མདོ་རྒྱུད་ལས་བྱུང་བའི་ཟུང་འཇུག་ཅེས་པའི་དོན་ཅུང་ཟད་བཤད་པ་བློ་གསལ་དགའ་བའི་ལེགས་སྐྱེས།

མཁན་པོ་ནོར་བུ་ཚེ་རིང་ངམ་ང་ཆེན་པོ། 

མདོ་རྒྱུད་ལས་བྱུང་ཟུང་འཇུག་ཅེས་པའི་དོན།། ཅུང་ཟད་དཔྱད་ན་འདི་ལྟར་ཡིན་པར་འདུག། ཟུང་འཇུག་པ་ལ་ཆོས་གཉིས་དགོས་པ་ངེས།། ཆོས་གཉིས་བར་ལ་འབྲེལ་བ་གཏན་མེད་ན།། ཟུང་འཇུག་ཅེས་པའི་གོ་དོན་བཤད་རྒྱུ་མེད།། དེས་ན་འབྲེལ་བ་ཞིག་ནི་ངེས་པར་དགོས།།

སྐབས་འདིའི་འབྲེལ་བའི་དོན་ལ་བསམ་བཞག་ན།། ངོ་བོ་གཅིག་དང་དེ་ལས་བྱུང་བ་དང་།། དེ་ལས་གཞན་པའི་འབྲེལ་བ་ཞིག་དང་བཅས།། ཧ་ལམ་གསུམ་གྱི་ནང་དུ་འདུས་པར་ངེས།།

བདེན་པ་གཉིས་དང་སྣང་སྟོང་གཉིས་ལ་སོགས།། བདག་གཅིག་འབྲེལ་བས་ཟུང་དུ་འཇུག་པ་ཡིན།། སྟོང་པ་གཟུགས་དང་གཟུགས་ཉིད་སྟོང་པ་དང་།། སྣང་བ་སྟོང་དང་སྟོང་ཉིད་སྣང་བས་ཤེས།།

ཚོགས་གཉིས་ཟུང་འཇུག་ལྟ་བུའི་འབྲེལ་བ་ནི།། དེ་བྱུང་འབྲེལ་བ་ཡིན་པར་རིགས་པས་གྲུབ།། ཡབ་ཡུམ་ཟུང་འཇུག་ཅེས་པའི་འབྲེལ་བ་འདི།། ཁྱོ་ཤུག་འབྲེལ་བའི་དོན་དུ་བཤད་ན་བདེ།།

དེས་ན་ཟུང་འཇུག་ཅེས་པའི་གོ་བ་ཡང་།། ཐམས་ཅད་གཅིག་ཏུ་མི་བྱ་རྣམ་གསུམ་ཡོད།། འདི་ནི་མདོ་རྒྱུད་ལས་བྱུང་ཟུང་འཇུག་དོན།། དབྱེ་བའི་ཚུལ་གྱིས་ཅུང་ཟད་བཤད་པ་ཡིན།།

ད་ནི་ཞིབ་ཏུ་དཔྱད་པ་འཇུག་པའི་ཡུལ།། གནད་དོན་ཁག་གཅིག་ཟུར་དུ་བཀོལ་བྱས་ནས།། རེ་རེ་བཞིན་དུ་བཤད་པ་སླ་བ་དང་།། ཉན་པ་བདེ་བའི་ལམ་ནས་འཇུག་པར་བྱ།།

བདེན་པ་གཉིས་དང་སྣང་སྟོང་གཉིས་ལ་སོགས།། གཉིས་སུ་ཕྱེ་ནས་ཟུང་དུ་འཇུག་གོ་ཞེས།། རྣམ་གཞག་བྱེད་མོད་དོན་དུ་ཆོས་གཅིག་ཉིད།། བློ་ཡིས་སོ་སོར་ཕྱེ་ནས་སྦྱར་བ་ཡིན།།

དཔེར་ན་བུམ་པ་ཞིག་ལ་ཆག་བཞག་ན།། རང་བཞིན་སྟོང་པ་དོན་དམ་བདེན་པ་དང་།། ངོ་བོ་ཆུ་སྐྱོར་ནུས་པ་ཀུན་རྫོབ་ཡིན།། བུམ་པའི་སྟེང་དུ་གནས་སྣང་གཉིས་པོ་དེ།། ཚང་བར་ཟུང་དུ་འཇུག་པའི་ཚད་དུ་འཇོག།

