དགུན་ཟླའི་ཁྲོད་ནས་ཁྱེད་རང་དྲན།

དཀར་མཛེས། རང་མདངས།

ཉི་མའི་འོད་སྣང་སྤྲིན་གྱིས་སྲིབ་ཐལ། །
རླུང་བསེར་དུམ་བུ་རི་ལུང་ལྡང་བྱུང་། །
ཐལ་རྡུལ་སྐྱ་བོ་མཁའ་ལ་འཕུར་སོང་། །
མ་བཅོས་སེམས་ནས་ཁྱོད་རང་དྲན་བྱུང་། །

རི་མགོར་ཁ་བའི་ན་བུན་འཐིབ་ཐལ། །
གྲང་བཤེར་འཁྱགས་ཀྱིས་ལུས་འདི་ངར་བྱུང་། །
འདི་སྣང་རྒོད་པའི་སེམས་ཀྱི་རྟ་ཕོ། །
མ་འབད་ངང་གིས་ཁྱོད་དང་འགྲོགས་སོང་། །

དགུན་གཞུང་ཐལ་བ་ཡིད་ལ་དྲན་ན། །
མི་འདོད་མིག་ཆུ་དབང་མེད་ལྷུང་གི །
རྒྱང་རིང་དབྱར་གཞུང་རེ་སྒུག་ཁྲོད་ནས། །
ཉིན་མཚན་རེ་རེ་རྫོགས་ཐབས་མ་བྱུང་། །

ལྷན་སྐྱེས་སྙན་འཇེབས་ཁུ་ལོ་བསམ་ནས། །
རྣམ་རྟོག་དྲི་བཞོན་ཕྱོགས་བཞིར་འཕུར་ཡང་། །
རེ་སྒུག་རྫོགས་པའི་ལོ་ཟླར་ཅེར་ནས། །
མཚན་ཕྱེད་ནམ་གུང་གཉིད་གཅིག་མ་འོང་། །

ཆུ་ཕྲན་རེ་རེ་ཆབ་རོམ་གྱུར་དུས། །
དལ་འགྲོའི་སྙན་དབྱངས་ཡིད་ལ་འཇགས་ནས། །
དགུན་ཟླས་འཚིར་བའི་གྲང་རླུང་གསེབ་ནས། །
བྱམས་པའི་བདེ་སྡུག་ཡིད་ལ་དྲན་ཀི །

ཨ་ལན་མེད་པའི་རྒྱང་ལ་བསྐུར་བའི་འཕྲིན་པ་ཐར་ཐོར།

གྲོགས་བཟང་ལྟ་བུའི་ངོ་ཤེས་མི་ཆེ་རུང་། །
ཚེ་སྔོན་ལས་ཀྱི་མི་ལྡོག་བཀའ་ཡིག་དེས། །
ཁྱོད་གཅེས་བྱམས་ཞིང་སྙིང་ལ་སྡུག་པ་འདི། །
མ་བཅོས་ངང་གིས་སེམས་ལ་ཝ་ལེར་འཆར། །

དགའ་ས་ཡོད་རག་གི་ངག་ཚིག་དེ་དག །
ཁྱོད་དུང་ཁོ་བོ་ཡི་རྣ་བར་ཐོས་ན། །
མི་འདོད་མིག་ཆུ་ཞིག་མ་ལྷུང་དབང་མེད། །
སེམས་སྡུག་ངང་ཚུལ་འདི་དྲན་ན་སྐྱོ་བ། །

མ་འདྲིས་དུང་ཞེན་ཟེར་ཁ་ཡག་ཡིན་མོད། །
མ་སྒྲིག་ཚེ་རབས་ཀྱི་སྔོན་ལས་དབང་གིས། །
ཁྱོད་དགའ་ཁྱོད་དུང་གི་བག་ཆགས་ཞིག་འདི། །
ལས་ཀྱིས་འུ་ཅག་ལ་བཞག་པ་མིན་འགྲོ། །

བུ་མོའི་ལྟ་ཕྱོགས་ཀྱི་ཐུགས་དགོངས་རེ་རེ། །
བུ་ཆུང་སེམས་པ་དང་ལྷག་ལྷག་མཐུན་པས། །
མ་གྲོས་རང་འགྲིག་གི་སེམས་ཀྱི་དབྱིངས་ན། །
གཡུ༵་ཆུ༵ང་འཚོལ་འདོད་ཀྱི་བརྡ་མཚོན་འབྱོར་སོང་། །

འུ་གཉིས་བཞད་ས་མི་གཅིག་ས་ཐག་རིང་ཡང་། །
བརྩེ་སེམས་འདང་ཆེན་རི་མོ་སེམས་ལ་བྲིས་ན། །
ཡུལ་དང་བསྐལ་བས་བཅད་ཀྱང་སེམས་ཀྱི་ཟེགས་མ། །
ལྷན་འཛོམས་གཅིག་ཏུ་རོལ་བའི་ཏིང་འཛིན་སྒོམ་ཆོག །

ཁྱོད་ཀྱི་རོགས་དང་རོགས་ལོའི་ཐ་སྙད་མ་བཞེས། །
ད་ཡོད་ད་མེད་འགྱུར་བའི་ངང་ཚུལ་འདུག་པས། །
བདག་གི་རྣམ་རྟོག་མིག་ཟུང་ཁྱོད་ལ་ཅེར་ནས། །
ནམ་ཞིག་སྐལ་བཟང་དེ་ལ་རེ་སྒུག་བྱ་འདུག །

