན་དགོངས་ཏེ་བཤད་པ་ཉིད། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་པས་སོ་ཞེ་ན། དེ་ཡང་དག་པ་མ་ཡིན་ཏེ། གཉིས་ཀ་ལ་རྒྱུད་ཚང་བར་བཤད་པར་ཡང་མི་འགྱུར་ལ། སློབ་མ་ལ་གཉིས་ཀ་འཆད་དུ་བཅུག་ཀྱང༌། ཚོགས་པ་ལ་རྒྱུད་ཚང་བར་བཤད་ཏུ་མི་བཏུབ་སྟེ། སློབ་དཔོན་ཟླ་གྲགས་ཀྱི་འགྲེལ་པ་ལས། ཁ་ཅིག་ན་དགོངས་ཏེ་བཤད་པ་ལ་སོགས་པ་རེ་རེ་ལས་མ་བཤད་པ་མཐོང་བས་དེ་འཇོག་པར་འགྱུར་རོ། །དེས་ན་མ་ཡིན་ནོ། །འོ་ན་བཤད་པ་གཉིས་གང་ཡིན་ན། སྤྱི་དོན་གཉིས་སུ་འཆད་ལུགས་ཀྱི་མན་ངག་གསུམ་གྱིས་རྒྱུད་མཐའ་དག་འཆད་པ་ནི་ཚོགས་པ་ལ་བཤད་པ་ཡིན་ལ། སློབ་མ་སློབ་དཔོན་དུ་གྱུར་པ་ཟབ་པ་རྒྱ་ཆེ་བའི་བློ་དང་ལྡན་པ་ལ་བཤད་པ་མཐའ་དག་བྱེད་དོ། །ཡི་གེའི་དོན་དུ་བཤད་པ་འདིའང་སྦས་པ་དང་མཐར་ཐུག་འཆད་པས་སློབ་མ་ལ་བཤད་པ་ཡིན་པ་དང་སྤྱི་དོན་ཡང་སྟོན་པས་བཤད་པ་ཚང་བ་བསྡུས་པ་ཡིན་པས་སློབ་མ་བློ་ཞན་པ་བསྒྲུབ་པ་དོན་དུ་གཉེར་བ་ལ་བཤད་པ་ཡིན་ནོ། །རྩོད་པ་སྤང་བ་གསུམ་པ་ནི་འདི་ན་ཁ་ཅིག་ན་རེ་དེ་ལྟར་བཤད་ཐབས་ཀྱི་མན་ངག་མང་དུ་སྦྱར་ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་རྒྱན་བདུན་ཞེས་བྱ་བ་གླེང་བསླང་བ་ལྔ་དང༌། རིགས་པ་བཞི་དང༌། མཐའ་དྲུག་དང༌། ཚུལ་བཞི་དང༌། བཤད་པ་གཉིས་དང༌། སློབ་མ་བརྟག་པ་དང༌། བདེན་པ་གཉིས་ཞེས་བྱ་བ་གསུངས་པ་དེ་འདིར་མ་ཚང་བ་དང༌། ཡང་སྤྱི་དང་སྦས་པ་ལ་སོགས་པར་བཤད་པ་འདི་ཀུན་ལས་བཏུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་ལུགས་ཡིན་གྱིས་དགྱེས་པའི་རྡོ་རྗེ་ན་མེད་པས་དེ་འདིར་བཀབ་པ་ཡིན་ནོ་ཞེས་བླུན་པོ་ཕལ་ཆེར་བླུན་པར་གྱུར་པ་རང་གི་ལུགས་ཙམ་ལ་མགུ་བས་གཞན་སྨོད་པར་བྱེད་པ་འདུ་ཤེས་མེད་པའི་ལྷ་ཚེ་རིང་པོ་ལྟ་བུར་གྱུར་པ་ཁ་ཅིག་ཟེར་རོ། །དེ་ལ་རྒྱན་བདུན་ཞེས་བྱ་བ་བདག་ཅག་གི་བླ་མ་མི་གསུང་བས་མ་སྨྲས་ཀྱིས་དེ་དག་ཚང་བར་ཡོད་དོ། །ཇི་ལྟར་ཡོད་ན་རྒྱན་བདུན་ནི། མིང་དང་རྒྱུ་དང་རྒྱུད་མཛད་པ་པོ་དང་ཚད་དང་དགོས་པ་སྟེ་ལྔ་ནི་གླེང་བསླང་བ་དང༌། རྒྱུད་དང་གླེང་གཞི་དང་ངེས་པའི་ཚིག་དང་རྒྱུ་སྟེ་རིགས་པ་བཞི་སྟེ། དེ་ལྟར་གཉིས་ནི་རྒྱུད་སྡེའི་དབྱེ་བ་དང་བྱུང་ཚུལ་དང་མཚན་དོན་གྱི