དཔལ་ལྡན་ལྕང་མགོ་དགོན།

དགོན་འདི་ནི་ཕྱི་ལོ་ ༡༢༧༥ ལོར།  འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཤར་ཕྱོགས་སྨར་ཁམས་སྒང་གི་སའི་ཆར། གའུ་ནང་ཞེས་པར་ཐོག་མར་ཕྱག་བཏབ་སྟེ། མཚན་ལ་ཀུན་དགའ་གླིང་ཞེས་གསོལ། རྟེན་གཙོར་རྗེ་བཙུན་བྱམས་མགོན་དང་། ཡུམ་འབུམ་པོད་བཅུ་གཉིས་སོགས་བཞུགས། རིམ་གྱི་དར་རྒུད་སྣ་ཚོགས་ཤིག་བྱུང་སྟེ། ལྷ་འདུས་སྣང་རྣམ་གྱི་གཙུག་ལག་ཁང་དང་ཉེ་བའི་སར་ལྷ་ཁང་སྒང་ཞེས་པར་གནས་སྤོས་གནང་། འོན་ཀྱང་མི་རིང་བར་མན་ཇུ་ཨ་བན་གྱིས་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་མེར་བསྲེགས་བཏང་ནས་ཤུལ་མེད་དུ་བཟོས། སླར་ཡང་ལྕང་མགོ་སྟེང་ཞེས་པའི་གནས་དེར་བསྐྱར་བཞེངས་མཛད་དེ། གནས་མིང་དགོན་པར་ཆགས་ནས་ཡོངས་གྲགས་ཀྱི་མཚན་ལ་དཔལ་ལྡན་ལྕང་མགོ་དགོན་ཞེས་ཐོགས།

མཚན་གཞན་ཡང་། དཔལ་ལྡན་རྒྱ་བཀག་གྲྭ་ཚང་། བདེ་ཆེན་བསྟན་འཕེལ་གླིང་། བརྩེ་ཆེན་བཤད་སྒྲུབ་ཐེག་མཆོག་གླིང་ཞེས་ཀྱང་གྲགས། མཚན་ཕྱི་མ་དེ་ལོ་རབས་དགུ་བཅུའི་ནང་དཔལ་ས་སྐྱ་ཁྲི་འཛིན་ཞེ་གཅིག་པ་སྒྲོལ་མ་ཕོ་བྲང་པས་བསྩལ། རིམ་པས་ཡར་རྒྱས་དང་རྒྱ་བསྐྱེད་ཞུས་ཏེ་དཔལ་ལྡན་ས་སྐྱའི་གདན་ས་ནས་དབུ་འཛིན་གཉིས་པའི་མཚན་གནས་ཡོད་པ་ཞིག་ལ་ས་སྐྱ་ཁྲི་འཛིན་གྱིས་ཕྱག་རྟགས་དང་བཅས་དཔོན་སློབ་ཞིག་བླ་བསྐོས་གནང་བ་དང་། དེས་དགོན་འདིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་གཙོ་བོ་མནན་བསྲེགས་འཕང་གསུམ་གྱི་མཚོན་པའི་ལས་རིམ་མཐའ་དག་གི་ཐུགས་འགན་བཞེས་སྲོལ་ཡོད། སྐབས་དེར་ནང་རྟེན་གཙོ་བོ་གསེར་ཟངས་ལས་གྲུབ་པའི་འཇམ་མགོན་ས་པཎ་གྱི་སྐུ་ཐོག་ཚད་མ་སོགས་སྐུ་གསུམ་ཐུགས་རྟེན་མང་དུ་མཆིས། དགོན་འདིར་ཚེ་དང་སྒྲུབ་པ་མཉམ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་ཞིག་བྱོན་ཞིང་། དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པའི་བཤད་སྒྲུབ་ཀྱི་བསྟི་གནས་ཤིག་ཡིན། དུས་འགྱུར་མ་བྱུང་བར་དགོན་པ་འདིའི་བླ་གྲྭ་ཡིན་ཕྱིན་གྲྭ་ས་དཔལ་ལྡན་ས་སྐྱའི་གདན་ས་འགྲིམས་དགོས་པ་དང་། ཟབ་ཆོས་གསུང་ངག་ལམ་འབྲས་སོགས་ཆོས་སྐལ་ཕལ་ཆེར་ས་སྐྱའི་ཁྲི་པའམ། བདག་ཆེན་གྱི་སྐུ་མདུན་ནས་ཞུ་དགོས་པའི་སྲོལ་ཡོད། དུས་འགྱུར་སྐབས་གཏོར་རྒོལ་ཚབས་ཆེ་ཐེབས་ནས་མིང་ཙམ་ལས་ཤུལ་མེད་དུ་གྱུར།

དུས་ཕྱིས་༡༩༨༧ ལོར་དགེ་འདུན་པ་གནས་བརྟན་བགྲེས་སོང་ཁག་ཅིག་གིས་དབུ་ཁྲིད་འོག་ལྷ་སྡེ་མཐུན་འགྱུར་རོགས་ལྡན་ལ་བརྟེ ན་ནས་བསྐྱར་བཞེངས་གནང་། དེ་ནས་རིམ་བཞིན་སྔར་ཡོད་བརྡུང་རྟ་དབྱངས་ཀྱིས་མཚོན་པའི་དུས་མཆོད་གཙོ་བོའཁོན་ལུགས་རྡོ་རྗེ་ཕུར་པའི་གཏོར་བཟློག་དང་དགུ་གཏོར་འཆམ་སོགས་ཉམས་གསོ་གནང་ནས་རིམ་བཞིན་ཡི་དམ་ཁག་གི་སྒྲུབ་མཆོད་རྣམས་ཀྱང་བསྐྱར་གསོ་བྱེད་མུས་སུ་མཆིས། དགོན་འདིའི་ཆགས་དབྱིབས་ནི་ཤར་ནུབ་ལྷོ་གསུམ་གྱི་ཕྱོགས་རྣམས་ཤག་སྐོར་དང་བྱང་ངོས་སུ་ཐོག་བརྩེགས་གསུམ་ཅན་གྱི་གཙུག་ལག་ཁང་དང་རུང་ ཁང་བཅས་ཡོད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*