གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་གིས་སྩལ་བའི་གསུང་བཤད།

༄༅། །དཔལ་ས་སྐྱའི་༸སྐྱབས་མགོན་ཁྲི་འཛིན་ཞེ་གཉིས་པའི་ཁྲི་སྟོན་མཛད་སྒོའི་སྐབས་དཔལ་ས་སྐྱའི་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་གིས་སྩལ་བའི་གསུང་བཤད།།


༄༅། །འགྲོ་བ་ཡོངས་ཀྱི་འདྲེན་མཆོག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ། དཔལ་ས་སྐྱ་པ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཞེ་གཅིག་པ་ཆེན་པོ་མཆོག་གི་ཞབས་ཀྱི་པདྨོར་སྒོ་གསུམ་གུས་ཕྱག་གྲངས་མེད་སྔོན་དུ་འགྲོ་བའི་ཐོག་ནས་ད་རིང་འདིར་ཕེབས་སྐྱབས་མཆོག་གདུང་སྲས་རིན་པོ་ཆེ་རྣམ་པ། དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་སའི་མཁན་པོ་ཐར་རྩེ་མཁན་རིན་པོ་ཆེ། རྗེ་བཙུན་མ་རྣམ་པ། སྐྱབས་མཆོག་ཀུན་བདེ་གླིང་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། འཇིགས་མེད་མཁྱེན་བརྩེ་རིན་པོ་ཆེ། ཞབས་དྲུང་རིན་པོ་ཆེ་རྣམ་པ། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ། གཞན་ཡང་ཆོས་བརྒྱུད་ཁག་གི་བླ་ཆེན་དང་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། མཁན་སྤྲུལ་རྣམ་པས་དབུས་འཕགས་ཚོགས་འདུས་པ་རྒྱ་མཚོ། རྒྱ་གར་དབུས་ནང་སྲིད་བློན་ཆེན་གཞོན་པའི་སློབ་སྟོན་པ་སྐུ་ཞབས་ཨ་མི་ཏཱ་མུ་ཏུ་མཆོག་གི་གཙོས་རྒྱ་གར་དབུས་དང་ས་གནས་གཞུང་གི་སྲི་ཞུ་བ་རྣམས་པ་དང་། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ། དཔལ་ལྡན་ཁྲིམས་ཞིབ་པ་མཆོག་གིས་གཙོས་བོད་མི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམ་པ་དང་། དེ་ག་ནང་བཞིན། རྒྱ་གར་ནང་ཁུལ་དང་ཕྱིའི་རྒྱལ་ཁབ་གང་ས་ནས་ཕེབས་པའི་སྐུ་མགྲོན་ཆོས་གྲོགས་པོ་མོ་ཡོངས་ལ་ཐོག་མར་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་འབྲེལ་བའི་ཐོག་ནས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

སྤྱིར་དམ་པའི་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ནས་རིམ་གྱིས་རྒྱལ་ཁབ་མང་པོའི་ནང་མདོ་དང་སྔགས་ཀྱི་ བསྡུས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་དུས་ད་ལྟའི་བར་དུ་བྱུང་བ་འདི་གཙོ་བོ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཤཱཀྱ་ཐུབ་པའི་ཐུགས་རྗེ་བཀའ་དྲིན་ཡིན་དུས། ཐུགས་རྗེ་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། དེ་བཞིན་དུ་གངས་ཅན་གྱི་ལྗོངས་སུ་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་བསྟན་པ་མདོ་དང་། སྔགས། རིག་གནས་དང་བཅས་པ་ཆ་ཚང་བ་དར་བ་འདི་གཙོ་བོ་མཁན་སློབ་ཆོས་གསུམ་དང་རྒྱ་གར་དང་བལ་ཡུལ་གྱི་པཎ་གྲུབ་དང་དཀའ་བ་དུ་མ་སྤྱད་པའི་བོད་ཀྱི་ལོ་ཙ་བ་རྣམས་ཀྱི་བཀའ་དྲིན་ཡིན་དུས། ཁོང་རྣམ་པ་ལ་ཡང་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། སྒོས་སུ་འཁོན་དཀོན་མཆོག་རྒྱལ་པོས་༡༠༧༣ ལོར་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་དབུ་བརྙེས། རྗེ་བཙུན་གོང་མ་རྣམ་ལྔས་སྲོལ་གཏོད། ངོར་ཆེན་རྡོ་རྗེ་འཆང་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་། རྫོང་པ་ཀུན་དགའ་རྣམ་རྒྱལ་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དུ་མ་བར་མ་ཆད་པ་བྱོན་པ་དང་། ཉེ་བའི་ཆར་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་དང་། རིགས་བརྒྱའི་ཁྱབ་བདག་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། གཞན་ཡང་བླ་ཆེན་རྣམ་པ་དང་བཤད་གྲྭ་ཁག་གི་མཁན་ཆེན་བདེ་བར་གཤེགས་པ་རྣམ་པས་སྐུ་ངལ་འཛིམ་མེད་ཐོག་ནས་བརྩེ་ཆེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་མི་ཉམས་རྒྱུན་འཛིན་དང་དར་ཁྱབ་མཛད་པའི་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། ཡང་སྒོས་སུ་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་བསྟན་འཛིན་ཀུན་གྱི་གཙུག་རྒྱན། ༸གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས་བདག་ཅག་རྣམས་ཀྱི་འདྲེན་མཆོག་བཀའ་དྲིན་ཟླ་མེད་དཔལ་ས་སྐྱའི་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཞེ་གཅིག་པ་ཆེན་པོ་མཆོག་དང་འདུལ་འཛིན་ཀུན་གྱི་གཙུག་རྒྱན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྣམ་གཉིས་ཀྱིས་སྙིགས་མ་ལྔ་བདོ་བའི་དུས་གཉན་འཕྲང་ཅན་འདི་འདྲ་བའི་སྐབས་སུ་བརྩེ་ཆེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་རླབས་ཆེན་པོ་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པའི་མཛད་པ་ལ་བླ་ན་མེད་པའི་བཀའ་དྲིན་རྗེས་དྲན་ཞུ་བ་དང་འབྲེལ་རྩ་བའི་བླ་མ་རྣམ་པའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་དུས་ད་ལྟའི་བར་ཚགས་ཚུད་པོའི་སྒོ་ནས་གནས་ཐུབ་པ་བྱུང་བ་ཙམ་དུ་མ་ཟད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་གཞན་དང་འདྲ་བ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཀྱིས་བོད་མི་རིགས་ཀྱི་མཚོན་པས་འཛམ་བུ་གླིང་གི་སྐྱེ་འགྲོ་སྤྱི་ལ་ཞབས་འདེགས་རྒྱ་ཆེན་པོ་འགྲུབ་ཐུབ་པ་བྱུང་ཡོད།

