རྡོ་རྗེ་གདན་རང་ནས་མཇལ་དགོས་པ་བཅུ་བདུན།

རྩོམ་འབྲི་པ་ལྗང་གསར།

༡༽མཆོད་རྟེན་རིན་པོ་ཆེ།

༢༽་ དབུ་རྩེའི་མཆོད་རྟེན།

༣༽་ བོད་ཀྱི་ཇོ་བོའི་བཞུགས་ཁྲི།

༤༽ བྱང་ཆུབ་ཆེན་པོའི་སྐུ།

༥༽་ བྱང་ཆུབ་ཀྱི་ཤིང་།

༦༽ བྱང་ཆུབ་ཤིང་གི་རྡོའི་དྲྭ་མིག །

༧༽་ མཆོད་རྟེན་བྱང་ངོས་ཀྱི་ཐུབ་སྐུ།

༨༽ སངས་རྒྱས་ཀྱི་ཞབས་རྗེས།

༩༽ སངས་རྒྱས་ཀྱི་ཚེམས།

༡༠༽་ མཆོད་རྟེན་རིན་པོ་ཆེའི་རྡོའི་དྲྭ་མིག །

༡༡༽་ སྒྲོལ་མའི་ལྷ་ཁང་།

༡༢༽་ འོད་ཟེར་འཕྲོ་བའི་གན་དྷོ་ལ།

༡༣༽་ ཀླུ་རྒྱལ་བཏང་བཟུང་དང་ཕྲད་པ།

༡༤༽་ ཨ་ཤོ་ཀའི་རྡོ་རིང་།

༡༥༽་ ཨ་ཀར་བྷོ་དྷི་བྱང་ཆུབ་ཤིང་།

༡༦༽་ དུས་འཁོར་བློས་བསླངས།

༡༧༽་ ཧ་ཧ་རྒོད་པའི་དུར་ཁྲོད།

དང་པོ་ནི། སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་བརྒྱད་ཅུའི་དུས་སུ་བྲམ་ཟེའི་བུ་སྤུན་གསུམ་ལས་ཆུང་ཤོས་ཀྱིས་སྟོན་པའི་སྐུ་འདི་བཞུགས་སའི་ལྷ་ཁང་ཞིག་བཞེངས་པ་དང་། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བརྒྱད་ཅུ་ཙམ་ལོན་པ་ན། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྔོན་གྱི་ལྷ་ཁང་དེ་ཉིད་ཉམས་ཆག་མེད་པར་ནང་དུ་བཅུག་སྟེ། ད་ལྟའི་བཟོ་བཀོད་ཀྱི་གན་དྷོ་ལ་འདི་བཞེངས་ཚུལ་ཆག་ལོ་ཙྰ་པའི་རྣམ་ཐར་དུ་གསལ། དེ་ནས་ད་བར་མཆོད་རྟེན་རིན་པོ་ཆེ་འདི་ལ་ཉམས་ཆག་ཆེན་པོ་ཐེངས་གསུམ་ཙམ་བྱུང་བ་ལ་རིམ་གྱིས་སུས་ཇི་ལྟར་ཞིག་གསོ་བྱས་ཚུལ་ཞིབ་གསལ་མཁས་དབང་དགེ་ཆོས་ཀྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཏུ་གསལ།

གཉིས་པ་ནི། མཆོད་རྟེན་རིན་པོ་ཆེའི་དབུ་རྩེའི་མཆོད་རྟེན་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་། ནང་དུ་སྟོན་པའི་རིང་བསྲེལ་བྲེ་གང་བཞུགས་ཞེས་དགེ་ཆོས་ཀྱི་ལམ་ཡིག་ཏུ་བཀོད་ཡོད།

གསུམ་པ་ནི། མཆོད་རྟེན་རིན་པོ་ཆེ་འདི་ལ་ལྷ་ཁང་སྟེང་འོག་གཉིས་ལས་སྟེང་མ་དེའི་ནང་དུ་སྔོན་རང་རེ་བོད་གངས་ཅན་པའི་ལྷ་སའི་ཇོ་བོ་བཞུགས་པར་གྲགས་ཞེས་དགེ་ཆོས་ཀྱིས་གསུངས།

