བན་དྷེ་ཞིག་གི་རང་རྣམ་གླེང་བ།

                                                          དབྱངས་ཞི་བ། (སི་ཁྲོན།)

གནས་ཆེན་པོ་དབེན་གནས་ཆོས་སྒར་ནས། །
ཆོས་འཆད་གསུམ་སྟོང་ཉིད་མ་མཁྱེན་པར། །
འཛུམ་དམུལ་དམུལ་ལྷ་ཁང་སྐོར་ལམ་གྱི། །
གཟུགས་ལུང་ཚོ་དབྱར་གྱི་འཇའ་ཚོན་ཅན། །

གྲོང་རྒྱ་གྲོང་དཀྱིལ་གྱི་ཉམས་ལྡན་མ། །
ཡིད་བཏད་སོ་ནོར་མིན་མི་ཤེས་ཀྱང་། །
ཐུགས་མ་གཡེང་འཁོར་བའི་གཞི་གནས་རེད། །
ནགས་རི་ཁྲོད་གཅིག་ནས་དྲན་གྱིན་འདུག །

མཐོང་མ་མཐོང་བར་གྱི་མིག་ལམ་ནས། །
རླུང་འཚུབ་མ་ཞིག་གིས་བསུ་མ་བྱས། །
ཁྱོས་པདྨའི་ཚལ་དུ་ཁྲིད་ནས་ཐལ། །
ཉིན་མཚན་དབྱེར་མེད། འཁོར་བ་མཐའ་མེད།

དགའ་བདེ་བའི་གླིང་དུ་ཨེ་མ་རྨད། །
ཁྱོད་འཚོ་བའི་ཡུལ་དུ་རྣམ་ཤེས་འཁོར། །

ཉིན་མཚན་དབྱེར་མེད་དུ་འཁོར་བ་མཐའ་མེད་ཀྱི་ཡུལ་ནས་སྒོམ། །
དུས་གསུམ་ཆད་མེད་དུ་རྣམ་རྟོག་བདག་འཛིན་གྱི་དབྱིངས་ནས་དྲན། །
བདག་འཛིན་ཀུན་བྲལ་དུ་དཔེ་ཆའི་ནང་རོལ་ནས་འུད་དེ་འཚོལ། །
ས་གཞི་སེར་པོ་ཡི་མུན་མེད་གཏིང་རོལ་གྱི་ཁྲོད་ནས་དུང་། །

དུས་གསར་བ་ཞིག་གི་ནང་རོལ་ནས། །
ལུས་རྙིང་མ་ཞིག་གི་དགོན་གྲལ་དུ། །
ཆོས་ཟབ་མོ་རྫོགས་ཆེན་ལེན་མདོག་གི། །
ཡུལ་སྡེ་བའི་ཁྲོད་ནས་རྫིག་སྟོབས་ཅན། །

དུས་གསར་བའི་རྗེས་སུ་ཆོད་ཁུལ་གྱིས། །
ཁ་མི་དགེ་ཁ་པར་ཉོས་ནས་ཐལ། །
ཁམས་སྡེ་དགེ་ཡུལ་གྱི་ལྷ་མོ་ཁྱོད། །
གཟུགས་སྐྱེ་ལོ་རྒྱུད་སེ་ཡོད་དོ་སྐད། །

ཚིག་སྙན་ངག་མ་ཞིག་ཡིན་པར་སྒྲོག །
འདས་ཟིན་པའི་སློབ་ར་གཅིག་པར་བཤད། །
ཁྱོས་འཁོར་བའི་ཁྲོད་དུ་ཉུལ་ནས་ཐལ། །
འཛུམ་མདང་ལྷད་མེད། འདུན་པ་རྗེད་མེད།

ལྷད་མེད་པའི་དུང་དཀར་སེམས་དེ་སྟོན། །
བཅོས་མེད་པའི་མི་འགྱུར་དམ་དུ་བཟུང་། །

འཛུམ་མདང་ལྷད་མེད་དུ་འདུན་པ་ཆད་མེད་ཀྱིས་དྲ་བས་འགྲོགས། །
ཐག་རིང་ཐག་ཉེ་ལ་དྲ་བའི་གྲོང་གསེང་གི་ནང་ནས་འདྲིས། །
འཁོར་བའི་མེ་ལོང་ལ་ཕྱི་དྲན་མཚོ་མོ་ཡི་གཟུགས་སུ་ཐིམས། །
མ་འོངས་གཏམ་རྒྱུད་ལ་དགའ་སྐྱོས་འཚོ་བ་ཡི་རྒྱན་དུ་འཁོར། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*