སྨན་ཆོག

༄༅།        །ན་མཿ གུ་རུ་སརྦ་བྷ་ག་ཝཱ་ན་ཏ་ཐཱ་ག་ཏ་ཨརྷ་ཏེ་སམྱཀྶཾ་བུདྡྷེ་བྷྱཿ

འདིར་ཚེགས་ཆུང་ལ་ཕན་ཡོན་ཤིན་ཏུ་ཆེ་བའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོ་གའི་སྙིང་པོ་ཆག་མེད་དུ་ཉམས་སུ་ལེན་པར་འདོད་པས་ཐོག་མར། སྐྱབས་འགྲོ་ཚད་མེད་སེམས་བསྐྱེད་བྱ་བ་ནི། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་ཡི། །མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ། །དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །དང་འདོད་ཡིད་ཆེས་སྒོ་ནས་སྐྱབས་སུ་མཆི། །ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་པ། །ཡིན་ཀྱང་དེ་ལྟར་མ་རྟོགས་སེམས་ཅན་རྣམས། །བདེ་དང་ལྡན་གྱུར་སྡུག་བསྔལ་དང་བྲལ་ཞིང་། །བདེ་དང་མི་འབྲལ་བཏང་སྙོམས་གནས་པར་ཤོག །སེམས་ཅན་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་བདེ་གཤེགས་འཁོར་བཅས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ་བ་དང་། །སྨོན་ལམ་ཁྱད་པར་ཅན་རྣམས་གདབ་པར་བགྱི། །ཞེས་པ་རྣམས་ལན་གསུམ་གྱིས་སྐྱབས་འགྲོ་ཚད་མེད་སེམས་བསྐྱེད་པ་བྱས་ལ། དེ་ནས། སྐྱབས་གསུམ་བདེན་དང་ཆོས་དབྱིངས་དག་པའི་མཐུས། །གནས་འདིར་རྣམ་དག་ཞིང་མཆོག་ཉིད་གྱུར་ཏེ། །ཁང་བཟང་ཁྲི་དང་པདྨའི་གདན་དག་དང་། །མ་ཚད་མེད་པའི་མཆོད་པས་མཛེས་གྱུར་ཅིག །ཞེས་པ་ལན་གཅིག་གིས་གནས་ལ་སོགས་པར་བྱིན་གྱིས་བརླབ། དེ་ནས། ཤར་ཕྱོགས་རྣམ་དག་ཞིང་གི་རྒྱལ་བ་བདུན། །མེ་མཇེད་འདྲེན་པ་སྐྱོབ་པ་ཤཱཀྱའི་ཏོག །ཀུན་ཀྱང་རྒྱལ་སྲས་རྒྱ་མཚོའི་འཁོར་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་པས་སྤྱན་དྲངས་ཏེ་བཞུགས་པར་བསམ། དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། ཞེས་པ་ལན་བདུན་ནམ་ཉེར་གཅིག་བརྒྱ་སོགས་པ་བྱ་ཞིང་། དེ་བཞིན་དུ་ཕྱག་འཚལ་ལོ་མན་རིགས་འགྲོ་ཤེས་པར་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗེད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། ཞེས་པ་གོང་བཞིན་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། གོང་བཞིན་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། གོང་བཞིན་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། གོང་བཞིན་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། གོང་བཞིན་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་ཡི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། གོང་བཞིན་བྱ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་དང་བཅས་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། ཞེས་པ་ལན་བདུན་ནམ་ཉེར་གཅིག་བརྒྱ་སོགས་གོང་བཞིན་མང་དུ་བརྗོད་ལ། དེ་ནས། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཐུ་དཔལ་དང་ལྡན་པའི་དགེ་བསྙེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་ཡང་གཡོག་འཁོར་གནོད་སྦྱིན་བདུན་འབུམ་བདུན་འབུམ་དང་བཅས་པ་ལ་ཕྱག་འཚལ་ལོ། །ཞེས་པ་རྣམས་ལན་གཅིག་བརྗོད། དེ་ནས། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུར་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ་མཆོད་དོ། མིང་འདི་ཞེས་བགྱི་བ་དང་། བདག་ཅག་གི་ཐོག་མ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའིལས་ནི་བགྱིས། བགྱི་བར་འོས་པའི་ལས་ནི་མ་བགྱིས་པ་ལ་སོགས་པའི་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། དུས་གསུམ་གྱི་འཕགས་པ་དང་སོ་སོ་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ལོ། འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་དུ་བཞུགས་པར་གསོལ་བར་འཚལ་ལོ། ཞེས་བརྗོད་དོ། དེ་ནས། བདེ་གཤེགས་བདུན་གྱིས་རང་གི་མཚན་སྨོས་པའི། །ཕན་ཡོན་ཇི་སྙེད་སྨོན་ལམ་གྱིས་གྲུབ་པ། །དེ་དག་བདག་ལ་བདེ་བླག་འགྲུབ་གྱུར་ཅིག །རྣམ་དག་ཞིང་རྣམས་སུ་ཡང་སྐྱེ་བར་ཤོག །སྟོན་པ་ཤཱཀྱའི་གཙོ་བོས་མདོ་སྡེ་ལས། །ཇི་སྐད་གསུངས་པའི་ཕན་ཡོན་བྱིན་རླབས་ཀྱི། །བདེ་གཤེགས་གསུང་རབ་གཞན་དུ་མི་འགྱུར་བ། །དེ་ཡི་བདེན་པའང་བདག་ལ་མངོན་གྱུར་མཛོད། །འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་དང་། །ཚངས་ལ་སོགས་དང་གནོད་སྦྱིན་ཚོགས་རྣམས་ཀྱིས། །ཞལ་བཞེས་ཇི་ལྟའི་དགེ་ལེགས་ཇི་སྙེད་པ། །འཕྲལ་དང་ཡུན་དུ་བདག་ལ་འགྲུབ་པར་མཛོད། ཅེས་བརྗོད་དོ། སྔགས་རིང་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བྷཻ་ཌཱུརྱ། པྲ་བྷ་རཱ ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ། སྔགས་ཐུང་ནི། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ། སྤྲོ་ན་གཟུངས་རིང་ཐུང་ཇི་ལྟར་རིགས་པའང་བཟླ། འདི་ལྟར་བུའི་ཉམས་ལེན་ཞག་རེ་བཞིན་ཆག་མེད་དུ་བྱེད་པ་འདི་ལ་མདོ་ནས་བཤད་པའི་ཕན་ཡོན་རྣམས་གདོན་མི་ཟ་བར་འབྱུང་ངེས་པས། ཡོན་ཏན་འདོད་པ་རྣམས་ཀྱིས་ཚིགས་ཆུང་ཞིང་དོན་ཆེ་བའི་ཟབ་མོའི་གནད་འདི་ལ་འབད་པར་བྱའོ། དེ་ནས། མ་འབྱོར་པ་དང་སོགས། འདི་ཉིད་གཟུགས་དང་སོགས། ཨོཾ་སུ་པྲ་ཏིཥྛ་སོགས། དགེ་བ་འདི་བའི་མྱུར་དུ་བདག །སྨན་བླས་རྒྱལ་པོ་འགྲུབ་གྱུར་ཅིག་སོགས། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ཀྱི་བཀྲ་ཤིས་ཤོག །ཞེས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་གཤེགས་སུ་གསོལ། བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པའང་བྱའོ། ཅེས་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོ་ག་སྙིང་པོ་ཉམས་སུ་ལེན་ཚུལ་གྱི་ཡི་གེ་འདི་ཕྱིའི་རེ་སྨོན་ཀུན་འགྲུབ་ཅེས་བྱ་བ་འདི་ཡང་སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་ཐུགས་སྲས་རྒྱལ་ཚབ་དམ་པ་འཇམ་མགོན་གྲུབ་པའི་དབང་པོ་བསོད་ནམས་དབང་པོའི་ཞལ་སྔ་ནས་དང་བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ཉིད་སླར་བཟླས་ཏེ་བྱོན་པ་ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དུས་གསུམ་གྱི་རྒྱལ་བའི་སྤྱི་གཟུགས་མུས་པ་མུས་ཆེན་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་རྒྱལ་མཚན་རྣམས་གཙོ་བོར་སྨོས་པའི་ཡོངས་འཛིན་སླུ་མེད་ཀྱི་བླ་མ་དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་རིག་པ་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རང་ཉིད་ཀྱང་ཆོས་ཚུལ་འདི་ལ་མཆོག་ཏུ་དད་པས་འདི་ལྟ་བུའི་ཡི་གེ་ཞིག་བྱེད་འདོད་ཡོད་ཀྱང་། ལེ་ལོའི་དབང་གིས་འགྱངས་པ་ལ་དུས་ཕྱིས་ཚེའི་རིག་བྱེད་ཀྱི་གཞུང་དང་ལག་ལེན་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པ་རྩ་བརྒྱད་པ་མགོན་བསམ་གྱིས་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་བའི་མཆོད་ཆོག་ཞིག་དགོས་པའི་བསྐུལ་མ་བྱུང་པས་རྐྱེན་བྱས། བླ་མ་གོང་མ་རྣམས་ཀྱིས་གསུང་རབས་ནས་འབྱུང་བ་བཞིན་ལེགས་པར་རབ་ཏུ་བཏུས་ཤིང་། རང་ཉིད་ཀྱི་རྟོག་བཟོའི་བསྲེ་བསླད་སྤངས་ཏེ་འབྲུག་ལོ་ཟླ་བ་ལྔ་པའི་དམར་ཆ་རྫོགས་པ་གཉིས་པའི་ཚེས་ལ་དཔལ་ས་སྐྱའི་གཞི་ཐོག་བླ་བྲང་གི་འོད་གསལ་སྣང་བར་སྦྱར་བའི་ཡི་གེ་པ་ནི་གསོ་བ་རིག་པ་ལ་མཁས་ཤིང་ཡི་གེའི་འདུ་བྱེད་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་གདོང་དགའ་བ་བསམ་པ་དོན་ཆེན་གྱིས་བགྱིས་སོ། འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་རྣམས། །ཚེ་མཐར་ཕྱིན་ཅིང་བསམ་དོན་ཀུན་འགྲུབ་སྟེ། །བསྟན་པ་རྒྱས་ཤིང་ཕྱི་མ་ལྷན་ཅིག་ཏུ། །དག་པའི་ཞིང་སྐྱེས་འགྲོ་ཀུན་རྗེས་འཛིན་ཤོག །དེ་དེ་བཞིན་དུ་གྱུར་ཅིག །དེ་ལས་གཞན་དུ་ནམ་ཡང་མ་གྱུར་ཅིག །ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ༈ །སྨན་བླའི་མདོ་ཆོག་གི་སྙིང་པོ་ཤིན་ཏུ་བསྡུས་པ་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་བྷཻ་ཥ་ཛྱེ་རཱ་ཛཱ་ཡ། དེ་ལ་འདིར་སྨན་བླའི་མདོ་ཆོག་གི་སྙིང་པོ་ཕྱག་མཆོད་སྨོན་ལམ་ཤིན་ཏུ་མདོར་བསྡུས་པ་བྱ་བའི་ཚུལ་ནི། རྟེན་གྱི་དྲུང་དུ་ཅི་འབྱོར་པའི་མཆོད་པ་བཤམས་ལ། ངེས་འབྱུང་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམ་ལ་སོགས། ཅེས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་གཞིར། །ཡིད་འཕྲོག་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །དེ་དབུས་སེང་ཁྲི་པདྨའི་གདན་གྱི་སྟེང་། །བདེ་གཤེགས་འཁོར་བཅས་གདན་འཛོམ་བཞུགས་ནས་ཀྱང་། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་པས་ས་གཞི་སོགས་བྱིན་གྱིས་བརླབ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་གསོལ་བས་མངོན་སུམ་ལྟ་བུར་བྱོན་ཞིང་བཞུགས་པར་བསམས་ལ། འབྱོན་ལེགས་སོགས་རྒྱས་པར་བྱ་བའམ། ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོས་མཆོད། །འཆི་མེད་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་ཞིང་། །སྲབ་འཇམ་ལྷ་ཡི་རེག་བྱས་བསྙེན་བཀུར་བགྱི། །བསོད་ནམས་ཞིང་དུ་བཞུགས་པར་གསོལ་བ་འདེབས། །ཞེས་པའི་མཐར་ཕྱག་མཆོད་དངོས་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བདེ་བར་གཤེགས་པ་བརྒྱད་ཀྱི་མདོ་ཆོག་གི །ལམ་བཟང་གསལ་མཛད་དངོས་བརྒྱུད་བླ་མ་དང་། །ཕྱོགས་བཅུའི་སངས་རྒྱས་དེས་གསུངས་དམ་པའི་ཆོས། །དེ་འཛིན་དགེ་འདུན་བཅས་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱད་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཛམྦུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་སེལ་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའི། །ཆོས་བསྒྲགས་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་སྐྱབས་གྲོལ་གསང་བའི་བདག །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་གཤེགས་འཁོར་དང་བཅས་ལ་སྐྱབས་སུ་མཆི། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བདེ་གཤེགས་བརྒྱད་དང་རིགས་གསུམ་སེམས་དཔའ་སོགས། །བཅོམ་ལྡན་གདན་འཛོམ་ཆེན་པོ་འཁོར་བཅས་ཀྱིས། །བདག་དང་སྙིགས་མའི་འགྲོ་བ་མཐའ་དག་ལ། །ཐུགས་རྗེ་ཆེན་པོས་ལྷག་པར་ཉེར་དགོངས་ཏེ། །ཇི་ལྟར་སྔོན་ཚེ་སྨོན་ལམ་དམ་བཅས་བཞིན། །བདེན་པའི་འབྲས་བུ་མངོན་སུམ་སྣང་མཛད་ནས། །གནས་སྐབས་ནད་གདོན་སྡིག་སྒྲིབ་ཉེར་ལྟུང་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་དད་བརྩོན་ཤེས་རབ་སོགས། །མཐུན་རྐྱེན་ལེགས་ཚོགས་མཐའ་དག་རྒྱས་པ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བར་བྱིན་གྱིས་རློབས། །ཚེ་ཡི་མཐར་ཡང་བཅོམ་ལྡན་སྲས་བཅས་ཀྱིས། །དག་པའི་ཞིང་དུ་མངོན་སུམ་ཁྲིད་པ་དང་། །མྱུར་དུ་བྱང་ཆུབ་སྙིང་པོར་ལུང་བསྟན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཅེས་ཕྱག་དང་བཅས་ཏེ། ལན་ཇི་ལྟར་རིགས་པ་དང་། སྔགས་རིང་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བྷཻ་ཌཱུརྱ། པྲ་བྷ་རཱ ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ། སྔགས་ཐུང་ནི། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ། སྤྲོ་ན་གཟུངས་རིང་ཐུང་གང་འོས་བཟླས་མཐར། རྟེན་ཡོད་ན་ནོངས་བཤགས། བརྟན་བཞུགས་སོགས་སྤྱི་ལྟར་དང་། མེད་ན། མཆོད་པའི་ཡོ་བྱད་མ་འབྱོར་པ་དང་སོགས། འདི་ཉིད་གཟུགས་དང་སོགས། ཨོཾ་སུ་པྲ་ཏིཥྛ་སོགས། དགེ་བ་འདི་བའི་མྱུར་དུ་བདག །སྨན་བླས་རྒྱལ་པོ་འགྲུབ་གྱུར་ཅིག་སོགས། ཅེས་བརྗོད། ནོངས་པ་གང་མཆིས་བཟོད་པར་བཞེས་ནས་ཀྱང་། །བཅོམ་ལྡན་འཁོར་བཅས་རང་རང་ཞིང་ཁམས་སུ། །གཤེགས་ཏེ་སླར་ཡང་འབྱོན་པར་མཛད་དུ་གསོལ། །བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམས་པར་ཤོག །བདེ་གཤེགས་བརྒྱད་དང་དེས་གསུངས་དམ་པའི་ཆོས། །དེ་འཛིན་འཕགས་པའི་དགེ་འདུན་བཅས་པ་ལ། །རྨད་བྱུང་དགེ་མཚན་ཇི་སྙེད་མཆིས་པ་དེས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག།།མེ་ཏོག་རྡོ་དྲིལ་གསིལ་ཞིང་། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིེར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། ཞེས་པའང་ཀུན་མཁྱེན་བོ་དོང་བ་ཆེན་པོའི་རིང་ལུགས་འཛིན་པའི་རབ་འབྱམས་སྨྲ་བ་ངག་དབང་བསྟན་འཛིན་གྱིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་གསུང་གིས་བསྐུལ་བའི་ངོར། སྙོམ་ལས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ལྡན་བསམ་འགྲུབ་ཆོས་སྡིངས་ཀྱི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་ཀུན་དོན་གཉིས་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག།ཞེས་པ་འདི་སྨར་ཁམས་པ་ཚེ་རིང་བསོད་ནམས་ཀྱིས་ཕྱི་ལོ་༢༠༡༡ ཟླ་བ་༣ ཚེས་༡༠ ལ་གློག་ཀླད་དུ་པར་རྩ་ཞུས་པ་དགེ་ལེགས་འཕེལ། །སརྦ་དཱ་ཀ་ལྱཱ་ཎ་བྷ་བ་ཏུ། །

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།

ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།

དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*