བཞི་པ་ནི། མཆོད་རྟེན་རིན་པོ་ཆེའི་ནང་རྟེན་སངས་རྒྱས་ཀྱི་སྐུ་འདི་བྱིན་རླབས་ཤིན་ཏུ་ཆེ་སྟེ། སྤྱིར་གནས་མཆོག་འདི་དང་། ཡང་སྒོས་སུ་ལྷ་ཁང་འདི་ནས་ཐུབ་སྐུ་འདི་ཉིད་མཇལ་ཐེངས་རེར་རྟོག་ཚོགས་རགས་པ་རྣམས་རེ་ཞིག་འགག་ལ། དད་པ་དང་། བརྩེ་བ། ལྟ་བ་ཡང་དག་རེ་རྒྱུད་ལ་སྐྱེ་བ་ནི་ཐེ་ཚོམ་མི་འདུག །ཇི་ཙམ་མཇལ་ཡང་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད། ཐུབ་སྐུ་འདི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ན་བྲམ་ཟེ་སྤུན་གསུམ་ལས་ཆུང་ཤོས་ཀྱིས་བཞེངས་ཚུལ་དང་། འདིའི་བྱུང་རབས་དང་། ལོ་རྒྱུས་ཤིན་ཏུ་ངོ་མཚར་བ་རྣམས་ཆག་ལོ་ཙྰ་པའི་རྣམ་ཐར་དུ་རྒྱས་པ་འདུག་པས་དེར་གཟིགས་པར་ཞུ།

ལྔ་པ་ནི། རྩྭ་ཀུ་ཤ་གདན་དུ་བཏིངས་ནས་བྱང་ཆུབ་ཀྱི་ཤིང་ལ་རྒྱབ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་ཀྱི་ཤིང་འདི་ནི། རྩ་བའི་སྡོང་པོ་གཅིག་ལ་ཡལ་ག་ཆེན་པོ་གཉིས་སུ་གྱེས་ལ། དེ་གཉིས་པོ་རེ་རེ་ལའང་ཡལ་ག་དང་འདབ་མ་རབ་ཏུ་རྒྱས་པ་ཞིག་འདུག །ལྗོན་ཤིང་འདིའི་ལོ་མ་ས་ལ་ཟག་ན་ནང་པ་རྣམས་ཀྱིས་དད་པའི་རྟེན་དུ་ཁྱེར་འགྲོ་ལ། ལྷག་ཏུ་ལྷོ་བརྒྱུད་ནང་པའི་གྲྭ་བཙུན་རྣམས་ལོ་མ་རེ་ས་ལ་ཟག་ཅིང་དེ་ཐོབ་རེས་ལྗོན་ཤིང་གི་འོག་ཏུ་དུས་ཡུན་རིང་པོའི་བར་སྒུག་པར་བྱེད། ཁོང་ཅག་ནི་རྟེན་མ་ཧ་བྷོ་དྷི་སྐུ་དྲུང་ལས་ཀྱང་བྱང་ཆུབ་ཀྱི་ཤིང་དྲུང་འདིར་སྒོམ་སྒྲུབ་སྨོན་ལམ་བྱེད་ཆེ་བ་ཡོད། ཆག་ལོའི་རྣམ་ཐར་དུ། གན་དྷོ་ལའི་སྒོ་ཤར་བལྟ་བ། མདུན་དུ་འཁྱམས་ཁྲག་པ་(ཕྲག་པ)གསུམ་དང་ལྡན་པ། རྒྱབ་བྱང་ཆུབ་ཤིང་སྡོང་གཉིས་ལ་བརྟེན་པ། ཞེས་གསུངས་འདུག་པར། ལྕགས་རི་ནང་མའི་ནང་གི་ཤིང་སྡོང་ཡལ་ག་སྦོམ་པོ་གཉིས་ཅན་འདི་ཡིན་ནམ་སྙམ་པ་འབྱུང་སྲིད་ཀྱང་། དེ་ལྟར་མ་ཡིན་པར་ལྕགས་རི་ནང་མའི་ཕྱི་ནང་གཉིས་སུ་བྱང་ཆུབ་ཀྱི་ཤིང་རེ་ཡོད་འདི་གཉིས་ཡིན་ལ། བྱང་ཆུབ་ཤིང་ཕྱི་མའི་བསིལ་གྲིབ་འོག་ཏུ་སྨོན་ལམ་ཚོགས་པ་ཁག་གིས་སྨོན་ལམ་འཚོགས་སའི་ལྟེ་བ་ལྟ་བུ་གྱུར་ཡོད།