བསླུ་རྫུན་ཡོད་ཡོད་ཁ་པོའི་འཇིག་རྟེན་འདི་ན། །
བདེན་དོན་དམ་ཆོས་འདྲ་ལེ་རྙེད་པ་དཀའ་ཡང་། །
བདག་གི་ཚིག་གསུམ་དབྱངས་ཀྱི་འཕྲིན་པ་འདི་ག །
སྙིང་ཀླུང་དལ་འགྲོ་རིང་མོ་ཁྱོད་ལ་བཞུར་ཡོད། །

འདྲིས་འདྲིས་ལོ་ཟླ་ཟད་ནས་ཆ་རྒྱུས་དེ་མེད་རུང་། །
ཡོད་ཡོད་འདྲ་བའི་སྣང་བ་ངང་ཚུལ་དུ་འཆར་དུས། །
ཨ་ཅེ་གཡུ་ཆུང་སྒྲོལ་དཀར་ནང་སེམས་སུ་དྲན་ནས། །
མ་བཅོས་སེམས་ཀྱི་ཁུར་བོ་དབང་མེད་དུ་ཤོར་སོང་། །

ལས་ཀྱི་འཕེན་པ་ཞིག་གིས་ཨེ་ཡིན་ན་བསམ་བྱུང་། །
ཁྱོད་འཕྲད་ནས་བཟུང་བར་གྱི་ཉིན་མཚན་གྱི་སྣང་བ། །
ལྡོག་མེད་གཅིག་ཏུ་ཤར་བ་ཁྱོད་རང་དུ་འདུག་པས། །
ད་ལྟའི་ཉིན་མཚན་དབྱེར་མེད་ཁྱོད་ཉིད་གཅིག་གླེང་འདུག །

དང་པོ་ཨེ་ཡིན་དོགས་པ་དྲ་རྒྱ་རུ་ཆུད་ཀྱང་། །
བར་དུ་རང་ཚུགས་མི་བརྟན་གློ་བུར་དུ་དྲན་པ། །
ཐ་མ་ཁྱོད་ལ་ལུས་པའི་བག་ཆགས་དེ་སད་པས། །
ཡོད་ཚད་ག་ཤེད་གཅིག་ནས་ཁྱོད་རང་ལ་ཅེར་འདུག །

མ་བཅོས་སེམས་ཀྱི་འཆར་སྒོ་ཁོ་ན་ཞིག་ཡིན་པའི། །
ལྷན་སྐྱེས་ངག་གི་དགུ་ཚིགས་དབྱངས་གསལ་གྱི་ཀློང་ནས། །
བདག་གི་ཚོར་བ་ཟ་ཟའི་དགའ་དུང་དེ་གླེང་བས། །
བུ་མོའི་ཐུགས་དང་འགལ་ན་བཟོད་པ་རེ་གསོལ་ལོ། །

ཡིད་ཆེས་ཀྱི་མི་སྣས་འདྲེན་པའི་སྐྱོ་གདུང་།

ལོ་མང་ངལ་བས་རྙེད་པའི་མགོ་བདེ་མས། །
ཁ་སྙན་སྟོང་པའི་སྐྱ་གླུའི་ཚིག་འཇམ་དེས། །
ནམ་ཞིག་གཡོ་འོག་བསྡུས་པའི་དུས་དེ་ནས། །
ང་ཡི་མིག་ཆུ་ཐེངས་མང་ལྷུང་མགོ་བརྩམས། །

སྙིང་ནས་བྱམས་ཤིང་བདག་གི་སྲོག་ལྟར་གཅེས། །
ཤ་དང་ཁྲག་ལས་མ་གྱེས་སེམས་ཁོངས་ནས། །
ཚེ་གཅིག་འདུན་མའི་སྨོན་ལམ་ལན་ཆགས་དེ། །
སྐད་ཅིག་ཐང་ཆིག་ངང་དུ་ཡལ་དུས་སྐྱོ། །

རྒྱང་རིང་བསྐལ་བས་བཅད་ཀྱང་སེམས་ཐག་ཉེ། །
མཚན་གཞུང་རྨི་ལམ་ཞིང་དུ་ཁྱོད་ཀྱིས་ཁེངས། །
ཞོགས་པའི་ཇ་ཕོར་གསེབ་ཀྱི་མིག་མདུན་ན། །
སྣང་བ་ཞལ་རས་ཁོ་ན་སྟོང་པ་རེད། །

ནང་སྟོང་ཚིག་གི་རྩལ་ལས་གཡོ་བའི་ངག །
འདང་སེམས་རི་མོའི་སྣང་བ་ལན་མང་བསླུས། །
ཡ་ཆུང་སྙིང་ཁོངས་དབུས་ཀྱི་སྐྱོ་གདུང་འདི། །
གྲོགས་པོ་སུ་དང་གང་གིས་སེལ་ཐབས་ཡོད། །

ཀྱག་ཀྱོག་ལམ་བུ་དེད་ནས་ལོ་གཞོན་གྱུར། །
དཀའ་སྡུག་ལན་མང་ཁྲོད་ནས་ཚར་ལོང་བྱས། །
སྡུག་གི་མཆི་མ་ཐེངས་རེ་གཏོར་ན་ཡང་། །
ཁྱོད་ཀྱིས་བྱིན་པའི་མིག་ཆུ་འགྲན་ཕོད་དམ། །

ཞེ་དཀར་འདང་ཆེན་རི་མོའི་གཏིང་རུམ་ནས། །
སྙིང་སྡུག་བུ་མོ་ཞིག་ལ་བློ་དཀར་གྱི། །
ཐུགས་སེམས་གཅིག་ཏུ་མ་གཏོང་ནམ་ཞིག་ལ། །
གཡོ་འགུལ་སྙིང་ལ་གཟེར་ནས་སྐྱོ་དུས་ཕྱི། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*