རྒྱ་བཀག་རྫོང་དམར་མ།

རྒྱ་བཀག་རྫོང་དམར་མ་ནི་ཆུ་བོ་ཆེན་པོ་འབྲི་ཟླ་གཉིས་ཀྱི་བར་ན་གནས་པའི་སྨར་ཁམས་སྒང་གི་ཤར་ངོས་རྒྱ་བཀག་ཞེས་པའི་གནས་དེར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱི་ལོ་ ༡༢༧༥ ལོར་ཕྱག་བཏབ། གང་ཉིད་རྒྱ་བཀག་གྲོང་གི་ཉེ་འདབ་རྒན་མོ་གྲུ་ཁུག་ཞེས་པར་ཆིབས་རྟ་ལས་བབས་ནས་སྐུ་ངལ་གསོ་ཞོར། ཡུལ་འདིར་གནམ་ས་ཆུ་གསུམ་གྲུ་གསུམ་ཁེལ་བས་ས་དེར་ལྷ་ཁང་དམར་པོ་ཐོག་བརྩེགས་གསུམ་ཅན་ཞིག་ངེས་པར་དུ་བཞེངས་དགོས་གསུངས་ནས་ཕྱག་རྟེན་རྡོ་ཐོ་ཞིག་ལ་བཙུགས་ནས་རྡོ་དེར་ཕྱག་རྟེན་གྱི་རྗེས་དེང་སང་བར་མཇལ་རྒྱུ་ཡོད། རྟེན་གཙོར་གནམ་ལྕགས་ཕུར་པ་དང་། དུང་དཀར། ཡུམ་འབུམ་པོད་བཅུ་གཉིས་དངུལ་བྲིས་མ་དང་། ཕྱག་རྟེན་གྱི་རྗེས་སོགས་མང་དུ་མཆིས། རྫོང་འདི་ནི་ས་སྐྱའི་སྲིད་དབང་སྐབས་སྨར་ཁམས་ཁུལ་གྱི་ཆོས་སྲིད་ཀྱི་བཀོད་འདོམས་གནང་སའི་བསྟི་བ་དེ་ཡིན། ཕྱིས་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་རིམ་པ་རྫོང་གཞི་གནས་སྤོས་གནང་ནས་ད་ཡོད་རྫོང་འདི་ཉིད་སྡེ་ཁག་ཆེ་གསུམ་གྱི་འགོ་འཛིན་ནང་སོ་མཛོད་པ་དང་རྒྱ་བཀག་དཔོན་སློབ་གཉིས་གནས་འདིར་བཞུགས་ནས་ཡུལ་དགོན་གཉིས་ཀྱི་ཆོས་སྲིད་ཟུང་གི་ལས་རིམ་ཡོང་རྫོགས་འདི་ནས་གནང་སྲོལ་ཡོད། རྫོང་འདིར་ཐོག་ཚད་གསུམ་ཡོད་པའི་བར་ཐོག་ཏུ་འདུ་ཁང་དང་། ཐོག་བརྩེགས་གོང་མ་ལ་གུར་ཞལ་ལྕམ་གསུམ་གྱི་གཙོས་པའི་སྲུང་མ་ཁག་གི་མགོན་ཁང་དང་གཟིམས་ཆུང་བཅས་ཡོད། རིམ་བཞིན་ཆོས་སྲིད་ཀྱི་མཛད་འཕྲིན་ཇི་རྒྱས་སུ་ཕྱིན་པས་རྫོང་ཆེན་འདིའི་མཐར་ནས་ཐོག་ཚད་གཉིས་ཅན་གྱི་རྫོང་ཞིག་གསར་བཞེངས་མཛད་ནས་མཚན་ལ་རྫོང་དཀར་མ་གསོལ། དེའི་ནང་རྒྱ་བཀག་ནང་སོ་མཛོད་པའི་ལས་ཁུངས་དང་མི་མང་ཁྲིམས་ཁང་སོགས་ཡོད། གནས་དེར་དུས་མཆོད་གཙོ་བོ་བོད་ཟླ་ ༡༢ ཚེས་༡༦ ནས་ཉིན་ལྔའི་རིང་དཔལ་ལྡན་ལྕང་མགོ་དགོན་པའི་བླ་གྲྭ་ཡོངས་ཚོགས་ཕེབས་མཛད་ནས་འཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་བཟློག་གི་སྒྲུབ་པ་ལོ་ལྟར་ཚོགས་བཞིན་ཡོད། རིག་གནས་གསར་བརྗེའི་སྐབས་ཕྱི་ནང་གི་བརྟེན་དང་རྟེན་པ་བཅས་ཉམས་ཆགས་ཚབས་ཆེན་ཤོར། དུས་ཕྱིས་ཕྱི་ལོ་ ༡༩༧༥ ལོར་མི་མང་འབྲུ་ཁང་གི་ངོ་བོའི་ཐོག་ནས་ཉམས་གསོ་ཞུས།

རྩོམ་སྒྲིག་པ། ཕར་ནང་དཀོན་རྒྱས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*