དྲུག་པ་ནི། བྱང་ཆུབ་ཀྱི་ཤིང་འདི་ལ་ལྷོ་ནུབ་བྱང་གསུམ་ནས་རྡོའི་ལྕགས་རིས་སྐོར་ཞིང་། ཤར་མཆོད་རྟེན་རིན་པོ་ཆེ་ལ་ཁ་གཏད་པ་ལས་ལྕགས་རིས་སྐོར་མེད། རྡོའི་ལྕགས་རི་འདི་ནི་ཆོས་རྒྱལ་མྱང་ངན་མེད་ཀྱིས་བཞེངས་ཞེས་ཆག་ལོ་ཙྰ་པས་གསུངས།

བདུན་པ་ནི། བྱང་ཆུབ་ཤིང་གི་ལྕགས་རིའི་ནང་དང་། མཆོད་རྟེན་རིན་པོ་ཆེའི་བྱང་ངོས་ཀྱི་ཐུབ་སྐུ་དེ་ཉིད་སྟོན་པ་སངས་རྒྱས་ཏེ་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་ལ་སྤྱན་མི་འཛུམ་པར་བཞུགས་པའི་སྐུ་བརྙན་ཡིན་ཞེས་དགེ་ཆོས་ཀྱི་ལམ་ཡིག་ཏུ་འཁོད།

བརྒྱད་པ་ནི། ཆག་ལོ་ཙྰ་པས། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་རྡོའི་ཀ་བ་གཉིས་ཀྱིས་བཏེགས་པའི་རྡོའི་རྟ་བབས་ཐོག་གི་རྒྱ་ཁྲུ་དོ་ཙམ་ཡོད་པ་འཕྲེད་ཆར་བྱུང་ན་ཁྲུས་ཆབ་ཏུ་འགྲོ་བ་ཞབས་རྗེས་ལ་སྨན་གྱི་དྲིས་བྱུགས་པ་ལ་མགོ་རེག་ཅིང་བྱིན་རླབས་ཞུས་པའི་ཤུལ་ཡོད། ཅེས་དང་། དགེ་ཆོས་ཀྱིས། བདུན་གཉིས་པར་དང་པོ་བཞེངས་པའི་ཤུལ་དུ་ཞབས་རྗེས་ཆ་གཅིག །དེ་ནས་གོམ་པ་འདོར་བའི་ཤུལ་ཞབས་གཡས་གཡོན་ཡ་སྤེལ་བ་ལྔ། སླར་ཡང་ཡུད་ཙམ་བཞེངས་སར་ཞབས་རྗེས་ཆ་གཅིག་བཅས་རྡོ་བདུན་གྱི་སྟེང་དུ་ཡོད་པ་ལས་དེང་སང་ཡ་གཉིས་དང་ཆ་གཅིག་སྟེ་གསུམ་ཙམ་ཡོད། ཅེས་གསུངས་པ་ལས། ད་ལྟ་ནི་ཆག་ལོ་ཙྰ་པས་གསུང་པ་ལྟར་ཀ་བ་གཉིས་ཀྱིས་བཏེགས་པའི་རྡོ་མེད་པ་མ་ཟད། དགེ་ཆོས་ཀྱིས་གསུང་པ་ལྟར་ཡ་གཉིས་དང་ཆ་གཅིག་ཀྱང་མེད་པར། མཆོད་རྟེན་གྱི་བྱང་དང་བྱང་ཆུབ་ཤིང་གི་གཡས་འཕྲིས་སུ་ཡ་གཅིག་དང་ཆ་གཅིག་འདུག །དེ་ལ་ཀུན་གྱིས་དད་གུས་གསོལ་འདེབས་སྨོན་ལམ་བྱེད་དོ།། ཞབས་རྗེས་ཆ་གཅིག་མཆོད་རྟེན་གྱི་ཤར་དང་། མཆོད་རྟེན་ནང་དུ་འགྲོ་སའི་ལམ་གྱི་གཡོན་ཟུར། ཏྰ་ར་སྒྲོལ་མའི་ལྷ་ཁང་གི་མཐའ་ན་འདུག་ཀྱང་དེ་ལ་དད་གུས་གསོལ་འདེབས་ཞུ་མཁན་ཧ་ལམ་མི་འདུག །སྤྱིར་སངས་རྒྱས་ཞབས་རྗེས་ལ་འདི་ལྟ་བུའི་ཆེན་པོ་ཞིག་ཇི་ལྟར་དཔྱད་ཀྱང་མེད་ཚོད་དུ་སྣང་བས། འདི་ནི་སྟོན་པ་སངས་རྒྱས་ནས་ཡར་བཞེངས་པ་དང་། གཤེགས་པ། སླར་བཞེངས་པའི་རྣམ་ཐར་ལྟར་ཕྱིས་སུ་དད་ལྡན་དང་། མཁས་པ་ཚོས་རྗེས་དྲན་གྱི་རྟེན་ཙམ་དུ་བཞེངས་རྗེས། དེ་ནས་རིམ་གྱིས་སངས་རྒྱས་ཞབས་རྗེས་ཞེས་གྲགས་པ་ཡིན་ནམ་སྙམ་མོ།།