གང་རུང་མ་ཚང་ན་ནི་རྟག་ཆད་དང་།། དངོས་པོ་འཇིག་པའི་རྒྱུ་སོགས་སྐྱོན་མང་ན།། བརྟགས་ན་སྤྲོས་མེད་རང་བཞིན་སྟོང་པ་དང་།། མ་བརྟགས་སྤྲོས་བཅས་སྣང་བས་མ་སྟོང་པ།། འདི་གཉིས་གལ་གནད་ཆེ་ཆུང་འདྲ་འདྲ་ཡིན།།

སོ་སོར་མེད་ན་གཅིག་ཏུའང་བྱ་མེད་པས།། ཟུང་དུ་འཇུག་པའང་རྟོག་པས་བཏགས་པ་ཙམ།། ཡིན་གྱི་དོན་གྱི་ངོས་ནས་ཐ་དད་མེད།། དེ་ལྟར་གཉིས་སུ་མེད་པའི་དོན་ཉིད་ལ།། ཟུང་འཇུག་ཅེས་པའི་མིང་གིས་བཏགས་པ་ཙམ།།

ཀུན་རྫོབ་སྣང་བ་འདི་ཉིད་སྣང་བཞིན་དུ།། རང་བཞིན་སྟོང་དང་ངོ་བོ་ཟུང་དུ་འཇུག། འོན་ཀྱང་ཟུང་འཇུག་ཆོས་ཅན་སྣང་བ་དང་།། ཆོས་ཉིད་སྟོང་པ་ཡིན་ཞེས་མི་བརྗོད་དོ།།

བདེན་གཉིས་ཐ་དད་སྣང་བར་སྣང་ཚུལ་དང་།། ཐ་དད་མེད་པར་སྣང་བ་གནས་ཚུལ་ཡིན།། དེ་ལྟར་བློ་གཉིས་རྗེས་ཀྱི་བློ་ཞིག་གིས།། ཟུང་དུ་འཇུག་གོ་ཞེས་སུ་རྟོག་པར་བྱེད།།

སྣང་བ་སྟོང་དང་སྟོང་པ་སྣང་བས་ན།། སྣང་སྟོང་གཉིས་པོ་ངོ་བོ་གཅིག་ཏུ་འབྲེལ།། ནམ་ཡང་འདུ་བྲལ་མེད་པའི་གནས་ཚུལ་འདི།། གཅིག་ཉིད་གཞན་ཉིད་མ་ཡིན་ཟུང་འཇུག་ཡིན།།

སྣང་བའི་ཐོག་ནས་བསོད་ནམས་ཀྱི།། ཚོགས་ཆེན་རྫོགས་པར་བྱེད་དགོས་ཤིང་།། སྟོང་པའི་སྟེང་ནས་ཡེ་ཤེས་ཀྱི།། ཚོགས་བསག་དགོས་པར་གནད་ཀྱི་དོན།།

གནས་ལུགས་ངོས་ནས་ཟུང་དུ་འཇུག། སྣང་དང་སྟོང་པ་ཁོ་ན་མིན།། དེ་ལྟར་གྲུབ་པའི་གྲུབ་དོན་ཉིད།། ཇི་བཞིན་ཤེས་ན་ལྟ་བ་ཡིན།།

དོན་དམ་ངོས་ནས་སྣང་བ་དང་།། སྟོང་པ་གཉིས་ཀ་འཇོག་ཏུ་མེད།། སྣང་སྟོང་གཉིས་ཀྱི་ཕ་རོལ་ན།། ཟུང་འཇུག་ཅེས་པའི་མིང་ཡང་མེད།།

སྣང་བ་རྫོགས་ནས་སྟོང་པ་ཡང་།། ཟད་པའི་མཐའ་ན་ཟུང་འཇུག་ཅེས།། བརྗོད་པ་བྲལ་བའི་ཚུལ་ཅན་གྱི།། གནས་ལུགས་འཚོལ་བར་ངལ་བའི་རྒྱུ།།