་སྐབས་ཀྱིས་ཤེས་པར་ནུས་སོ། །མཐའ་དྲུག་དང་ཚུལ་བཞི་དང་བཤད་ཚུལ་གཉིས་ནི་རྒྱུད་བཤད་ཐབས་ཀྱི་མན་ངག་གིས་བསྟན་ལ། སློབ་མ་བརྟག་པ་དང་བདེན་པ་གཉིས་ནི་རྒྱུད་ཀྱི་མངོན་པར་རྟོགས་པས་ཤེས་པར་ནུས་ཏེ་དེ་དག་ཀྱང་བཤད་ཚུལ་འདིའི་ཁོངས་སུ་འདུས་པར་རིག་པར་བྱའོ། །ཡང་གཞན་གྱི་བཤད་པ་འདི་ལ་བཀབ་བོ་ཞེས་བྱ་བ་དེ་ལ་འདི་འདྲི་བར་བྱ་སྟེ། བཀབ་པ་ཞེས་བྱ་བ་དེ་རང་གི་བཤད་སྲོལ་ལ་མེད་པ་ལ་གཞན་གྱི་བཤད་སྲོལ་ལ་མཐོང་ནས་དེ་ལེགས་སུ་རེ་ནས་བཀབ་པ་ལ་ཟེར་རམ། རྒྱུད་ཀྱི་ནང་ན་མིང་མི་སྣང་བ་རྒྱུད་གཞན་གྱིས་གསལ་བར་བྱས་པ་ལ་བཀབ་ཅེས་ཟེར། དེ་ལ་དང་པོ་ལེགས་སུ་རེ་ནས་མེད་པ་བཀབ་བོ་ཞེས་སྨྲ་ན། འཕགས་སྐོར་གྱི་ནི་ཚུལ་བཞི་དང་མཐའ་དྲུག་ཅེས་བྱ་བ་ཡིན་ལ། བདག་ཅག་གི་ནི་གདམས་ངག་དྲུག་ཅེས་བྱ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་ཡིན་པ་ག་ལ་མཚུངས། གལ་ཏེ་དོན་མཐུན་ནོ་ཞེ་ན། དེ་ནི་ཤིན་ཏུ་ལེགས་ཏེ་སངས་རྒྱས་ཀྱི་དགོངས་པ་མ་ནོར་བར་འཆད་པ་དེ་ཚུལ་འདི་ཡིན་པར་རིག་པར་བྱའོ། །གཞན་ཡང་མཐའ་དྲུག་ཚུལ་བཞི་དང་གདམ་ངག་དྲུག་མཐུན་དུ་བཅུག་ཀྱང༌། བདག་ཅག་ལ་བཤད་ཐབས་ཀྱི་མན་ངག་གཞན་བདག་ཉིད་ཅན་གསུམ་དང་གནས་པ་བཞི་ལ་སོགས་པ་དུ་མ་ཡོད་ན་འདི་རྣམས་གང་གི་ལུགས་འདིར་བཀབ་པ་ཡིན། དེས་ན་བདག་ཅག་གི་ལུགས་བཤད་ཚུལ་མཐའ་ཡས་པ་འདི་ནི་གྲུབ་པའི་བླ་མ་བརྒྱུད་པ་མ་ཉམས་པ་ལས་ཤེས་ཀྱི་གཞན་གྱིས་འདི་ལྟ་བུ་རྟོགས་པར་ག་ལ་འགྱུར། འདི་ལྟ་བུའི་ཚུལ་རྟོགས་པ་ནི་གནས་བརྟན་དཔལ་ལྡན་ཆོས་སྐྱོང་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཞེས་བྱ་བ་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས། སྒྲུབ་པ་སྙིང་པོར་མཛད་ནས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་དངོས་སུ་དབང་བླངས་ཏེ་གྲུབ་པ་ཆེན་པོའི་ས་བརྙེས་ནས་ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ། ཕྱི་རོལ་པ་དང་ནང་པ་མཐའ་དག་གིས་ཀྱང་ཅུང་ཟད་ཀྱང་བསྙད་པ་མེད་པར་གྲུབ་སྟེ། དེང་སང་ཡང་སྟོབས་ཀྱི་མགོན་པོ་ཞེས་ཀུན་གྱིས་བསྔགས་པ་དང༌། ཡང་རྣལ་འབྱོར་གྱི་དབང་ཕྱུག་ཌོམྦི་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ། བིར་བའི་སློབ་མར་ཡང་གྲགས་ཤིང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཀྱང་དབང་བླངས་ཏེ། ར་ཌ་ཞེས་བྱ་བའི་ཡུལ་དུ་ཀུན་ཏུ་བཟང་པོའི་སྤྱོད་པ་མཛད་ནས། ལུས་དེ་ཉིད་ཀྱིས་གནས་གྱུར་པའི་སྐུ་དབང་ཕྱུག་བརྒྱད་དང་ལྡན་པའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་སྐུར་གྱུར་ཏེ་འཇིག་རྟེན་པ་ཐམས་ཅད་མཐུན་པར་གཤེགས་པའི་སློབ་དཔོན་དེ་ལྟ་བུས་རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས། དེ་ཉིད་ཀྱི་ཞལ་སྔ་ནས་བྱུང་བའི་བརྒྱུད་པ་བར་མ་ཆད་པས་ཤེས་པར་ནུས་སོ། །དེ་ལྟར་དེ་དག་གི་བརྒྱུད་པ་ནི་བིརྺ་པའི་སློབ་མ་ནག་པོ་པ་དང༌། དེའི་སློབ་མ་ཌ་མ་བ་དང༌། དེའི་སློབ་མ་ཨ་བ་དྷཱུ་ཏི་པ་དང༌། དེའི་སློབ་མ་ག་ཡ་དྷ་ར་དང༌། ཡང་ཌོམྦི་པའི་སློབ་མ་ལ་ཨ་ལ་ལ་བཛྲ་དང༌། དེའི་སློབ་མ་ནགས་ཁྲོད་པ་དང༌། དེའི་སློབ་མ་གརྦྷ་རི་པ་དང༌། དེའི་སློབ་མ་ཛ་ཡ་ཤྲཱི་ཤཱནྟི་པ་དང༌། དེའི་སློབ་མ་མི་ཐུབ་ཟླ་བ་དང༌། དེའི་སློབ་མ་དཔའ་བོ་རྡོ་རྗེ་སྟེ། ག་ཡ་དྷ་ར་དང་དཔའ་བོ་རྡོ་རྗེ་གཉིས་ཀའི་སློབ་མ་འབྲོག་མི་ལོ་ཙཱ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་ཏེ། དེས་གངས་ཅན་གྱི་ཁྲོད་ཐམས་ཅད་སྣང་བར་མཛད་དེ། དེང་སང་ཡང་ཧེ་བཛྲའི་རྒྱུད་མཐའ་དག་ལོ་ཙཱ་བ་ཆེན་པོ་དེས་བསྒྱུར་བ་ལ་བཤད་པ་བྱེད་པས་རྒྱུད་ཀྱི་སྡུད་པ་པོ་དང་འདྲའོ། །ལོ་ཙཱ་བ་ཆེན་པོ་དེའི་སློབ་མ་ནི། སྙིང་པོའི་མཐའ་དང་དེ་བཞིན་རྒྱལ་པོའི་མཐའ། །རིག་པའི་མཐའ་དང་སྣང་བའི་མཐའ་ཅན་ཏེ། །སྙིང་པོའི་མཐའ་དང་རིག་མཐའི་བླ་མ་ལས། །འབར་བའི་མཐའ་ཅན་བླ་མ་གཉིས་སུ་བརྒྱུད། །དཔེར་ན་མཚོ་མ་དྲོས་པ་ལས་ཆུ་བོའི་རྒྱུན་བཞི་འབབ་ཅིང༌། རྒྱུན་དེ་དག་ཀྱང་ཡང་བྱེ་ཞིང་ཡང་འདུས་ཏེ་རྒྱ་མཚོ་ཆེན་པོར་བབས་པ་དང་མཚུངས་པར། བདག་ཅག་གི་བླ་མ་ཆོས་ཀྱི་རྒྱ་མཚོ་ཆེན་པོར་འདུ་བར་གྱུར་པ་ཡིན་ནོ། །གལ་ཏེ་ཡང་རྒྱུད་རང་གི་ནང་ན་གནས་པས་འདིར་གསལ་བར་བྱ་བར་མི་རིགས་སོ་ཞེས་སྨྲ་ནའང༌། དེ་ལྟར་ན་རྒྱུད་བཀླགས་པ་ཙམ་ཉིད་ཀྱིས་ཆོག་གིས་བཤད་པ་འགའ་ཡང་མི་དགོས་པར་འགྱུར་རོ། །ཡང་བླ་མའི་མན་ངག་གིས་འཆད་དོ་ཞེ་ན། གསང་སྔགས་ཐམས་