བྱང་ཆུབ་མཆོད་པའི་མེ་ཏོག

སྣ་ཚོགས་སྤྱོད་པས་གཉིས་མེད་ལམ་བཟང་སྟོན། །

བསམ་གཏན་དག་པས་འཁྲུལ་ཞིག་ལྟ་བ་སྐྱོང་། །

ཐུགས་རྗེ་ཆེན་པོས་རིས་མེད་བསྟན་འགྲོར་དགོངས། །

འཇམ་དབྱངས་མཁྱེན་པའི་གཏེར་གྱུར་དེ་ལ་འདུད། །

ཐོག་མར་བྱང་ཆུབ་སེམས་ཀྱི་བསླབ་པ་སྩལ། །

བར་དུ་བཟང་པོ་སྤྱོད་པའི་གནས་ལུགས་བསྟན། །

དུས་གསུམ་དུས་མེད་རྟོགས་པའི་ཐུགས་རྗེ་ཅན། །

འཇམ་དཔལ་དབྱངས་དངོས་རྫོང་སར་མཁྱེན་བརྩེ་མཁྱེན། །

སྐུ་ཡི་བཀོད་པ་འབྲུག་གི་ཡུལ་དུ་བལྟམས། །

གསུང་གི་འཕྲིན་ལས་གངས་རིའི་གཉེན་དུ་ཤར། །

ཐུགས་ཀྱི་སྒྱུ་འཕྲུལ་སྣ་ཚོགས་འགྲོ་ལ་སྟོན། །

གསང་གསུམ་འབྱམས་ཀླས་བླ་མ་ཁྱེད་ལ་བསྟོད། །

བཤེས་གཉེན་བཙན་པོའི་བྱ་རས་ཁྱེད་མ་ནོན། །

ཕྱག་མཛོད་རྫིག་པོའི་རྒྱས་སྤྲོས་ཁྱོས་མ་འདོད། །

རང་ལམ་རང་གིས་བཙལ་བའི་མཐུ་སྟོབས་ཅན། །

དུས་རབས་གསར་པའི་སྟོན་པ་རྫོང་སར་ཚང་། །

ལ་ལའི་མིག་སྔར་བུད་མེད་བཞིན་དུ་རྒྱུ། །

འགའ་རེའི་མདུན་ན་སྨྱོན་པའི་བརྟུལ་ཞུགས་འཛིན། །

མ་ངེས་གོས་དང་སྣ་ཚོགས་སྤྱོད་པ་ཅན། །

གཉིས་མེད་གྲུབ་པའི་སྒྱུ་འཕྲུལ་བློ་ལས་འགོངས། །

འཇིག་རྟེན་ལུགས་དང་དམ་ཆོས་མ་བརྗེས་ཤིང་། །

ཚུལ་འཆོས་སྨག་གི་དྲྭ་བར་མ་ཚུད་པར། །

འོད་གསལ་རང་ངོ་ཟིན་པའི་ཏིང་འཛིན་གྱིས། །

ཤར་ནུབ་འགྲོ་བ་འདུལ་མཛད་ཁྱེད་ལ་གུས། །

རྫོགས་ཆེན་བཤད་ན་ཀློང་ཆེན་དངོས་དང་འདྲ། །

ལམ་འབྲས་གོ་བ་གོ་རམས་ལས་མི་ཆུང་། །

ཕྱག་ཆེན་བཀའ་གདམས་བུ་དོལ་ལ་སོགས་པ། །

རིས་མེད་བསྟན་པའི་གཉེན་ཁྱེད་སྐུ་ཚེ་བརྟན། །

ཅེས་པའང་རིས་མེད་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སྔ་ནས་བྱང་ཆུབ་སེམས་སྡོམ་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཀའ་ཁྲིད་ཟབ་མོ་ནོད་པའི་སྐལ་བཟང་ཐོབ་པའི་དྲན་རྟེན་དུ་ཨ་འདུས་པས་གནས་མཆོག་རྡོ་རྗེ་གདན་གྱི་རང་སྤྱིལ་དུ་ཤར་མར་བྲིས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*