ཡེ་ཤེས་སྒྲོལ་མའི་མིག་ཆུ།

རྔ་བ། བུ་རམ་པ།

གནམ་ཨ་སྔོན་ལུག་ཁྱུ་ཆད་འདྲ། །
འཇའ་སྤྲིན་དཀར་དར་གྱི་གོས་ཚོན། །
ས་རི་སྡེ་སྐར་ཚོགས་བཏབ་འདྲ། །
ཡུལ་མདོ་སྨད་ཨ་མདོའི་འབྲོག་སྡེ། །

ནང་སེམས་གཤིས་བལ་ལས་འཇམ་པའི། །
མ་མཛངས་མའི་མེ་ཏོག་འཁྲུངས་ས། །
མིག་ཨུཏྤལ་བརྩེ་བས་སྨིན་པའི། །
ཆུང་བྱམས་པའི་བརྩེ་གཞས་དར་ས། །

འབྲོག་སྦྲ་ནག་སྐར་མའི་ཆོན་ཐག །
ནང་ཀ་བཞི་ཙན་དན་སྡོང་པོ། །
ཞོ་འོ་མའི་ཆུ་གཏེར་རང་འབབ། །
གཞོན་ཕོ་མོ་མཐུན་པའི་རྩེད་རྭ། །

རྟ་གྱི་ལོང་འཕུར་ཤེས་གོང་གི །
ཕོ་དེ་ནི་དོན་འགྲུབ་རྒྱལ་ལོ། །
ཕྱུགས་དཀར་ནག་ལྷས་རའི་འདབས་ཀྱི། །
མ་དེ་ནི་ཡེ་ཤེས་སྒྲོལ་མ། །

འདང་ལོ་མའི་བྱི་རུ་ཆ་གཅིག །
ཚིག་སྐུད་པའི་གཏམ་ལ་བརྒྱུས་ཏེ། །
སྐྱེ་ཚེ་ལུས་ད་ཐོག་འདི་ལ། །
ཁྱིམ་གཅིག་གི་ལས་སྐལ་བཅངས་ཡོད། །

ཕྱུགས་དཀར་ནག་མེ་ཏོག་གཟས་ན། །
ངག་གླིང་བུའི་རྫི་གླུ་སང་སེང་། །
ནང་ན་ཟླ་ཕོ་མོའི་བརྩེ་དུང་། །
དགུན་རྩྭ་སྐྱ་མེ་ཡིས་ཟིན་འདྲ། །

ཞེ་འདང་བརྩེ་དབྱར་ཁའི་ཐང་ལ། །
ཡིད་མཛའ་གཅུགས་མེ་ཏོག་བཞད་པ། །
མཚོ་མ་ཕམ་ངང་བ་འཁོར་འདྲའི། །
ཆུང་རྩེད་གྲོགས་སྣང་བ་འདྲིས་རུང་། །

མ་དྲིན་མོའི་རྒྱུ་ཧམ་གནམ་རེད། །
རོགས་དགའ་ལོ་དབུལ་པོའི་རྒྱུད་རེད། །
བར་དེ་ནས་ཡེ་ཤེས་སྒྲོལ་མའི། །
བསྒུག་བསྒུག་གི་ལོ་ཟླ་ཇེ་རིང་། །

ཆུ་གཙང་བོ་གཡུ་འབྲུག་རང་འབབ། །
ཐང་ཆེ་ཆུང་མཎྜལ་སྤུང་འདྲ། །
འབྲོག་སྦྲ་གུར་རི་སྡེ་ཁྲ་མོ། །
ལྷོད་ཆགས་སེ་སྨུག་སྤྲིན་རང་འཁྱིལ། །

སྟག་ཤར་ལོའི་བློ་ཁོག་གནམ་རེད། །
གཏམ་མི་ཁས་ཁོག་རབ་མེད་ཀྱང། །
ཚེ་སྔོན་མའི་ལས་འཕྲོ་ཟད་ན། །
མགོ་གསེར་ཞྭའི་བདག་མོ་མི་དབང་། །

མིག་ཁྲ་ཆུང་གང་གི་འདང་བརྩེ། །
ཁ་ཚིག་ཆེན་གཅིག་གིས་རྫོགས་ཐལ། །
རོགས་སྙིང་ཆུང་མུ་ཏིག་འདྲ་བོའི། །
འདང་མིག་ཟུང་མཆི་མས་བརླན་སོང་། །

མཚོ་ངང་བའི་བར་གྱི་འདང་བརྩེ། །
དྲིན་ཕ་མས་གོ་རིག་ཡོད་ཀྱང་། །
མ་ཡེ་ཤེས་སྒྲོལ་མའི་ཞེ་འདང་། །
རྒྱུ་ངོ་སོ་བར་ནས་ཚར་འགྲོ། །

འདང་ཞེན་ཆགས་རུམ་ལ་བཅུག་ནས། །
ཕོ་དོན་འགྲུབ་དབུས་ལ་སོང་ཤུལ། །
མ་ཡེ་ཤེས་གནས་ལ་རྫོང་བའི། །
ལས་དབང་མེད་འཁོར་བའི་རྦབ་རྡོ། །

གཉེན་ཉེ་ཡ་བསྒྲིགས་པའི་ཁ་འཁྲུག །
རི་སྡེ་བའི་ཁྲོམ་ལ་གྲགས་དུས། །
མ་སྒྲོལ་མའི་ལང་ཚོའི་རྐང་འཐུང་། །
རྫ་བྲག་དམར་རྩེ་ལ་བསྐྱོན་ནས། །

ལུས་རིན་ཆེན་འདོད་པའི་མེ་ཏོག །
ཚེ་ད་ཐོག་བདག་པོར་མ་འཕྲོད། །
ཚེ་འདི་སྣང་ཉི་མ་མེད་རུང་། །
སྐྱེ་གཞུག་མ་ཞིག་ལ་བཅོལ་ཟེར། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།