ཅད་མན་ངག་མེད་པར་སུས་འཆད། མན་ངག་དེ་དག་ལུང་གིས་གསལ་བར་བྱས་ན་ལེགས་པར་འགྱུར་གྱིས། ལུང་མེད་པར་མན་ངག་འབའ་ཞིག་བྱས་ན་རང་བཟོ་མཁན་རྣམས་ཀྱིས་རང་བཟོའི་ཚིག་དུ་མ་འཇུག་པར་འགྱུར་རོ། །དེ་བས་ན་རྒྱུད་ནི་རྒྱུད་ལས་ཤེས་པར་བྱ། །ཞེས་འབྱུང་བ་དང༌། ཧེ་བཛྲ་རྡོ་རྗེ་སྙིང་པོའི་འགྲེལ་པ་ལས་ཀྱང༌། དགྱེས་པའི་རྡོ་རྗེ་བདེ་མཆོག་འཁོར་ལོ་དང་ནི་རྡོ་རྗེ་གདན་བཞིའི་ཚིག་ཤེས་འགྱུར། །དེ་བཞིན་བདེ་མཆོག་ཉུང་ངུའི་ཚིག་གིས་རྡོ་རྗེ་གདན་བཞི་དང་ནི་དགྱེས་པའི་རྡོ་རྗེའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །དེའང་རྒྱུད་མ་ལུས་པ་ཕན་ཚུན་སྦྱར་བ་ནི་མ་ཡིན་ཏེ། བླ་མའི་མན་ངག་གིས་རྩ་བའི་རྒྱུད་ཀྱི་ངེས་ཤེས་སྐྱེད་པ་རྒྱུད་ལས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྒྱུད་ཀྱི་བཤད་པ་གཞན་ཕལ་ཆེར་ནི་པཎྜི་ཏ་རྣམས་ཀྱི་སྒྲའི་དཔྱད་པ་དང༌། སྒྲུབ་པའི་ཐབས་ཀྱི་མན་ངག་ཙམ་ཤེས་པས་རྒྱུད་སྒྲུབ་པའི་ཐབས་ལྟར་བཤད་པ་ཞེས་བྱ་བ་བཤད་པ་ཕྱོགས་གཅིག་པ་ཙམ་ཡིན་ནོ། །རྒྱུད་ཀྱི་བཤད་པ་འདི་ནི་རྒྱུད་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བཤད་པ་ཞེས་བྱ་བ་གསང་སྔགས་ཐམས་ཅད་ཀྱི་ཚུལ་སྟོན་པ་ཡིན་ནོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས་རྒྱུད་བཤད་ཐབས་ཀྱི་མན་ངག་བསྟན་པའི་ལེའུ་སྟེ་གསུམ་པའོ།།  །།རྒྱུད་སྡེ་སྤྱི་ཡི་རྣམ་པར་གཞག་པ་རྣལ་འབྱོར་མིག །བློ་གྲོས་རྒྱ་ཆེར་སྐྱེད་བྱེད་རིན་ཆེན་ལུང་གི་མཛོད། །ཟབ་མོའི་མདོ་རྒྱུད་གསལ་བར་བྱེད་པའི་སྒྲོན་མ་སྟེ། །རྒྱལ་བའི་དགོངས་པ་མཐའ་ཡས་ལྟ་བའི་མེ་ལོང་ཡིན། །དེ་ལྟར་བྲིས་པ་འདི་ནི་བླ་མའི་གསུང༌། །དེ་ཡི་གསལ་བྱེད་མདོ་རྒྱུད་བསྟན་བཅོས་ལས། །མཐོང་བ་བྲིས་ཀྱིས་རྟོགས་གེས་བརྟགས་པ་ཡི། །རང་དགར་བྲིས་པ་འདི་ན་ཡོད་མ་མཆིས། །དེ་བས་དཔལ་ལྡན་བླ་མ་མཁའ་འགྲོའི་ཚོགས། །བདག་གིས་ལེགས་སྨྲས་འདི་ལ་མཉེས་མཛོད་ལ། །བདག་ལ་བརྩེ་དགོངས་སྐུ་གསུམ་མ་ཐོབ་བར། །ལམ་གྱི་བར་དུ་གཅོད་རྣམས་ཞི་བར་མཛོད། །འདི་བྲིས་དགེ་བས་སེམས་ཅན་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །དཔལ་ལྡན་ས་བཅུའི་རྩེ་མོ་ནི། །རྡོ་རྗེ་འཆང་དབང་གྲུབ་པར་ཤོག །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་རྒྱུད་མ་ལུས་པ་ལ་འཇུག་པ་ཞེས་བྱ་བ་འདི་རེ་ཞིག་རྫོགས་ཏེ། སེམས་ཅན་དཔག་ཏུ་མེད་པས་འདི་རྟོགས་ཏེ་བློ་གྲོས་ཡངས་པ་མཆོག་ཏུ་གྱུར་པ་ཐོབ་པར་གྱུར་ཅིག རྣལ་འབྱོར་པ་བསོད་ནམས་རྩེ་མོས་སྦྱར་བའོ། །དོན་འདི་ནི་ཐོས་པ་འཛིན་པའི་དངོས་གྲུབ་བརྙེས་པའི་བདག་ཉིད་ཆེན་པོ་ཐུགས་ལེགས་པར་སྦྱངས་པའི་གསེར་བཙོ་མ་ལྟར་དྭངས་ཤིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་གངས་རིའི་ངོགས་སུ་ཡོངས་སུ་རྫོགས་པའི་སྒྲོན་མེའི་བསིལ་ཟེར་བབས་པ་ལྟར་ཀུན་ནས་གསལ་ཞིང་མ་རྙོག་པས་ཤེས་བྱ་ལ་བསྙེངས་པ་མི་མངའ་བའི་ས་མངོན་དུ་མཛད་ཅིང་མི་འཕྲོགས་པའི་མཁྱེན་རབ་སྐྱ་རེངས་ལྟར་གསལ་བའི་གཟི་བརྗིད་ཀྱིས་མི་ཤེས་པའི་མུན་པའི་དགྲ་སྡེ་བཅོམ་པས་འཁོན་དུ་གྱུར་པའི་ཆོ་འབྲང་དང་ལྡན་པའི་སྐྱེས་བུ་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཡོངས་སུ་རྫོགས་པར་མཛད་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་གཙུག་གི་ནོར་བུའི་རྩེ་མོས་བཀུར་བའི་གནས་སུ་གྱུར་པ་མཁས་པ་ཆེན་པོ་འཇིག་རྟེན་གྱི་རྒྱན་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་བདེ་བ་ཅན་དུ་མངོན་སུམ་དུ་གཤེགས་པར་གྱུར་པ་དེས་མཛད་པ་ལས་ཚིག་གི་སྡེབ་སྦྱོར་གྱི་ཕྲེང་བ་དཔག་དཀའ་བའི་སྟོབས་ཀྱིས་ལས་དང་པོ་པ་རྣམས་ཀྱི་ཡིད་ལ་འཛིན་དཀའ་བར་གྱུར་པའི་སྐབས་ཁ་ཅིག་རྗེ་བཙུན་ཆེན་པོ་བདེ་བར་གཤེགས་པ་དང་མི་གཉིས་པའི་ཐུགས་མངའ་བའི་བཀས་གནང་བ་དང་དམ་པའི་གྲོགས་འགའ་ཞིག་གིས་བསྐུལ་བས་དུས་ཕྱིས་ས་སྐྱའི་དབེན་གནས་དམ་པ་དེ་ཉིད་དུ་འཁྲུངས་པའི་གནོད་བྱེད་དང་འཁོན་པའི་གཞོན་ནུ་ཐ་སྙད་ལ་ཞུགས་པའི་ཤེས་རབ་དང་ལྡན་པ་ཀུན་དགའ་རྒྱལ་མཚན་གྱིས་གཡར་ཁྲལ་བླངས་ནས་གཟུང་བདེ་བར་བགྱིས་པ་ལགས་སོ། །མཁའ་འགྲོའི་དབང་པོ་དཔག་གཡས་ནམ་མཁའ་ལ། །ལྡིང་བའི་མཚན་མ་རྗེས་སུ་མཐོང་གྱུར་ནས། །སྦྲང་རྩི་འཛིན་པ་པདྨོའི་རྩ་ལག་དང༌། །ལྡན་པ་དེ་ཡང་རྗེས་སུ་བརྩོན་པ་ལགས། །ཞེས་བྱ་བར་རྟོགས་པར་བྱའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*