རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་བསྟོད།

རྗེ་བཙུན་རེ་མདའ་ཟླ་བ་གཞོན་ནུ་བློ་གྲོས།

མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །
གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཏེ། །
སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །
འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །
ཤེས་རབ་ཆེན་པོས་དེ་ཉིད་ལེགས་རྟོགས་ནས། །
བརྩོན་པ་ཆེན་པོས་གོ་འཕང་མཆོག་བརྙེས་པ། །
བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས། །
འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །
དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །
ལོག་སྨྲ་ཚར་གཅོད་སྐལ་ལྡན་རྗེས་སུ་འཛིན། །
ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པ། །
ཨཱརྱ་དེ་ཝའི་ཞབས་ལ་ཕྱག་འཚལ་ལོ། །

མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །
རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང་། །
བདེ་གཤེགས་གསུང་རབ་ཉིན་མོར་བྱེད་པའི་དཔལ། །
འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

དགུ་བཅུ་གོ་དགུ་འབུམ་སྡེའི་གཞུང་རྣམས་ཀྱིས། །
གང་གི་བློ་གྲོས་མགུལ་བ་རབ་བརྒྱན་ཅིང་། །
འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །
མཁས་མཆོག་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །

ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །
རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །
ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པའི། །
ཕྱོགས་ཀྱི་གླང་བོའི་ཞབས་ལ་ཕྱག་འཚལ་ལོ། །

ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང་། །
གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །
སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །
ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །

ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །
འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །
རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །
མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །

ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་བཏོད་ནས། །
སྐྱེ་རྒུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །
འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །
རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །

❖ ཞེས་པ་འདི་ནི་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཛད་པའོ། །
ཁོང་ནི་གངས་ཅན་མཛེས་པ་བྱེད་པའི་རྒྱན་དགུ་ཡི་ཡར་གྱལ་དཔལ་ལྡན་ས་སྐྱའི་བླ་མ་ཞིག་སྟེ་མཚན་ལ་གཞོན་ནུ་བློ་གྲོས་ཟེར། རབ་བྱུང་དྲུག་པའི་ས་གླང་༡༣༤༩ལོར་གཙང་ས་སྐྱ་དགོན་པའི་ཉེ་འདབས་སུ་འཁྲུངས། དབུ་མ་ལ་འཇུག་པ་དང་ཚིག་གསལ་སོགས་ལས་ཐལ་འགྱུར་བའི་ལྟ་བའི་གནད་རྣམས་རིགས་ལམ་ཡང་དག་པས་འདོམས་པར་མཛད་ཅིང་དར་སྤེལ་བཏང༌། རྗེ་ཙོང་ཁ་པ་དང༌། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བ་སོགས་སློབ་མར་གྱུར། རབ་བྱུང་བདུན་པའི་ཆུ་འབྲུག་༡༤༡༢ལོར་འདས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*