སྣང་དང་སྟོང་པ་ཟུང་འཇུག་གསུམ།། སྐུ་དང་ཡེ་ཤེས་རང་རིག་གསུམ།། བསྐྱེད་རྫོགས་ཡེ་ཤེས་གསུམ་སོགས་ནི།། ཀུན་རྫོབ་ཡིན་གྱི་དོན་དམ་མིན།།

དོན་དམ་བརྗོད་པའི་མཐའ་ལས་འདས།། རྣམ་པར་གཞག་པའི་སྤྲོས་པ་མེད།། སེམས་ཅན་སངས་རྒྱས་ཀྱང་མེད་ན།། ཟུང་དུ་འཇུག་པ་ཇི་ལྟར་བཤད།།

སྤྱི་ན་ངོ་བོ་གཅིག་པའི་ཆོས་འདི་དག། ཐམས་ཅད་དོན་གཅིག་མ་ཡིན་སོ་སོ་ཡོད།། རྫས་དང་ཡོན་ཏན་རང་བཞིན་ནུས་པ་སོགས།། མཐོང་དང་མི་མཐོང་ཆ་ཤས་དུ་མར་འགྱུར།།

དཔེར་ན་བུམ་པའི་སྟེང་གི་ཡོན་ཏན་་དང་།། ནུས་པའི་ཆ་འགའ་བུམ་འཛིན་མིག་ཤེས་ཀྱི།། ཡུལ་དུ་མི་འགྱུར་ལྟ་བ་མི་ནུས་པས།། དེ་དག་མིག་གི་ཤེས་པས་མཐོང་བ་མེད།།

དོན་གྱི་རང་གི་ངོ་བོ་གཅིག། བདག་ཉིད་མངོན་སུམ་ཡིན་པ་ལ།། ཚད་མ་རྣམས་ཀྱིས་བརྟག་བྱ་གང་།། མ་མཐོང་ཆ་གཞན་ཅི་ཞིག་ཡོད།།

ཅེས་པའི་གཞུང་འདིའང་ཇི་བཞིན་སྒྲས།། བཤད་པར་མི་ནུས་གཞན་དུ་འཆད།། འདིའང་མཁས་པ་གོང་མའི་གཞུང་།། ཞིབ་ཏུ་བལྟས་ན་གསལ་བར་ངེས།།

རང་བཞིན་གནས་སྐབས་གྲུབ་དུས་སོགས།། རྫས་གཅིག་པ་ལ་དུ་མ་ཞིག། བཤད་པ་འདི་འདྲ་མཁས་པའི་གཏམ།། ཡིན་གྱི་བླུན་པོའི་ལུགས་ལ་མེད།།

མདོ་རྒྱུད་རྒྱ་མཚོའི་འཇིང་ལ་སླེབས་པ་ན།། ངོ་བོ་གཅིག་ཀྱང་གོ་དོན་མི་གཅིག་པའི།། དཀའ་གནད་རྦ་རླབས་དྲག་ཏུ་འཁྲུག་པའི་དུས།། ལྷོད་ཀྱིས་གློད་ནས་ནན་གྱིས་མདུན་དུ་སོང་།།

དེ་འདྲ་ཞིག་ནས་དེ་དང་འབྲེལ་བ་ཡི།། ཀླུ་སྒྲུབ་རྒྱ་མཚོའི་གསུང་གི་དུམ་བུ་ཞིག། མཇལ་བའི་མོད་ལ་རྒྱ་མཚོའི་རྦ་རླབས་དག། རང་སར་ཞི་ནས་ཡིད་ཀྱི་དགའ་སྟོན་གྱུར།།

དེས་ན་ངོ་བོ་གཅིག་པའི་ཆོས་ཡིན་ཡང་།། ཕན་ཚུན་ཡིན་པའི་ངེས་པ་མེད་པས་ན།། གཅིག་ཤོས་མཐོང་བས་གཞན་དེ་མཐོང་བ་ཡི།། ངེས་པར་མི་འཛིན་རྟོགས་པར་མི་བཤད་དོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*