ཕོ་བྲང་རྣམ་གཉིས་ཀྱི་༸སྐྱབས་མགོན་༸གོང་མ་རྣམ་གཉིས་ཐུན་མོང་ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༥ ཚེས་ ༨ ལ་གནང་བའི་བཀའ་ཡིག་གི་དགོངས་དོན་ཐོག་སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཀྱང་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་བསྔགས་བརྗོད་གནང་བ་ལྟར་ད་ལོ་ནས་ཕོ་བྲང་ཁག་གཉིས་ཀྱི་གདུང་སྲས་ཆ་རྐྱེན་ཡོད་པ་ཚང་མས་ལོ་གསུམ་རེ་དཔལ་ས་སྐྱའི་ཁྲི་འཛིན་གྱི་ཐུགས་འགན་བཞེས་དགོས་པ་ཡིན་དུས། ང་རང་ལྟ་བུ་ལ་མཚོན་པ་ཡིན་ན་ཤེས་ཡོན་དང་འཇོན་ཐང་ཆེ་བ་གང་ཡང་མེད་ན་ཡང་འོས་མིའི་ནང་ནས་ལོ་ན་རྒན་པ་ཡིན་དུས་ད་ནས་བཟུང་ལོ་གསུམ་གྱི་རིང་ཁྲི་པའི་ལས་འགན་བྱེད་དགོས་ཀྱི་ཡོད་རེད། ད་རེས་ཁྲི་འདོན་གྱི་མཛད་སྒོ་འདི་ཚང་མ་ལོགས་ཀྱིས་གལ་ཆེན་པོར་རྩིས་གནང་ནས་ཁྱེད་རྣམ་པ་ཚང་མས་སྐུ་ངལ་མཛེམས་མེད་ཀྱི་ཐོག་ནས་ཕེབས་པར་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། སྤྱིར་འཁོན་གྱི་གདུང་རྒྱུད་ཀྱི་རིགས་སུ་སྐྱེས་པ་ཙམ་གྱིས་རྒྱལ་བསྟན་སྤྱི་དང་ཆོས་རྒྱུད་འདི་ལ་ཞབས་འདེགས་ཞུ་རྒྱུའི་ལས་འགན་ཡོད་པའི་སྒོ་ནས་ཞབས་ཞུ་སྒྲུབ་མུས་ཐོག་ད་རེས་ཁྲི་པའི་ལས་འགན་འདིའི་སྒོ་ནས་བསྟན་པའི་ཞབས་ཞུ་ལོ་གསུམ་གྱི་རིང་ཧུར་ཐག་ཞུ་རྒྱུ་ཡིན་ཞེས་ཞུ་ཡ་དང་། ༸གོང་མ་ཁྲི་ཆེན་རིན་པོ་ཆེས་ང་ཚོ་གདུང་སྲས་གཞོན་པ་ཚོ་ལ་ལོ་གསུམ་རེ་རེས་མོས་ཀྱི་ཁྲི་པའི་མཚན་གནས་གནང་རྒྱུ་དབུ་ཚུགས་པ་རེད། དེ་ག་ནང་བཞིན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་གིས་ངོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་སའི་མཁན་པོ་ཁྲི་པའི་མཚན་གནས་སྐུ་ཐོག་རྗེས་མ་ལ་གནང་ཟིན་པ་རེད་དེ། ཡིན་ན་ཡང་ད་ལྟའི་ཆར་༸གོང་མ་ཁྲི་ཆེན་རིན་པོ་ཆེ་དང་ཀླུ་ལྡིང་མཁན་རིན་པོ་ཆེ་ཁྱེད་རྣམ་པ་གཉིས་ནི། ང་ཚོ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་རྗེས་འབྲང་པ་ཚང་མའི་ཉི་མ་དང་ཟླ་བ། ང་ཚོ་དཔལ་ལྡན་ས་སྐྱ་པའི་རྩ་བའི་བླ་མ། ང་ཚོ་དཔལ་ལྡན་ས་སྐྱ་པའི་མགོན་སྐྱབས། ང་ཚོ་དཔལ་ལྡན་ས་སྐྱ་པའི་འདྲེན་མཆོག  ང་ཚོ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཚང་མའི་སྲོག་ཤིང་ཡིན་དུས་ངས་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་སྐུ་ཚབ་ཞུས་ཏེ། འདྲེན་མཆོག་རྩ་བའི་བླ་མ་རྣམ་པ་གཉིས་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་དཔག་མེད་ཀྱི་ངོ་བོར་བརྟན་པ་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་གནང་བ་དང་། བཀའ་སློབ་ལམ་སྟོན་རྒྱུན་མི་ཆད་པ་གནང་རོགས་གནང་ཞེས་སོར་བཅུའི་འདབ་མ་སྙིང་གར་བཀོད་དེ་གསོལ་འདེབས་རྩེ་གཅིག་ཏུ་ཞུ་ཡི་ཡོད། ད་ལྟའི་བར་དུ་ས་སྐྱའི་དབང་རྒྱུན། དེ་བཞིན་དུ་མདོ་སྔགས་ཀྱི་ཁྲིད་རྒྱུན་དང་ལུང་རྒྱུན། སྒྲུབ་མཆོད་ཁག་གི་མཚོན་པས་ཆོ་ག་ཕྱག་ལེན་རིགས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱི་རྒྱུན་མི་ཉམས་པ་སྤུས་དག་པོ་ཡོད་པ་དང་ཕན་ཚུན་མཐུན་པོ་དང་གྲྭ་རྒྱུན་ཡོད་པ་ལ་སོགས་པའི་སྒོ་ནས་བརྩེ་ཆེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཚགས་ཚུད་པོ་ཡོད་པ་འདི་བླ་ཆེན་རྣམ་པ་དང་བཤད་གྲྭ་ཁག་གི་མཁན་ཆེན་རྣམ་པས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པ་དང་རྗེས་འབྲང་པ་རབ་བྱུང་དང་ཁྱིམ་པ་མི་ཐོག་སྔ་མ་རྣམས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་ཞབས་འདེགས་སྒྲུབ་པ་དང་མཐུན་འགྱུར་ཞུས་པ་ལ་བརྟེན་ནས་བྱུང་བ་རེད།

 

དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་ ༡༠༧༣ལོར་དབུ་བརྙེས་ནས་ད་ལོ་ ༢༠༡༧ བར་མི་ལོ་ ༩༤༤ འགྲོ་ཡི་ཡོད་རེད། ང་ཚོས་ཕུགས་ཀྱི་དམིགས་ཡུལ་ཆོས་བརྒྱུད་འདི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འདྲ་བར་ཡུན་རིང་དུ་གནས་ཐབས་དང་སྨོན་འདུན་ངེས་པར་དུ་ཞུ་དགོས་ཀྱི་ཡོད་རེད། གནས་སྐབས་ཀྱི་དམིགས་ཡུལ་ད་ལོ་ནས་ལོ་༥༦ གི་རྗེས་ ༢༠༧༣ ལོར་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་དབུ་བརྙེས་ནས་མི་ལོ་༡༠༠༠ འཁོར་བའི་དུས་ཆེན་འཁེལ་གྱི་ཡོད་རེད། དེའི་ལོ་ལ་ང་རང་བསྡད་ཡོད་པ་ཡིན་ན་བོད་ལུགས་ཀྱི་དབང་དུ་བྱེད་པའི་ལོ་ ༡༠༠ ཐམ་པ་ཏག་ཏག་ཆགས་ཀྱི་ཡོད། དེ་དུས་ཡང་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཚགས་ཚུད་པོ་གནས་ཐུབ་པ་བྱ་དགོས་པའི་ལས་འགན་འདི་ང་ཚོའི་མི་ཐོག་དང་མི་ཐོག་གཞོན་པའི་གྲས་ཀྱི་ བླ་ཆེན་རྣམ་པ་ཙམ་མ་ཡིན་པ་ཆོས་བརྒྱུད་རྗེས་འབྲང་པ་ཚང་མ་ལ་ཡོད་པ་ཡིན་དུས། ང་ཚོ་ཐམས་ཅད་ཀྱི་ཐོག་མར་ང་དང་ང་ ཡིར་འཛིན་པ་དང་ཆགས་སྡང་གི་དབང་དུ་མ་སོང་བར་ཞེན་པ་བཞི་བྲལ་གྱི་གདམས་ངག་ལ་གཞིར་བཞག་པའི་ཀུན་སློང་བཟང་པོ་གསལ་གཏབ་པའི་ཐོག་ནས་རང་རང་གི་ཁས་བླངས་པའི་སྐྱབས་འགྲོའི་སྡོམ་པས་མཚོན་ནས་སྡོམ་པ་རྣམས་ཀྱི་སྲུང་བྱ་རྣམས་ལ་སློབ་སྦྱོང་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་སྲུང་དགོས་པ་དང་། དགོན་པ་དང་སྐུ་གསུང་ཐུགས་རྟེན་བཞེངས་རྒྱུ་སོགས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཆ་རྐྱེན་ཡིན་པར་ངོ་འཕྲོད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ངོ་མ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་དགོས་པ་ཡིན་དུས་ང་ཚོས་དུས་ཚོད་གཏང