དགུ་པ་ནི། ཆག་ལོའི་རྣམ་ཐར་དུ། ཡང་རྡོ་རྗེ་གདན་ན་དེ་བཞིན་གཤེགས་པ་ཤྰཀྱ་ཐུབ་པའི་ཚེམས་ཆེ་བ་གཅིག་གསེར་གྱི་གའུའི་ནང་བཞུགས་པ། དུས་བཟང་པོ་ལ་ཁྱམས་ཀྱི་སྟེང་ན་སྤྱན་དྲངས་ནས་རྡོ་ལེབ་ཆེན་པོ་པད་མ་འདབ་ཅན་ཞིག་གི་སྟེང་དུ་བཞུགས་ནས། དཀར་གསུམ་དང་། སྦྲང་རྩི་དང་། ཀ་རའི་ཆུས་སྐུ་ཁྲུས་གསོལ། ཞེས་གསུངས་པའི་སངས་རྒྱས་ཀྱི་ཚེམས་དེ་ཉིད་དེ་སང་མཆོད་རྟེན་གྱི་ནང་དུ་མི་བཞུགས་པར། མཆོད་རྟེན་འཛིན་སྐྱོང་ཚོགས་པ་སྟེ། ཇ་ཡ་ས་རི་མ་ཧ་བྷོ་དྷི་ཝི་ཧ་ར་(JAYA SRI MAHA BODHI VIHARA)ཞེས་པའི་དགོན་པ་འདིར་བཞུགས་ཤིང་། ལོ་རེ་སྤྱི་ཟླ་གཉིས་པའི་ནང་མཇལ་ཁ་ཐེངས་རེ་བསྟན་ཅིང་། ས་གནས་ནི་མཆོད་རྟེན་གྱི་རྡོའི་ལྕགས་རི་ཕྱི་མའི་ཕྱི་ནས་བྱང་དང་། རྣམ་རྒྱལ་གྲྭ་ཚང་གི་གཡས་དང་འདབས་འདྲེས་པའི་དགོན་པ་འདི་ཡིན།

