མཁན་ཆེན་བསོད་ནམས་རྒྱ་མཚོའི་ལོ་རྒྱུས་སྙིང་བསྡུས།

བརྩེ་ཆེན་སྙིང་པོའི་བཞེད་སྲོལ་གདམས་པ་མཆོག་། བཤད་དང་བསྒྲབ་པས་འཛིན་ཅིང་སྤེལ་བ་ལ་།།

བསོད་ནམས་སེང་གེ་དང་ནི་གཉིས་སུ་མེད་། མཁན་ཆེན་བསོད་ནམས་རྒྱ་མཚོའི་ཞབས་ལ་འདུད་།།

 

མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ནི་བོད་གངས་ཅན་གྱི་ལྗོངས་སུ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་ས་ཕྱོགས་གསུམ་གྱི་ནང་ཚན་སྟོད་མངའ་རིས་སུ་ལོ་ཆེན་རིན་ཆེན་བཟང་པོ་སྐུ་ཡི་མཚན་དཔེ་གསར་བཞད་པའི་གནས་མཆོག་དང་ཤིན་ཏུ་འདབས་འབྱོར་དུ་བྱུང་བ། འཇང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་མཆོག་གི་བསྟན་པ་སྤེལ་གནས་མངའ་རིས་རོང་བཙན་ཞེས་པར་ ཕྱི་ལོ་༡༩༥༡ ལོར་ཡབ་བསྟན་འཛིན་དངོས་གྲུབ་དང་ཡུམ་འཇམ་དཔལ་བཟང་མོའི་སྲས་སུ་སྐུ་འཁྲུངས། རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་སིམ་ལ་དང་ཝ་ཎ་བོད་ཀྱི་མཐོ་སློབ་སོགས་ལ་བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་ལ་སློབ་སྦྱོང་མཛད་ནས། ཕྱིས་སུ་དཔལ་ས་སྐྱ་མཐོ་སློབ་དུ་མཁན་ཆེན་ཡོན་ཏན་བཟང་པོའི་སྐུ་མདུན་ནས་གཞུང་ཆེན་ཁག་ལ་ལོ་བདུན་ཙམ་ཐོས་བསམ་མཛད་ནས་བཀའ་བཅུ་པའི་ཕྱག་འཁྱེར་ཐོབ། ཕྱི་ལོ་༡༩༨༥ ལོར་༧སྐྱབས་མགོན་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་གིས་མཁན་པོའི་མཚན་གསོལ་མཛད་ནས་དཔལ་ས་སྐྱ་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་སློབ་གཉེར་བ་རྣམས་ལ་ལོ་དྲུག་ཙམ་རིང་དཔེ་ཁྲིད་གནང་། དེ་ནས་ཐེ་ཝན་གྱི་རྒྱལ་ས་ཐེ་བྷེ་ནང་ཐུབ་བསྟན་ཀུན་ཕན་ཞེས་པའི་ཆོས་ཚོགས་ཤིག་འཛུགས་བསྐྲུན་མཛད་གནང་སྟེ་ཕྱི་རྒྱལ་གྱི་སློབ་མ་མང་པོ་ལ་དབུ་མ་དང་སྤྱོད་འཇུག་སོགས་ཀྱི་སློབ་ཁྲིད་གསུང་ཆོས་གནང་། དེ་རྗེས་རྒྱ་གར་དཱེ་རཱ་དུན་མངའ་ཁོང་མན་དྲུ་ཝ་ལ་ཞེས་པའི་ཡུལ་ལ་སྒྲུབ་གྲྭ་བསམ་གཏན་ཕུན་ཚོགས་གླིང་ཕྱག་བཏབ་ནས་ཕྱི་ལོ་༢༠༠༠ ལོར་རྟེན་འབྲེལ་གྱི་མཛད་སྒོ་ཟབ་རྒྱས་ཚོགས་ཏེ་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་ནས་གསུང་ངག་ལམ་འབྲས་སློབ་བཤད་ཀྱི་བཀའ་དྲིན་བསྩལ། ཕྱི་ལོ་༡༩༩༩ ལོར་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་དང་མཁན་ཆེན་ཡོན་ཏན་བཟང་པོའི་བཀའ་བཞིན་དཔལ་ས་སྐྱ་མཐོ་རིམ་སློབ་གྲྭར་མཁན་པོའི་ཐུགས་འགན་བཞེས་ནས་ད་ལྟ་བར་སློབ་ཕྲུག་རྣམས་ལ་གཞུང་ཆེན་བཀའ་ཁྲིད་གནང་བཞིན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་གོས་བརྩེ་ཆེན་རྒྱལ་བ་གཉིས་པའི་བསྟན་པ་ལ་འགན་ཁུར་ཆེར་བཞེས་ཐོག་དཔལ་ས་སྐྱ་མཐོ་སློབ་ཏུ་བཞུགས་བཞིན་པ་ཡིན་ནོ།།

 

དཔལ་ས་སྐྱ་མ་དགོན་བཤད་གྲྭའི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྐབས་ཀྱི་དུས་དེབ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*