་ས་དང་དཀའ་ངལ་བརྒྱབ་ས་དེ་གཙོ་བོ་དེའི་ཐོག་ལ་བྱ་དགོས་ཀྱི་ཡོད་རེད། རབ་བྱུང་ཕ་མ་གཉིས་ཀྱི་དགོན་པའི་ནང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་ཐུབ་པའི་ཁོར་ཡུག་བཟང་པོ་བསྐྲུན་ཟིན་པ་རྣམས་དེང་དུས་དང་བསྟུན་པའི་ཡར་རྒྱས་དང་། སྔར་མེད་པ་རྣམས་ལ་གསར་དུ་བསྐྲུན་དགོས་པ་དང་། ལུས་ཀྱི་སྤྱོད་ལམ་དང་། ངག་གི་སྨྲ་བརྗོད། བསམ་པའི་འཁྱེར་སོ་ཐམས་ཅད་ཀྱི་ཐོག་ནས་དགའ་མི་དགའི་རྣམ་རྟོག དང་ང་རྒྱལ་དང་ཕྲག་དོག་དང་འགྲན་སེམས་ལ་སོགས་པའི་སེམས་རྒྱུད་འདུལ་ནས་རང་ཉིད་ཆོས་པ་ཡག་པོ་ཞིག་ཆགས་ཐབས་དང་། གཞན་ཡང་དེ་འདྲ་ཡོང་ཐབས་དང་། དད་ལྡན་གདུལ་བྱའི་དང་བ་འདྲེན་པ་བྱ་དགོས་པ་ཞེ་དྲག་གལ་ཆེན་པོ་རེད། དེ་བཞིན་དུ་དགོན་སྡེ་དང་ཆོས་སྡེ་རྣམས་ནས་ཁྱིམ་པ་ཕོ་མོ་ཚོར་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཐུབ་ཐབས་དང་ལག་ལེན་དུ་འཁེལ་ཐུབ་པ་གནང་དགོས་པ་ཡང་གལ་ཆེན་པོ་ཡིན་པ་རེད། སྤྱིར་སངས་རྒྱས་པའི་ཆོས་འདི་མི་རིགས་གང་ཡིན་མིན་དང་ཆོས་ལུགས་ཡོད་མེད་དང་ཆོས་ལུགས་གང་ཡིན་མིན་གྱི་དབྱེ་འབྱེད་མེད་པ་མི་ཡིས་མཚོན་ནས་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་ཐབས་ལམ་ཞིག་ཡིན་དུས། ང་ཚོས་ཀུན་སློང་བཟང་པོའི་ཐོག་ནས་འཛམ་བུ་གླིང་འདིའི་ནང་དུ་ཡོད་པའི་ཆོས་ལུགས་དང་མི་རིགས་ཀྱི་ཕྱོགས་རིས་མེད་པ་ཚང་མ་ལ་མཐུན་ལམ་གནང་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་ཡང་རྒྱ་གར་གི་གནའ་སྔ་མོ་ནས་བོད་བརྒྱུད་ནང་བསྟན་གྱི་འབྱུར་ཁུངས་ཡིན་དུས། བོད་པའི་བླ་ན་མེད་པའི་དགེ་རྒན་ཡིན་པ་དང་། ད་ལྟའི་དུས་ཚོད་འདིར་མཚོན་པ་ཡིན་ནའང་རྒྱ་གར་གཞུང་དང་མི་དམངས་གཉིས་ཀས་ང་ཚོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་བོད་བརྒྱུད་ནང་བསྟན་སྤྱི་དང་བྱེ་བྲག་ལ་མཐུན་འགྱུར་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་འགྲོ་བ་ཐམས་ཅད་ཀྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཐུབ་པ་དང་། བསྟན་འཛིན་ཀུན་གྱི་གཙུག་རྒྱན་སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུས་ཆོས་བ རྒྱུད་རིས་སུ་མ་མཆིས་ པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཐམས་ཅད་སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་རླབས་ཆེན་གྱི་མཛད་འཕྲིན་ཕྱོགས་བཅུར་ཁྱབ་ནས་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་མཁྱེན་ཐོབ་པའི་སྨོན་འདུན་ཞུ་གི་ཡོད། ཐུགས་རྗེ་ཆེ་གནང་།

གསུང་བཤད་ངོ་མ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*