བཅུ་པ་ནི། མཆོད་རྟེན་རིན་པོ་ཆེའི་རྡོའི་ལྕགས་རི་ཕྱི་ནང་གཉིས་ཡོད་ཅིང་། ནང་མ་ནི་མཆོད་རྟེན་དང་བར་ཐག་འདོམས་བཞི་ཙམ་ཡོད་ལ། ཕྱི་མ་ནི་མཆོད་རྟེན་གྱི་ཕྱོགས་བཞི་ནས་མདའ་རྒྱངས་གང་རེ་ཙམ་ཡོད། ཆག་ལོ་ཙྰ་པས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྡོའི་དྲྭ་མིག །ཅེས་དང་། མཁས་དབང་དགེ་ཆོས་ཀྱིས། སྐོར་ལམ་གྱི་རྡོའི་དྲྭ་མིག་འདི་དག་ཀྱང་ཀླུ་སྒྲུབ་ཀྱིས་བཞེངས། ཞེས་གསུང་པ་ལྟར། རྡོའི་ལྕགས་རི་ནང་མ་ཀླུ་སྒྲུབ་ཀྱིས་བྱས་པ་ཐེ་ཚོམ་མི་དགོས་ཀྱང་། ལྕགས་རི་ཕྱི་མའི་སྐོར་ལ་གསལ་ཁ་དེ་ཙམ་མི་འདུག་ཀྱང་། མཁས་དབང་དགེ་ཆོས་ཀྱིས། རྡོའི་དྲྭ་མིག་འདི་དག་ཅེས་མང་ཚིག་བསྣན་པ་འདིས་ལྕགས་རི་གཉིས་ཀ་ཀླུ་སྒྲུབ་ཀྱིས་བྱས་པ་གོ་ནུས་པར་འདུག་ལ། སྤྱིར་ལྕགས་རི་ཕྱི་ནང་གཉིས་ཀ་བཟོ་དབྱིབས། རི་མོ། དྲྭ་མིག །རྒྱུ་ཆ་དང་བཅས་པ་མི་གཅིག་གིས་བྱས་པ་ལྟར་འདུག་པས་ཀླུ་སྒྲུབ་ཀྱིས་བྱས་མིན་ལ་དོགས་པ་མེད། ཤིན་ཏུ་ཕངས་པ་ཞིག་ལ་ཁོ་བོ་གནས་འདིར་སླར་མ་སླེབས་བར་ལོ་ལྔ་ཙམ་ཀྱི་ནང་དུ། ཤེས་རབ་མེད་པའི་ལྷག་བསམ་གྱིས་ཡིན་ནམ། གྲགས་འདོད་ཆེ་བའི་འདོད་རྔམས་སོགས་བསམ་བློའི་ཀུན་སློང་གང་གིས་སུས་བྱས་མིན་ཞིབ་མོར་རྩད་གཅོད་བྱེད་འདོད་མ་བྱུང་རུང་། ལྕགས་རི་ཕྱི་མའི་བྱང་ངོས་ནས་རྡོའི་དྲྭ་མིག་རྣམས་ཨ་འདམ་གྱིས་ཡོངས་སུ་འདན་ཅིང་རྡོའི་ཀ་བ་རེའི་བར་ན་སྟོད་ན་རྒྱ་གར་གྱི་ཡི་གེ་དང་། འོག་ན་ཨིང་ཡིག །དེ་གཉིས་ཀྱི་བར་ན་འཁོར་ལོ། སྐུ་བརྙན་འདྲ་མིན་སོགས་ཨ་འདམ་གྱིས་བཟོ་བསྐྲུན་བྱས་ཏེ་ལོ་རྒྱུས་ལ་སྣོག་ལས་བཟོད་དཀའ་བ་ཞིག་བྱས་འདུག་ཀྱང་ཐབས་ཤེས་མི་འདུག །དེ་མིན་ཀླུ་སྒྲུབ་ནས་ཆག་ལོ་ཙྰ་པ་དང་། དེ་ནས་ད་བར་རྡོའི་དྲྭ་མིག་འདི་ལ་ཉམས་ཆག་མ་བྱུང་ཚུལ་ཆག་ལོ་ཙྰ་པའི་རྣམ་ཐར་དུ་འདུག །

བཅུ་གཅིག་པ་ནི། སྒྲོལ་མའི་ལྷ་ཁང་ནི་མཆོད་རྟེན་རིན་པོ་ཆེའི་གཡས་མདུན་དུ་ཡོད་པའི་ལྷ་ཁང་དེ་ཡིན་ལ། མཆོད་རྟེན་ཕྱོགས་ཀྱི་ཁང་མིག་དང་པོ་དེའི་ནང་དུ་ཞལ་འགྱུར་ཏྰ་ར་དང་། ཆུ་ཀླུ་སྒྲོལ་མ། ཧ་ཧ་ཏྰ་ར་སོགས་མིང་གསུམ་ལ་ངོ་མཚར་བའི་ལོ་རྒྱུས་སོ་སོ་དང་འབྲེལ་བའི་བཤད་པ་ཆག་ལོ་ཙྰ་པའི་རྣམ་ཐར་དུ་ཡོད་པས་ཞིབ་པར་གཟིགས་སྤྲོ་བ་ཚོས་དེར་གཟིགས་འཚལ།

བཅུ་གཉིས་པ་ནི། མཆོད་རྟེན་འདི་ནི་སྟོན་པ་ཐོག་མར་གནས་འདིར་བྱོན་སྐབས་གནས་འདིར་བཞུགས་ཏེ་ཞལ་ནས་འོད་ཟེར་སྤྲོས་ནས་བྱང་ཆུབ་ཀྱི་ཤིང་དངོས་མ་ཡིན་གཞན་རྣམས་བསྲེགས་པའི་གནས་ཡིན་ཞེས་དགེ་ཆོས་ཀྱི་ལམ་ཡིག་ཏུ་གསལ།

བཅུ་གསུམ་པ་ནི། བཅོམ་ལྡན་རིག་གྱི་རྡོར་གདན་རྣམ་བཤད་ལས། རྡོ་རྗེ་གདན་གྱི་རྒྱང་གྲགས་གཉིས་ན་མཚོ་གཅིག་ཡོད་པའི་ཤར་ཕྱོགས་སུ་ཀླུའི་རྒྱལ་པོ་བཏང་བཟུང་དང་ཕྲད་པའི་ས་ན་མཆོད་རྟེན་དང་མཚོའི་ནང་ནས་སངས་རྒྱས་ཀྱི་མདུན་དུ་རྡོའི་ཐེམ་སྐས་བྱུང་བ་ཡོད་དོ།། ཞེས་དང་། ཀླུའི་རྒྱལ་པོ་བཏང་བཟུང་གི་སྦྲུལ་གྱི་ལུས་ཀྱིས་སྐུ་ལ་དཀྲིས་ཏེ་གདེངས་ཀས་དབུ་བཀབ་པའི་ཤུལ་ན་ཟངས་གླིང་པས་བྱས་པའི་མཆོད་རྟེན་གྱི་ནང་སྐུ་དེ་འདྲ་བ་ཡོད་དོ།། ཞེས་གསུངས་པ་ལྟར། མཆོད་རྟེན་གྱི་ལྷོ་ཕྱོགས་མཆོད་རྟེན་གྱི་ལྕགས་ཕྱི་མའི་ནང་དུ་ཡོད་པའི་མཚེའུ་ཆེན་པོ་དེར་སངས་རྒྱས་ཀླུ་རྒྱལ་བཏང་བཟུང་དང་ཕྲད་པའི་གནས་ཡིན་ཞིང་། མཚེའུ་ཆེན་པོ་དེའི་དཀྱིལ་དུ་གོང་གི་ལོ་རྒྱུས་རྣམ་ཐར་མཚོན་ཆེད་སངས་རྒྱས་དབུ་ལ་སྦྲུལ་གྱི་གདེངས་ཀ་ཅན་ཞིག་བཞེངས་འདུག །

བཅུ་བཞི་པ་ནི། མཆོད་རྟེན་རིན་ཆེའི་ལྷོ་ཕྱོགས་མཆོད་རྟེན་རིན་པོ་ཆེའི་ལྕགས་རི་ཕྱི་མའི་ནང་དུ་ཡོད། དེའང་སངས་རྒྱས་ཀླུ་རྒྱལ་བཏང་བཟུང་དང་ཕྲད་པའི་གནས་སུ་འགྲོ་བའི་ལམ་དུ་ཡོད་པའི་རྡོ་རིང་འདི་ཡིན། རྡོ་རིང་འདི་ནི་ཐོག་མ་ནས་གནས་འདིར་ཡོད་པ་མ་ཡིན་པར། དང་པོ་ཆུ་བོ་ནེེ་རཉྫནའི་འགྲམ་དུ་ཡོད། དེའང་ཆོས་རྒྱལ་ཨ་ཤོ་ཀས་སངས་རྒྱས་ཀྱི་མཛད་པ་གལ་ཆེན་བསྐྱངས་བའི་གནས་རྣམས་སུ་ལོ་རྒྱུས་ནང་ངོས་འཛིན་དང་ཆེ་མཐོང་གསལ་པོར་གནས་ཆེད་རྡོ་རིང་དང་མཆོད་རྟེན་མང་དུ་བཞེངས་ཡོད་པ་བཞིན། གནས་འདི་ལའང་རྡོ་རིང་བསླངས་པ་ཞིག་ཡིན། འདི་ལ་ཐོག་མར་གཞུ་འདོགས་བཅུ་གསུམ་ཡོད། ཅེས་རྡོ་གདན་དཀར་ཆག་ཏུ་འཁོད། ཁ་ཆེས་གཏོར་བཅོམ་བྱས་ཏེ་དོམ་བུར་སོང་བར་བཤད། ཆག་དུམ་འདི་ཡུན་རིང་བདག་མེད་དུ་ལུས་རྗེས། ཕྱིས་རྒྱ་གར་གནའ་ཤུལ་ཁང་གིས་མཆོད་རྟེན་ལྷོ་ཕྱོགས་འདིར་བཙུགས་པར་བཤད།

བཅོ་ལྔ་པ་ནི། བྱང་ཆུབ་ཀྱི་ཤིང་མ་ཡིན་པ་ཚིག་པའི་སོལ་བ་སྤུངས་པའི་ས་ན་སྐྱེས་པའི་བྱང་ཆུབ་ཀྱི་ཤིང་ཡིན་ལ། ད་ལྟ་མཆོད་རྟེན་གྱི་བྱང་ངོས་ལྕགས་རི་ཕྱི་མའི་ཕྱི་ན་མཆོད་རྟེན་ནང་དུ་འགྲོ་མཁན་རྣམས་ཞིབ་བཤེར་བྱེད་སའི་ས་ཚིགས་ཀྱི་ཉེ་ཤོས་ཀྱི་བྱང་ཆུབ་ཀྱི་ཤིང་སྡོང་ཆེན་པོ་འདི་གཙོ་བོ་ཡིན། ཡིན་ནའང་ས་འདིར་བྱང་ཆུབ་ཀྱི་ཤིང་སྡོང་གསུམ་ཙམ་འདུག་པས་གསུམ་ཀའང་ཡིན་ཆོག་པར་འདུག །

བཅུ་དྲུག་པ་ནི། མཆོད་རྟེན་རིན་པོ་ཆེའི་ཤར་གྱི་ལྕགས་རི་ཕྱི་མའི་ཤར་སྒོ་ནས་ཡར་ཙམ་ཕྱིན་ན་ཕྱི་རུ་ཐོན་སའི་བྱང་སྒོ་ལ་མ་སླེབས་ཙམ་ན་ནང་དུ་འཛུལ་ས་ཞིག་ཡོད་པ་དེར་ཕྱིན་ན་རྡོའི་དཀྱིལ་འཁོར་ཆེན་པོ་ཞིག་འདུག །དཀྱིལ་འཁོར་དེའི་སྟེང་དུ་མཐའ་ནས་མེ་རི་དང་། རྡོ་ར། པདྨ། དེ་ནས་དཀྱིལ་འཁོར་གྱི་རི་མོ་སོགས་ཡོད་པའི་དཀྱིལ་འཁོར་འདི་ནི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད་ཅེས་ལོ་རྒྱུས་འགར་གསལ་བ་དེ་ཡིན་ནམ་སྙམ་པ་དང་། ཆག་ལོ་དང་། བཅོམ་ལྡན་རིག་རལ་གྱི་གསུང་དང་ལེགས་པར་འབྱོར་བས་ཡིད་ཆེས་པའི་གནས་ཡིན་ལ་གཞན་མང་དུ་བཤད་པར་དཀའ་ཞེས་དགེ་ཆོས་ཀྱིས་གསུངས།

བཅུ་བདུན་པ་ནི། དཀྱིལ་འཁོར་ཡོད་སའི་གནས་དེ་རང་དུ་དུར་ཁྲོད་ཅིག་ཡོད་ཅིང་། དེ་ནི་དུར་ཁྲོད་ཆེན་པོ་བརྒྱད་ལས་ཧ་ཧ་རྒོད་པའི་དུར་ཁྲོད་ཡིན། གནས་དེར་རྡོ་རྗེ་གདན་གྱི་སྲུང་མ་མགོན་པོ་ཞལ་བཞི་པ་བཞུགས་པར་བཤད། གནས་དེར་དགོང་མོར་སྒོམ་སྒྲུབ་བྱེད་མཁན་དང་། གནས་མཇལ་བྱེད་མཁན་ལ་འཕྲོག་བཅོམ་ལྐོག་གསོད་བྱས་པའི་གནས་ཚུལ་མང་པོ་ཡོད་ཅིང་། མུན་རུབ་པ་ན་གནས་དེར་ཁེ་རུ་འགྲོ་མི་རུང་བའི་བསླབ་བྱའང་མང་དུ་ཐོས་ཀྱང་། ཁོ་བོ་གནས་དེར་གཅིག་པུར་ཕྱིན་ཅིང་། ཕྱིན་དུས་མུན་རུབ་སོང་ཡང་ཅུང་ཞེད་པ་ཙམ་ལས་གནས་ཚུལ་གཞན་གང་ཡང་མ་བྱུང་།

2023-1-4-ལ་མཇུག་གྲུབ།

གསལ་བཤད། ད་དུང་ཞིབ་ཆ་ཅུང་བཟོ་འདོད་ཀྱང་བྲེལ་བས་སྤེལ། རྗེས་སུ་ཁ་སྣོད་བྱེད་ངེས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*